སྡེབ་སྦྱོར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སྡེབ་སྦྱོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག)

༡ སྙན་ངག་ཚིགས་བཤད་ཀྱི་ཡི་གེའི་སྒྲ་ལྕི་ཡང་སྒྲིག་ཚུལ་ལམ་དེ་སྟོན་པའི་དཔེ་ཆའི་མིང་། ༢ ཕྱུགས་ཀྱི་སྡེབ་སྦྱོར། མོ་ཕྱུགས་དང་སོན་ཕྱུགས་བསྡེབས་ནས་ཕྱུགས་རྒྱུད་སྤེལ་བའི་བྱ་བའི་མིང་།
1 ལོ་ཙཱ།

རྒྱ་ཡིག 结合,拼写声,声律学

དབྱིན་ཡིག 1.poetry, poetics 2.breeding animals 3.constructing words from prefix letters 4.one of the five minor 5.sexual intercourse

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ① སྙན་ངག་ཚིགས་བཤད་ཀྱི་ཡི་གེའི་སྒྲ་ལྕི་ཡང་སྒྲིག་ཚུལ་ལམ་དེ་སྟོན་པའི་དཔེ་ཆའི་མིང་སྟེ།  ཚིག་གི་སྡེབ་སྦྱོར།  སྡེབ་ལེགས་ཚིག་གིས་བདེ་སྐྱིད་འཚོ་བར་བསྟོད་ལྟ་བུ།  ② ཕྱུགས་ཀྱི་སྡེབ་སྦྱོར།  མོ་ཕྱུགས་དང་སོན་ཕྱུགས་བསྡེབས་ནས་ཕྱུགས་རྒྱུད་སྤེལ་བའི་བྱ་བའི་མིང་སྟེ།  བོད་ལུག་དང་སོག་ལུག་སྡེབ་སྦྱོར་བྱས་ནས་ལུག་རྒྱུད་ཇེ་ལེགས་སུ་བཏང་།  རྒོད་མ་དང་བོང་བུ་བསྡེབས་ནས་དྲེའུ་བཙས་ལྟ་བུ། 

2.བརྡ་དག་མིང་ཚིག་གསལ་བ་ལས།  ཚིག་གི་སྡེབ་སྦྱོར་ལྟ་བུ།  编韻,如文字之编韻(古代印度传来的做诗讲求声韵的一种学问)。【增】1.歌咏吠陀中的一种教义。2.诗歌。﹝达﹞配合,编辑。﹝本’﹞

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།  རྒྱ་གར་གྱི་སྐད་ལྕི་ཡང་གི་སྒྲ་སྡེབ་པའི་རྩོམ་ཚུལ་ཞིག   སྤྱིར་སྡེབ་སྦྱོར་ལ་རྒྱ་གར་སྐད་ཀྱི་དབང་དུ་བྱས་པའི་སྡེབ་སྦྱོར་དང༌། བོད་སྐད་ཀྱི་དབང་དུ་བྱས་པའི་སྡེབ་སྦྱོར་གཉིས་ལས་སྐབས་འདིར་བཤད་པའི་སྡེབ་སྦྱོར་ནི་དང་པོའི་དབང་དུ་བྱས་པ་ཡིན་ཞིང༌། དེ་ནི་ཡི་གེ་ལྕི་བ་དང་ཡང་བ་སྦྱར་བའི་སྒོ་ནས་ཚིགས་སུ་བཅད་པའི་རིགས་ཞིག་སྟེ། དེ་ལ་ལུང་ལས་འབྱུང་བའི་ཚིགས་སུ་བཅད་པ་དང༌།  བསྟན་བཅོས་ནས་བཤད་པའི་ཚིགས་སུ་བཅད་པ་གཉིས་ཡོད།   དང་པོ་ནི《མངོན་པ་ཀུན་བཏུས》ལས་ཚིགས་བཅད་ལ་རྐང་པ་གཉིས་པ་ནས་དྲུག་པའི་བར་དུ་ཡོད་པར་བཤད།   གཉིས་པ་ནི།  སྡེབ་སྦྱོར་གྱི་བསྟན་བཅོས་རྣམས་ལས།  ཚིགས་བཅད་ཀྱི་སྡེབ་སྦྱོར་ལ་རྐང་པ་བཞི་རེ་ཆ་མཉམ་དུ་བསྒྲིགས་པ་ཞིག་སྟེ་དེ་ལ་ཡི་གེ་བགྲང་བ་པྲིཏ་དང་ཛཱ་ཏི་གཉིས་ཡོད་པའི་པྲིཏ་ནི་ཡི་གེ་བགྲང་བ་ཞིག་ཡིན་ཅིང༌།   དེ་ལ་མཉམ་པ་དང༌། ཕྱེད་མཉམ་པ་དང༌། མི་མཉམ་པ་བཅས་གསུམ་དང༌། ཛཱ་ཏི་ནི་ཡི་གེའི་ཕྱི་མོ་བགྲང་བ་སྟེ།  དེ་ལ་འཕགས་མ་དང༌།  རོ་ལངས་ཅན།  ཕྱི་མོ་མཉམ་པ་དང་གསུམ། སྡེབ་སྦྱོར་གྱི་རྣམ་བཞག་སྟོན་པའི་གཞུང་ནི། རྒྱ་གར་དུ་ཕྱི་རོལ་པའི་པཎྜི་ཏ་དམར་སེར་ཅན་གྱིས་བརྩམས་པ《སྡེབ་སྦྱོར་གྱི་རྩ་བའི་མདོ》དང༌། དེའི་དཔེར་བརྗོད་སློབ་དཔོན་རྒྱལ་བའི་ལྷས་བརྩམས་པ་ཡོད་མེད་ཀྱང༌།  སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི 《སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས》དང༌།  དེའི་རང་འགྲེལ་གཉིས་ནི་གཞུང་ཧ་ཅང་ལེགས་པོ་ཞིག་ཡིན་ལ། བོད་དུ་ནི། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོས་མཛད་པའི《སྡེབ་སྦྱོར་གྱི་རྩ་བ་བསྡུས་པ》  ལོ་ཙཱ་བ་བྱང་ཆུབ་རྩེ་མོས་མཛད་པའི《སྡེབ་སྦྱོར་རྩ་འགྲེལ་གྱི་གཞུང》ལ་བསྒྱུར་བཅོས།   སྟག་ལུང་ལོ་ཙཱ་བ་ནམ་མཁའ་བཟང་པོས《སྡེབ་སྦྱོར་རྩ་འགྲེལ》བསྒྱུར་བཅོས་མཛད་པ།  ལོ་ཆེན་དྷརྨ་ཤིས་མཛད་པའི《སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་འགྲེལ་པ་དོན་གསལ་མེ་ལོང》  སྨོན་འགྲོ་པཎྜིཏ་ཚེ་དབང་དོན་གྲུབ་ཡབ་སྲས་ཀྱིས་མཛད་པའི《སྡེབ་སྦྱོར་གྱི་འགྲེལ་པ》དང་དཔེར་བརྗོད་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་པ་ཚོས་མཛད་པའི་སྡེབ་སྦྱོར་གྱི་གཞུང་མི་ཉུང་བ་ཡོད།  གཉིས་པ།  བོད་སྐད་ཀྱི་དབང་དུ་བྱས་པའི་སྡེབ་སྦྱོར་ནི།  ཚིགས་བཅད་ལ་རྐང་པ་དྲུག་པ་ནས་སུམ་ཅུ་སོ་ལྔའི་བར་དུ་ཡོད་པ་དང༌།   དེ་དག་སྡེབ་སྦྱོར་བྱེད་སྐབས་ཚིག་ཕྲད་དང་རྣམ་དབྱེ་སོགས་སྦྱོར་བའི་ཚུལ་དང༌།   ཚིག་བར་མང་ཉུང་སོགས་ཀྱི་རྣམ་བཞག་ཉུང་བསྡུས་དཔེར་བརྗོད་དང་བཅས་པ་ཁོ་བོས་སྙན་ངག་གི་སློབ་དེབ་ནང་བཤད་ཟིན་པས་འདིར་བསྐྱར་ལྡབས་ཀྱིས་མ་བཀོད་ལགས།

4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། ①དངོས་པོ་གཉིས་ཡན་ཆད་ཅིག་སྡེབ་ཅིང་སྦྱོར་བ།  ②བོད་ཡིག་སྔོན་རྗེས་མིང་གསུམ་བརྩེགས་འདོགས་རྣམས་བསྡེབས་ནས་སྦྱོར་བ་སྟེ་ཡི་གེའི་སྦྱོར་བ། ③རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག་སྟེ། ཚིགས་བཅད་རྩོམ་ལུགས་སོགས་ཡི་གེའི་སྦྱོར་བ་དང་། ལེགས་སྦྱར་གྱི་ཡི་གེའི་ལྕི་ཡང་སྤེལ་བའི་རྩོམ་ཚུལ་གྱི་གཞུང་ཞིག སྡེབ་སྦྱོར་གྱི་ཆ་ཤས་གསུམ།  པྲིཏ་ཛཱ་ཏི་ངོ་མཚར་རྟོགས་བྱེད།

5.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།   [1]དངོས་པོ་གཉིས་ཡན་ཆད་ཅིག་སྡེབ་ཅིང་སྦྱོར་བ། 结合,拼合。[2]བོད་ཡིག་སྔོན་རྗེས་མིང་གསུམ་བརྩེགས་འདོགས་རྣམས་བསྡེབས་ནས་སྦྱོར་བ་སྟེ་ཡི་གེའི་སྦྱོར་བ། 拼写。藏文前加、后加、语基、上加和下加字母的拼合法则。 [3]རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག་སྟེ། ཚིགས་བཅད་རྩོམ་ལུགས་སོགས་ཡི་གེའི་སྦྱོར་བ་དང༌། ལེགས་སྦྱར་གྱི་ཡི་གེའི་ལྕི་ཡང་སྤེལ་བའི་རྩོམ་ཚུལ་གྱི་གཞུང་ཞིག 声律学,缀文法。小五明之一。主要论述诗句组合规律和梵文偈句轻重音组合规律。

6.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①དངོས་པོ་གཉིས་ཡན་ཆད་ལྷན་དུ་བསྲེས་ནས་ཕན་ནུས་སོགས་འཕྲོད་མིན་བརྟག་པའི་ལས། དཔེར་ན། སྨན་རྩྭ་སྡེབ་སྦྱོར་བྱས་པ། ཟས་སྣ་སྡེབ་སྦྱོར་བྱས་པ། འབྲུ་སྣ་སྡེབ་སྦྱོར་བྱས་པ་ལྟ་བུ། ② སྒྲ་རིག་པ། བོད་ཡིག་གི་སྔོན་རྗེས་མིང་གསུམ་བརྩེགས་འདོགས་རྣམས་བསྡེབས་ནས་སྦྱོར་བ་སྟེ་ཡི་གེའི་སྦྱོར་བ། དཔེར་ན། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་ཞེས་པ་ལྟ་བུ།③རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག་སྟེ། ཚིགས་བཅད་རྩོམ་ལུགས་སོགས་ཡི་གེའི་སྦྱོར་བ་དང༌། ལེགས་སྦྱར་གྱི་ཡི་གེའི་ལྕི་ཡང་སྤེལ་ཚུལ་སྟོན་པའི་གཞུང་ཞིག ④ ཕྱུགས་ཀྱི་སྡེབ་སྦྱོར་ཏེ། འབྲི་དང་བ་ལང་ལྟ་བུ་ཕྱུགས་རིགས་མི་འདྲ་བ་གཉིས་འཁྲིག་སྦྱོར་བྱེད་དུ་བཅུག་ནས་རྒྱུད་སྤེལ་བའི་ལས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :བྱ་མདོ་ཀླུ་མོ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།