བདེན་གཉིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བདེན་པ་གཉིས་ཏེ་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ཡིན། གོ་བདེ་བར་བཤད་ན། ཕྱི་རོལ་དངོས་པོ་རྣམས་ཀྱི་སྣང་ཚུལ་མི་འདྲ་བ་སྣ་ཚོགས་པ་ནི་ཕྱི་ཚུལ་ཙམ་ཡིན་པས་ཀུན་རྫོབ་བདེན་པ་ཞེས་ཟེར་ཞིང་། དངོས་པོ་རྣམས་ཀྱི་ངོ་བོ་ངོ་མ་དེ་ལ་དོན་དམ་བདེན་པ་ཞེས་བརྗོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
二谛
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 སྒྲའི་དོན།

ཀུན་རྫོབ་ལ་སཾ་བྲྀཏྟི་ས་ཏྱ། ས་སཾ་མྱཀ་ཡང་དག་པ། བྲྀ་ཨཱ་ཝ་ར་ཎ་སྒྲིབ་པའམ་འགེབས་པ་སྟེ། ཡང་དག་སྒྲིབ་པའམ་ཀུན་འགེབས་ཞེས་བྱ་བ་ཡིན་ཡང་། ལོ་ཙཱ་བ་སྔ་མས་དོན་འགྱུར་ཀུན་རྫོབ་ཏུ་བསྒྱུར། དོན་དམ་པ་ལ་པ་ར་མ་ཨརྠ་སྟེ། པ་ར་མ་ནི་མཆོག་གམ་དམ་པ། ཨརྠ་ནི་དོན་ཏེ་དམ་པ་རྣམས་ཀྱིས་བརྟགས་ན་སྐྱོན་མེད་པའི་དོན་ཡིན་པས་ན་དོན་དམ་པ་ཞེས་བསྒྱུར། དེས་ན་བདེན་པ་གཉིས་ཀྱི་མཚན་ཉིད་དང་སྒྲ་དོན་མཐུན་པ་ཡིན་ནོ།།

2 མཚན་གཞི།

བློའི་ཡུལ་དུ་བྱར་རུང་ཀུན་རྫོབ། བློའི་ཡུལ་ལས་འདས་པ་དོན་དམ་པའོ།།

3 ངོ་བོ་ཐ་དད་དུ་འཛིན་ཚུལ།

བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་ཆ་ནི་ཐལ་འགྱུར་བའི་ལུགས་ལ། བདེན་གཉིས་བདེན་སྟོང་དུ་ངོ་བོ་དབྱེར་མེད་པས་ངོ་བོ་གཅིག་ལ། རང་རང་གི་ལྟོས་གཞིའི་ལྡོག་ཆ་ནས་ཐ་དད་པ་ཡིན་པ་བྱས་པ་དང་མི་རྟག་པ་ལྟ་བུ་ཡིན་ཏེ། དེ་གཉིས་ངོ་བོ་ཙམ་ཡང་མི་གཅིག་པའི་ཐ་དད་ཡིན་ན་གཟུགས་བདེན་མེད་གཟུགས་ཀྱི་གནས་ལུགས་མཐར་ཐུག་མ་ཡིན་པར་ཐལ་བ་དང་། གཟུགས་བདེན་སྟོང་འཇལ་བའི་ཚད་མས་བདེན་འཛིན་གྱི་སྒྲོ་འདོགས་མི་ཆོད་པའི་ཐལ་བ་དང་། གཟུགས་ལ་བདེན་པ་བཀག་ཙམ་གཟུགས་ཀྱི་ཆོས་ཉིད་མ་ཡིན་པར་ཐལ་བ་དང་། སངས་རྒྱས་འཕགས་པའི་རྒྱུད་ལའང་བདེན་འཛིན་དང་བདེན་མེད་རྟོགས་པའི་ཤེས་རབ་གཉིས་ཅིག་ཅར་དུ་འཇུག་པར་ཐལ་བའི་སྐྱོན་བཞིར་འགྱུར་བ་དགོངས་འགྲེལ་ལས་གསུངས་སོ།། བདེན་གཉིས་ལྡོག་པ་ཙམ་ཡང་ཐ་དད་དུ་དབྱེ་རྒྱུ་མེད་པར་གཅིག་ཡིན་ན། སོ་སོ་སྐྱེ་བོས་ཀྱང་དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པར་ཐལ་བ་དང་། གཟུགས་བདེན་སྟོང་དེར་དམིགས་ནས་ཆགས་སོགས་སྐྱེ་བར་ཐལ་བ་དང་། རྣམ་འབྱོར་བས་ལམ་གོང་མ་སྒོམ་པ་དོན་མེད་པར་ཐལ་བ་དང་ཀུན་རྫོབ་སྤོང་བ་བཞིན་དུ་དོན་དམ་པ་ཡང་སྤོང་བར་ཐལ་བའི་སྐྱོན་བཞིར་འགྱུར་བར་གསུངས་སོ།། དེས་ན་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཅིང་མེད་ན་མི་འབྱུང་བའི་བདག་གཅིག་འབྲེལ་གྲུབ་པ་བྱས་པ་དང་མི་རྟག་པ་ལྟ་བུ་ཡིན་ཞེས་བཞེད། ཐུབ་པའི་དགོངས་པ་རབ་གསལ་ལས། དོན་དམ་པ་དང་ཐ་སྙད་པའི་རྣམ་གཞག་གཉིས་ལས། དང་བོ་ནི། གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་བྲལ་བ་ཡིན་ཏེ། དོན་དགོངས་པ་འགྲེལ་བ་ལས། ཀུན་རྫོབ་ཁམས་དང་དོན་དམ་དེ་བཞིན་ཉིད།། གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ།། གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ།། དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན།། ཞེས་གསུངས་པ་ལྟར་རོ།། གཉིས་པ་ཐ་སྙད་པའི་རྣམ་གཞག་ནི། གཞན་སེལ་གྱི་ངོར་ངོ་བོ་དབྱེར་མེད་ལྡོག་པ་ཐ་དད་ཅེས་བྱའམ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཞེས་བྱ་བ་གསུངས་པ་དེ་ཁོ་ན་ཁས་བླང་ངོ་།།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།