བདེ་ཆེན་དགོན་པ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བདེ་ཆེན་དགོན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རྨ་ལྷོ་ཁུལ་རེབ་གོང་རྫོང་རོང་བོ་གྲོང་རྡལ་གྱི་དགོན་པ་ཞིག)

བདེ་ཆེན་བཀྲ་ཤིས་ཆོས་གླིང་ནི། རྨ་ལྷོ་ཁུལ་རེབ་གོང་རྫོང་རོང་བོ་གྲོང་རྡལ་གྱི་ནུབ་ལྷོའི་ཕྱོགས་སུ་སྤྱི་ལེ་སོ་བཞི་ཕྱིན་པའི་མཚམས། བཙན་མོ་ཡུལ་ཚོ་བཙན་མོ་མར་སྟེང་སྡེ་བའི་ཆུའི་ཕ་རོལ་གྱི་རི་རྐེད་དུ་ཆགས་ཡོད། ས་ཁྱོན་ལ་སྤྱི་ཆིངས6.7ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德钦寺
ལ་ཏིང་གི་མིང་།
bde chen dgon ba
ཕྱག་འདེབས་མཁན།
མགོན་ཤུལ་ཀུན་དགའ་ཆོས་འཕེལ།
ཕྱག་བཏབ་ལོ།
སྤྱི་ལོ1692
གྲུབ་མཐའ།
དགེ་ལུགས་པ།
རིགས་དབྱེ།
དགོན་པ།
གནས་ཡུལ།
རེབ་གོང་རྫོང་བཙན་མོ་ཡུལ་ཚོའི་ཁོངས་སུ་ཡོད།
1 ངོ་སྤྲོད།

སྤྱི་ལོ1673ལོར་མགོན་ཤུལ་ཀུན་དགའ་ཆོས་འཕེལ་རྒྱ་མཚོས་སྒོ་གཡིས་ནང་དུ་སྒྲུབ་ཁང་བརྩིགས་ཏེ་བདེ་ཆེན་ཆོས་སྡིངས་རི་ཁྲོད་བཏབ། སྤྱི་ལོ1692ལོར་ཁོང་གི་དཔོན་པོ་ནོར་བུ་རྒྱ་མཚོས་བདག་རྐྱེན་གནང་བར་བརྟེན་དམ་པ་ཁོང་གིས་བདེ་ཆེན་ཆོས་སྡིངས་རི་ཁྲོད་དེ་ད་ལྟའི་དགོན་གནས་འདིར་སྤོར་ནས་བདེ་ཆེན་བཀྲ་ཤིས་ཆོས་གླིང་ཕྱག་འདེབས་མཛད། གྲུབ་མཐའ་དགེ་ལུགས་པ་ཡིན། ཁོང་གིས་ཚོགས་ཆོས་ཐོག་དང་ཆོ་ག་ཕྱག་ལེན་སོགས་ཀྱི་ཆོས་རྒྱུན་ངོས་གཙང་དང་། ལྷ་མོའི་ཚེ་གཏོར་གྱི་འདོན་རྟ་དབྱངས་གསུམ་རྣམས་ལྷ་སའི་ཆོས་འཁོར་རྒྱལ་གྲྭ་ཚང་གི་ཕྱག་ལེན་ལྟར་བཙུགས། དེ་ནས་བཟུང་བདེ་ཆེན་སྐུ་ཕྲེང་རིམ་བྱོན་དང་། མཁན་ཆེན་དགེ་འདུན་རྒྱ་མཚོ། གྲུབ་དབང་འཇིགས་མེད་བསམ་གཏན། མག་སར་པཎྚི་ཏ། གཙང་དགེ་བཤེས། གསེར་ཁང་བ། གཡེར་གཤོང་ཚང་། ཨ་རོལ་སྐུ་ཕྲེང་སྔ་ཕྱི། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ། བྱང་རྩེ་སྐུ་ཕྲེང་སྔ་ཕྱི། ཐོ་རྒྱའི་དགེ་བཤེས་གཙོས་སྐྱེས་ཆེན་དམ་པ་མང་པོ་དགོན་པ་འདིར་ཡུན་རིང་བཞུགས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དུས་སྐབས་དེར་དགོན་པ་འདིར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་དང་། རྭ་ལོ་ཙཱ་བའི་ཚེམས་ནང་བཞུགས་ཡིན་པའི་བྱམས་པ་སྣ་བཞི་མ་ཞེས་གྲགས་པ་ཐུགས་ཀར་དྲོད་ཚད་ལྡན་པ་སོགས་སྐུ་གསུང་ཐུགས་རྟེན་གྱི་སྐོར་མང་པོ་བཞུགས།  

སྤྱི་ལོ1958ལོའི་ཡར་སྔོན་དུ་དགོན་པ་འདིར་འདུ་ཁང་གཅིག་དང་། བྱམས་ཁང་། མགོན་ཁང་། ཀླུ་དབང་རྒྱལ་བོའི་ལྷ་ཁང་། བླ་བརྒྱུད་ལྷ་ཁང་། མ་ཎི་ལྷ་ཁང་། བདེ་ཆེན་ལྷོ་བྲག་ཚང་གི་ནང་ཆེན་མཆོད་ཁང་སུམ་ཐོག་ཅན། བདེ་ཆེན་བཙན་པོ་མའི་ནང་ཆེན། མ་ཎི་གྲལ་རིང་ལྔ། བདུད་འདུལ་མཆོད་རྟེན། གསང་བདག་འཁོར་ཆེན་གྱི་འབུམ་ཁང་། གྲྭ་ཤག་བརྒྱད་ཅུ་ལྷག  རྒྱུན་བཞུགས་ཀྱི་བླ་སྤྲུལ་བདེ་ཆེན་ལྷོ་བྲག་ཚང་དང་བཙན་པོ་མ་རྣམ་གཉིས།  དགེ་འདུན་པ་བརྒྱ་དང་ལྔ་བཅུ་ལྷག་བཞུགས་པ་མ་ཟད། གཞི་གསུམ་ཕྱག་ལེན་དང་། ཚོགས་ཆོས་ཐོག་རྣམས་  གཏན་ཆགས་སུ་ཚུགས་ཡོད། 

སྤྱི་ལོ1958ལོའི་གོད་ཆག་དང་རིག་གསར་སྐབས་དགོན་པ་འདིའི་ལྷ་རྟེན་ཆོས་གསུམ་མེད་བརླགས་སུ་བཏང་སྟེ། དགོན་ཤུལ་བཙན་མོ་སྡེ་གཉིས་ཀྱི་ཕྱུགས་འཚོ་སའི་གནས་སུ་བསྒྱུར། 

སྤྱི་ལོ1980ལོར་རེབ་གོང་ཡུལ་དུ་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་ལྷོད་ཡངས་སུ་སོང་བ་དང་དུས་མཚུངས་སུ་དགོན་པ་འདིའི་སྔོན་ཆད་ཀྱི་གྲྭ་རྒན་རེ་ཟུང་གིས་དགོན་ཤུལ་བདག་གཉེར་བྱས་ཏེ་གནས་གཞི་བཟུང་། 

སྤྱི་ལོ1981ལོར་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་། ཁ་སོ་སྐུ་ཕྲེང་བདུན་པ་བློ་བཟང་འཇིགས་མེད་འཕྲིན་ལས། ཚོ་འདུ་གྲུབ་ཆེན་སྐུ་ཕྲེང་བཞི་བ་འཇིགས་མེད་ཆོས་དབང་ཉི་མ། རོང་བོ་གདན་ས་གསུམ་གྱི་དགེ་བཤེས་རྣམ་པ་གཙོས། ཡར་ནང་གི་དགོན་པ་གསུམ(རྫོང་དཀར་དགོན་པ་དང་རྫོང་སྔོན་དགོན་པ། བདེ་ཆེན་དགོན་པ) གྱི་གྲྭ་བ་ཡོངས་ཀྱིས་བཀྲ་ཤིས་གསོ་སྦྱོང་བླངས་ཏེ་ཡང་དར་བསྟན་པའི་ཆོས་སྒོ་ཕྱེས།  དེ་ནས་བཟུང་འདོན་ཆོས་སྤྱོད་དང་། ཆོ་ག་ཕྱག་ལེན། འདོན་རྟ་དབྱངས་གསུམ་སོགས་ལ་སྦྱངས་བ་གནང་སྟེ་སྔར་སྲོལ་ལྟར་རྒྱུན་འཁྱོངས་བྱས་པ་དང་། དད་ལྡན་སྦྱིན་བདག་ཁག་གི་རོགས་རམ་ལ་བརྟེན་ནས་རིམ་བཞིན་རྟེན་བཞེངས་ཀྱི་ལས་སྒོ་སྣ་ཚོགས་བསྒྲུབས།

ད་ལྟ་དགོན་པ་འདིར་འདུ་ཁང་ཆེན་མོ་དང་། མགོན་ཁང་། མ་ནི་འཁོར་ཆེན་ལྷ་ཁང་། བདུད་འདུལ་མཆོད་རྟེན། གསང་བདག་འཁོར་ཆེན་གྱི་འབུམ་ཁང་མདའ་དབྱིབས་ཅན། བདེ་ཆེན་ལྷོ་བྲག་ཚང་གི་ནང་ཆེན། བདེ་ཆེན་བཙན་པོ་མའི་ནང་ཆེན། ཁ་སོ་སྔགས་རམས་པའི་ནང་ཆེན། གྲྭ་ཤག་དྲུག་ཅུ་རེ་གསུམ། རྒྱུན་བཞུགས་ཀྱི་བླ་སྤྲུལ་གསུམ་དང་དགེ་འདུན་པ་དོན་བརྒྱད་བཞུགས།

དགོན་བདག་བླ་མ་ལ་བདེ་ཆེན་ལྷོ་བྲག་ཚང་དང་། བདེ་ཆེན་བཙན་པོ་མ། ཁ་སོ་ཚང་ཁོང་རྣམ་པ་གསུམ་ཡོད་ལ། བདེ་ཆེན་ལྷོ་བྲག་ཚང་ནི་དགོན་བདག་གཙོ་བོ་ཡིན། དགོན་པ་ཕྱག་འདེབས་གནང་མཁན་བདེ་ཆེན་ལྷོ་བྲག་སྐུ་ཕྲེང་དང་པོ་མགོན་ཤུལ་ཀུན་དགའ་ཆོས་འཕེལ་ལགས་ཏེ། སྤྱི་ལོ1631ལོར་ཧོར་དཔོན་པོ་ཀླུ་རྒྱལ་བྱམས་གྱི་ཚ་བོར་སྐུ་འཁྲུངས། 

ལྷ་སྡེ་ལ། བཙན་མོ་སྡེ་གཉིས་དང་། སྟག་ཡན། ཧོར་རོང་འབྲོག་གཉིས་བཅས་ཡོད།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-13

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།