སྐྱེས་ལྷ་ར་རྒོད་མཆེད་གཉིས།
སྐྱེས་ལྷ་ར་རྒོད་མཆེད་གཉིས་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་སྲིད་གཞུང་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ2ཙམ་ཕྱིན་པའི་མཚམས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3547ཡོད་ཅིང་། རྟེན་ཕོ་ལྷ་དང་། སློབ་དཔོན་པདྨ་འབྱུང་གནས་སོགས་སྔ་འགྱུར་གོང་མའི་དམ་ལ་གནས་ཤིང་། སྡེ་འདིས་བསྟེན་པའི་སྐྱེས་ལྷ་མཆེད་གཉིས་ཡོད་པ་ཆེ་བ་སྔགས་པའི་ཆ་ལུགས་ཅན་རྟ་དཀར་བོར་བཅིབས་པ། ཕྱག་གཡས་པར་ཤེལ་ཕྲེང་འཛིན་པ། གཡོན་པས་ནོར་བུས་གཏམས་པའི་གཞོང་བ་ཐོགས་པ། ཞྭ་ནག་གསོལ་ཞིང་དབང་གོས་མནབས་པ། ཆུང་བ་དགྲ་འདུལ་དོན་འགྲུབ་དཔའ་རྩལ་ཅན་ནི་སྐུ་མདོག་ཁམ་ནག་ཁྲོ་ཞལ་གཏུམ་པའི་ཚུལ་མཛད་པ། ཕྱག་གཡས་པར་མདུང་དར་དང་། ཕྱག་གཡོན་པར་ཞགས་པ་ཐོགས་པ། ཅང་ཤེས་བྲ་ནག་ལྟིང་དཀར་ལ་བཅིབས་པ་ཞིག་ཡིན། སྤྱི་ལོ1981ལོར་ཧོར་དཔོན་པོ་པདྨ་བསྟན་འཛིན་གྱི་ཐུགས་བཀོད་ལྟར་རྫོང་དཀར་ཆེ་བ་རྗེ་འཇིགས་མེད་ཤེས་རབ་གྲགས་པས་གཞི་རྩིག་བྱས་ཏེ་བཀའ་བསྒོས་གཉེར་གཏད་མཛད་སྐབས་ནམ་མཁར་འཇའ་ཚོན་གྱིས་གུར་ཕུབ་པ་སོགས་ངོ་མཚར་བའི་ལྟས་བཟང་བོ་ཀུན་གྱིས་མཐོང་སྣང་དུ་གྱུར་མྱོང་ལ། རིའི་རྩེ་མོར་དཔའ་མཁར་ཡོད་ལ། མདའ་བསྟོད་བྱེད་པ་དང་། རིའི་སྐེད་དུ་ར་འབུར་གཉིས་ལ་དམུ་ཐག་འཐེན་སྲོལ་ཡོད། ལོ་རེའི་དབྱར་ཟླ་དྲུག་པའི་ཚེས་བཅོ་ལྔར་ཨོའུ་བཟའ་སྡེ་བས་གསོལ་མཆོད་རྒྱ་ཆེན་བྱེད།