བྱ་དར་སྐྱིད་པོ་རི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱ་དར་སྐྱིད་པོ་རི་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་སྲིད་གཞུང་གི་ནུབ་ཕྱོགས་སུ་ཡོད་ལ། རྩེ་ཆུ་གྲོང་རྡལ་བྱ་དར་དགོན་པའི་ཡན་ལག་གི་གནས་རི་བྱེ་བྲག་པ་ཞིག་ཡིན་ཞིང་། བསྡུས་མིང་ལ་སྐྱིད་རི་ཞེས་འབོད། མཚོ་ངོས་ལས་མཐོ་ཚད་སྨི3685.5ཡོད་པ་དང་། ཆགས་གནས་རི་རྒྱུད་གཞན་དང་མ་འདྲེས་པའི་སྤང་རི་ཆུང་ཆུང་ཞིག་སྟེ། རྩེ་གཞུང་སའི་སྙིང་བོ་དང་ཀླུའི་རྒྱལ་བོའི་རིན་ཆེན་གཏེར་གྱི་བུམ་པ་ཡིན་པར་བཤད་དོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏德日幸福山
ལ་ཏིང་གི་མིང་།
bya dar skyid po ri
རིགས་དབྱེ།
ཆོས་ལུགས་གནའ་ཤུལ།
མཚོ་འཕགས།
སྨི3685
གནས་ཡུལ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་སྲིད་གཞུང་གི་ནུབ་ཕྱོགས།
1 ངོ་སྤྲོད།

བྱ་དར་སྐྱིད་པོ་རི་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་སྲིད་གཞུང་གི་ནུབ་ཕྱོགས་སུ་ཡོད་ལ། རྩེ་ཆུ་གྲོང་རྡལ་བྱ་དར་དགོན་པའི་ཡན་ལག་གི་གནས་རི་བྱེ་བྲག་པ་ཞིག་ཡིན་ཞིང་། བསྡུས་མིང་ལ་སྐྱིད་རི་ཞེས་འབོད། མཚོ་ངོས་ལས་མཐོ་ཚད་སྨི3685.5ཡོད་པ་དང་། ཆགས་གནས་རི་རྒྱུད་གཞན་དང་མ་འདྲེས་པའི་སྤང་རི་ཆུང་ཆུང་ཞིག་སྟེ། རྩེ་གཞུང་སའི་སྙིང་བོ་དང་ཀླུའི་རྒྱལ་བོའི་རིན་ཆེན་གཏེར་གྱི་བུམ་པ་ཡིན་པར་བཤད་ཅིང་། ཕྱོགས་མཚམས་བརྒྱད་ན་གནས་པའི་རྩེ་ལྷ་བཅུ་གསུམ་ནི་གཏེར་མཛོད་རི་ཆུང་འདིའི་མཛོད་བདག་ཡིན་པར་གླེང་། གནས་རི་འདི་ལ་སྤྱི་ཁྱབ་ཏུ་བྱ་དར་ཞེས་འབོད་ཅིང་། བདེ་སྐྱིད་ལོངས་སྤྱོད་འཛོམས་པའི་གནས་རི་གཏེར་གྱི་སྙིང་བོ་ཞིག་ཡིན་པས་བྱ་དར་སྐྱིད་རི་ཞེས་བཏགས་མོད། ཡིན་ནའང་ཁ་ཅིག་གིས་སྔོན་རབས་ཀྱི་བླ་དཔོན་མི་ཆེན་ཚང་མས་འབངས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པར་རྟག་པའི་ཆེད་དུ་ལྷ་བསང་གཏོང་སའི་རི་ཆུང་ཆུང་ཞིག་ཡིན་ལ། ད་ལྟའང་སེར་སྐྱ་རྒན་གཞོན་ཕོ་མོ་ཚང་མས་ལྷ་བསང་གཏོང་བའི་སྲོལ་རྒྱུན་མ་ཆད་པར་ཡོད་པས་མིང་དེ་ལྟར་དུ་ཐོགས་པར་ཡང་བཤད། དེ་ཡང་སོ་ནག་ས་བསྟོད་ལས། ས་གཏེར་མཛོད་གཏེར་གྱི་སྙིང་བོ། ། རི་བདེ་སྐྱིད་སྐྱིད་པོ་རི་ཡིན། ། སྐྱིད་ལོངས་སྤྱོད་འཛོམས་ས་འདི་ཡིན། ། འདི་མཛོད་བདག་རྩེ་ལྷ་བཅུ་གསུམ། ། ཕྱོགས་ཕྱོགས་མཚམས་བརྒྱད་ན་བསྐོར་ཡོད། ། ཞེས་བསྔགས་པ་ལྟར་དུ། མདོར་ན་གང་ལ་གང་འདོད་པའི་དགེ་བཅུའི་དཔལ་ཡོངས་སུ་འཛོམས་པའི་གནས་འགངས་ཆེན་ཞིག་ཡིན་ནོ། ། སྤྱི་ལོ1980ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་རྩེ་ཁོག་ཏུ་ཕེབས་སྐབས་སྐྱིད་རིའི་རི་སྟེང་འདིར་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་ཁྲིད་ལུང་དང་ཆོས་ཀྱི་བཀའ་སློབ་མང་དུ་བསྩལ་ཞིང་། བྱ་དར་དགོན་ནམ་སོ་ནག་དགོན་པའི་ཆོས་སྒོ་གསར་དུ་ཕྱེས། ཤར་སྐྱབས་མགོན་ཆེན་པོས་ཀྱང་གནས་འདིར་ཐུགས་རྗེ་ཆེན་པོའི་བཀའ་དབང་བསྩལ། སྤྱི་ལོ1989ལོའི་ཟླ7པར་རྫོང་མི་དམངས་སྲིད་གཞུང་གི་གཞུང་ཞབས་པ་མགོན་ཤུལ་སྒར་བའི་ཇོ་མོ་ནས་ལྷག་བསམ་ཟོལ་མེད་ཀྱིས་རྩ་བའི་འགན་བླངས་ཤིང་། དད་ལྡན་མི་ཉུང་བ་ཞིག་གིས་ཞབས་འགྱུར་གང་ཐུབ་དང་། སོ་ནག་དགོན་པའི་དགེ་འདུན་ཚོའི་རོགས་རམ་ལ་བརྟེན་ནས་པན་ཆེན་བཞུགས་ཁྲིའི་ཁར་མཐོ་ཚད་ལ་སྨི6ལྷག་ཡོད་པའི་བྱང་ཆུབ་མཆོད་རྟེན་གསར་བཞེངས་བགྱིས་ཏེ། གཟུངས་གཞུག་ཚད་ལྡན་དང་ནང་རྟེན་རིམ་པ་ལ་བདེ་བར་གཤེགས་པའི་རིང་བསྲེལ་རྡོག་གསུམ་དང་། མ་ཡུམ་དངོས་ནས་གནང་བའི་ཀུན་གཟིགས་མཆོག་གི་ན་བཟའ་སྟོད་གོས་ཧྲིལ་བོ། ཤངས་མཚལ། དབུ་ལྗོན། ཕྱག་ཚའི་སྟོན་པ། འཇམ་དབྱངས། རྗེ་སྐུ། སྐུ་ཕྲེང་རིམ་བྱོན་གྱི་རྟེན་སྣ་བཅས་འདུས་པའི་རིལ་བུ་བཅས་གཙོ་བོར་བཞུགས་ཤིང་། གཞན་ཡང་འཇམ་མགོན་ཆོས་ཀྱི་རྒྱལ་བོའི་སྐུ་རུས་ཀྱི་ཆ་ཤས། དབུ་ཐོད་ཀྱི་རུས་ཕྱེ་གཙོ་བྱས་པའི་རྟེན་འདུས། གདུང་ཚའི་འཇམ་དབྱངས་ཀྱི་སྐུ་གསུམ། དབུ་ལྗོན། རྣམ་སྦྱར་གྱི་ཚལ་བུ། ན་བཟའི་ཚལ་བུ། མཁས་གྲུབ་ཆོས་ཀྱི་རྒྱལ་བོའི་ན་བཟའི་ཚལ་བུ། གོང་ས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའི་ཚལ་བུ་དང་རྟེན་འདུས་ཀྱི་རིགས་སྣ་ཚོགས། ཆོས་རྗེ་དོན་འགྲུབ་རིན་ཆེན་གྱི་རྣམ་སྦྱར། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་སྐུ་ཆོས། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་སྐུ་ཆོས། པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མའི་སྐུ་ཤམས། ལྷོ་བྲག་གྲུབ་ཆེན་གྱི་ན་བཟའ། ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་རྣམ་སྦྱར། ཡབ་རྗེ་གསེར་ཁང་བའི་སྐུ་ལྕུགས། བླ་མ་བྱམས་པ་རིན་པོ་ཆེའི་ན་བཟའ། སྐྱབས་མགོན་དྲུག་པ་ཆེན་པོའི་སྐུ་གཟན། སྐྱབས་མགོན་བདུན་པ་ཆེན་པོའི་ན་བཟའ། ཨ་རོལ་རིན་པོ་ཆེའི་སྐུ་གཟན། སྐུ་ཐུལ། ཨ་རོལ་ལུང་རིགས་རྒྱ་མཚོའི་ན་བཟའ། གྲུབ་དབང་འཇིགས་མེད་བསམ་གཏན་གྱི་སྐུ་གཟན། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་ན་བཟའ། ཞྭ་དམར་པཎྚི་ཏའི་ན་བཟའ། ཡོངས་འཛིན་བློ་བཟང་དཔལ་བའི་ན་བཟའ། ལྷ་སའི་ཇོ་བོའི་ན་བཟའ། རང་བྱོན་ལྔ་ལྡན་གྱི་ན་བཟའ་བཅས་ཀྱི་ཚལ་བུ་དང་། བྱ་ཁྱུང་གསེར་གདུང་རིལ་བུ། རི་བོ་རྩེ་ལྔའི་གནས་རྟེན་ཇོ་བོ་རིན་པོ་ཆེའི་ལྷུང་འབྲུ། གཞན་ཡང་གང་འབྱོར་གྱི་རྟེན་སྣ་བྱིན་རྫས་མང་པོས་བྱུར་བུར་གཏམས་པ་གོ་རིམ་མ་འཆོལ་བར་བཞུགས། སྤྱི་ལོ2007ལོར་རིག་གནས་ལོ་རྒྱུས་རིན་ཐང་ཆེས་ཆེར་མངའ་བའི་གནས་མཆོག་འདི་ལ་སྲུང་སྐྱོབ་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཆེད་བྱ་དར་དགོན་པ་ནས་གོང་རིམ་པའི་སྲིང་གཞུང་ལ་སྙན་ཞུ་ཕུལ་ཏེ་རྫོང་དཔོན་འབྲུག་རྒྱལ་ཚེ་རིང་ནས་འཛུགས་སྐྲུན་གྱི་རྨིང་འདིང་བའི་འཆར་འགོད་བཟོས། སྤྱི་ལོ2010ལོ་ནས་རྫོང་དཔོན་གསང་བདག་ལགས་ཀྱིས་མི་རིགས་སྲོལ་རྒྱུན་གྱི་བཟོ་བཀོད་ལྟར་འཛུགས་སྐྲུན་རྒྱ་ཆེར་བྱས་ཏེ། དེང་སྐབས་རི་སྟེང་དུ་ཐོག་ཁང་བཞི་བརྩེགས་ཅན་གྱི་པཎ་ཆེན་རྗེས་དྲན་ལྷ་ཁང་དང་། ལྷོ་ངོས་སུ་མཆོད་རྟེན་ཆེ་ཆུང་བཅུ་ལྷག རི་འདབས་སུ་མ་ཎི་འཁོར་ཁང་གིས་ཟླུམ་པོར་བསྐོར་ཞིང་། མདུན་དུ་ཐང་ཆེན་དང་ཐེམ་སྐས་རིམ་པ་སོགས་ཡུལ་སྲོལ་རིག་གནས་ཀྱིས་མཛེས་པར་སྤྲས་པ་བཅས་བྱ་དར་དགོན་པ་རང་ཉིད་ནས་བདག་སྐྱོང་གནང་མུས་སུ་མཆིས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།