རྐ་འབའ་སུམ་མདོ་གྲོང་རྡལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྐ་འབའ་སུམ་མདོ་གྲོང་རྡལ།
རྐ་འབའ་སུམ་མདོ(ཤ་སྦྲང)གྲོང་རྡལ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་གི་ཤར་ཕྱོགས་སུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད35°15′ཡི་མཚམས་དང༌། ཤར་གྱི་གཞུང་ཚད100°36′གི་མཚམས་ན་ཆགས་ཡོད། འདིའི་ཤར་ཕྱོགས་ནི་རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་དང༌། ལྷོ་ཕྱོགས་ནི་རྫོང་འདིའི་རྨ་བྱང་ཡུལ་ཚོ། ནུབ་ཕྱོགས་ནི་རྫོང་འདིའི་འབའ་ལུང་ཡུལ་ཚོ་དང་དགོན་གོང་མ་གྲོང་རྡལ། བྱང་ཕྱོགས་ནི་མང་རྫོང་བཅས་ལ་འབྲེལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
尕巴松多(夏让)镇
ལ་ཏིང་གི་མིང་།
rka ’ba’ sum mdo(sha sbrang) grong rdal
སྲིད་འཛིན་རིགས་དབྱེ།
གྲོང་རྡལ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་།
མངའ་ཁོངས།
ཁོ་རྒན་དང༌། ཁོ་རྒྱ། ལྟག་ཡན། མགར་རྩེ། སེ་བརྒྱ། བད་ཁོ་སོགས་སྡེ་བ16ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1306.51
མི་གྲངས།
མི 25377 (སྤྱི་ལོ2009ལོའི་རྩིས་གྲངས་ཡིན)
མཚོ་འཕགས།
སྨི3060
སྲིད་གཞུང་གནས་ཡུལ།
རྐ་རྒན་ཆུ་དང༌། འབའ་ཆུ་གཉིས་ཀྱི་འདྲེས་མདོ་ན་ཆགས་ཡོད།
1 ​ངོ་སྤྲོད།

རྐ་འབའ་སུམ་མདོ(ཤ་སྦྲང)གྲོང་རྡལ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་གི་ཤར་ཕྱོགས་སུ་གནས་ཤིང་། སའི་གོ་ལའི་བྱང་གི་འཕྲེད་ཚད3515′ཡི་མཚམས་དང༌། ཤར་གྱི་གཞུང་ཚད10036′གི་མཚམས་ན་ཆགས་ཡོད།  འདིའི་ཤར་ཕྱོགས་ནི་རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་དང༌། ལྷོ་ཕྱོགས་ནི་རྫོང་འདིའི་རྨ་བྱང་ཡུལ་ཚོ། ནུབ་ཕྱོགས་ནི་རྫོང་འདིའི་འབའ་ལུང་ཡུལ་ཚོ་དང་དགོན་གོང་མ་གྲོང་རྡལ། བྱང་ཕྱོགས་ནི་མང་རྫོང་བཅས་ལ་འབྲེལ་ཡོད། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3060ཡོད་ཅིང༌། གྲོང་རྡལ་འདིའི་ཤར་ལྷོའི་རྒྱུད་ཀྱི་ས་དབྱིབས་ནི་སྲིད་དུ་རིང་བ་ཞིག་ཡིན་ཞིང༌། ཐང་གཞོང་དང་རི་ལུང་གིས་སོ་སོར་གྲོང་རྡལ་འདིའི་མངའ་ཁོངས་ཀྱི་ཕྱེད་ཀ་ཟིན་འདུག ཐང་གཞོང་ནི་གཙོ་བོ་འབའ་ཐང་དང༌། ཁེ་རབ་ཐང༌། རྐ་ཆུང་ཐང་བཅས་ཡིན། འདིའི་ལྷོ་རྒྱུད་དང་བྱང་རྒྱུད་ནི་གཙོ་བོ་རི་ལུང་ཡིན་ཏེ། རི་ཆེན་ལ་ཁེ་རབ་ཤེའུ་སྙིང་དང༌། ལྷ་བཅའ་སྒང༌། ཤ་རྫོང་བཅས་ཡོད། འདིའི་མངས་ཁོངས་ཀྱི་ཆུ་རྒྱུན་གཙོ་བོ་ནི། འབའ་ཆུ་དང༌། རྐ་རྒན་ཆུ། རྐ་ཆུང་ཆུ་བཅས་ཡིན། ཆུ་རྒྱུན་དེ་གསུམ་ནི་གྲོང་རྡལ་འདིའི་དབུས་ཁུལ་བརྒྱུད་ཅིང་ཤར་ནས་ནུབ་ཏུ་བཞུར་ཏེ། རྫོང་མཁར་གྱི་ནུབ་ལོགས་སུ་གྲོང་རྡལ་འདིའི་མངའ་ཁོངས་ལས་ཕྱིར་བུད་ཅིང་འབའ་ལུང་ཡུལ་ཚོ་བརྒྱུད་ནས་མཐར་རྨ་ཆུར་འདྲེས། གྲོང་རྡལ་འདིའི་མི་དམངས་སྲིད་གཞུང་ནི་ཀླུ་མཚོ་གཞུང་ན་ཆགས་ཡོད་ལ། དེ་ནས་རྫོང་ཐོག་ཏུ་སྤྱི་ལེ1ཡོད། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1306.51དང༌། མི་གྲངས25377ཡོད(སྤྱི་ལོ2009ལོའི་རྩིས་གྲངས་ཡིན)། འདིའི་མངའ་འོག་ན་ཁོ་རྒན་དང༌། ཁོ་རྒྱ། ལྟག་ཡན། མགར་རྩེ། སེ་བརྒྱ། བད་ཁོ། མེ་རི་ཁུ(ཇང་བཟའ)། གཏེར་སྟོན།  ནག་བཟའ།  ནི་གུ  ཧྲེང་བོ། བདེ་ཆེན། ཤར་ཚང༌། འབེ་བཟའ། ཁོ་ནག་གོང་མ། ཁོ་ནག་ཞོལ་མ་བཅས་སྡེ་བ16ཡོད། གྲོང་རྡལ་འདི་ལ་སྔོན་ཆད་འབའ་ཆུ་ཡུལ་ཚོ་ཟེར། སྤྱི་ལོ1956ལོའི་ཟླ10ནས1957ལོའི་ལོ་མཇུག་བར་དུ་འབའ་རྫོང་གི་ཆུས་བཞི་བ་ཡིན། སྤྱི་ལོ1958ལོའི་ཟླ7པར་ཆུས་རིམ་པའི་སྒྲིག་གཞི་དོར་ནས་རྐ་ཆུང་ཡུལ་ཚོ་རུ་བསྒྱུར། ལོ་དེའི་ཟླ10བར། རྐ་ཆུང་ཀུང་ཧྲེ་རུ་བསྒྱུར། སྤྱི་ལོ1959ལོའི་ཟླ3པར་རྐ་ཆུང་ཀུང་ཧྲེའི་སྒྲིག་གཞི་དོར་ནས་སུམ་མདོ་ཀུང་ཧྲེ་བཙུགས། སྤྱི་ལོ1962ལོར། རྐ་ཆུང་ཡུལ་ཚོ་དང༌། འབའ་ཆུ་ཡུལ་ཚོ།  ཁེ་རབ་ཡུལ་ཚོ་བཅས་ཡུལ་ཚོ་གསུམ་དུ་བཀར། སྤྱི་ལོ1965ལོར། རྐ་ཆུང་དང༌། འབའ་ཆུ། ཁེ་རབ་བཅས་ཡུལ་ཚོ་གསུམ་བསྲེས་ནས་འབའ་ཆུ་ཡུལ་ཚོ་རུ་བསྒྱུར། སྤྱི་ལོ1970ལོར་ཀུང་ཧྲེ་རུ་བསྒྱུར། སྤྱི་ལོ1984ལོར་ཕྱིར་ཡུལ་ཚོ་རུ་བསྒྱུར། སྤྱི་ལོ2001ལོའི་ཟླ7པར། འབའ་ཆུ་ཡུལ་ཚོ་ནི་རྐ་འབའ་སུམ་མདོ(ཤ་སྦྲང)གྲོང་རྡལ་དུ་བསྒྱུར། གྲོང་རྡལ་འདིའི་སྲིད་གཞུང་ནི་རྐ་རྒན་ཆུ་དང༌། འབའ་ཆུ་གཉིས་ཀྱི་འདྲེས་མདོ་ན་ཆགས་ཡོད་པས་མིང་ཡང་དེ་སྐད་དུ་ཐོགས།

2 ལོ་རྒྱུས།

གཞན་ཡང་ལོ་རྒྱུས་ཀྱི་དབང་གིས། སྔར་ནས་བཟུང་གྲོང་རྡལ་འདིའི་མངའ་ཁོངས་སུ་འཚོ་སྡོད་བྱེད་པ་ནི་འབའ་རྫོང་ཁོངས་རོལ་གྱི་ཤ་སྦྲང་ཚོ་བ་ཡིན་པས་གྲོང་རྡལ་འདིའི་མང་ཚོགས་ཀྱིས་ནམ་རྒྱུན་ཡུལ་ཕྱོགས་འདི་ལ་ཤ་སྦྲང་ཞེས་འབོད་པ་ནི་ད་ལྟའི་བར་རྒྱུན་འབྱམས་སུ་གྱུར་ཡོད།  ཡུལ་འདིའི་ལོ་རྒྱུས་ལྟར་ན། ད་ལྟའི་འབའ་རྫོང་ཁོངས་རོལ་གྱི་ཤ་སྦྲང་ནི་ཤ་སྦྲང་ཚོ་དྲུག་གི་ཁག་ཅིག་ཡིན་ཏེ། ཤ་སྦྲང་ཚོ་དྲུག་གི་མཆེད་ཁུངས་ནི་གཙང་ས་སྐྱ་ཡིན་ལ། དེང་ཐོག་མདོ་སྨད་དུ་མཆེད་དེ་རེབ་གོང་དུ་རྐང་ཚུགས། དུས་ཕྱིས་འབའ་རྫོང་དང་བྲག་དཀར་རྫོང་གི་ཕྱོགས་སུ་མཆེད་ཅིང༌།དེ་དག་གི་སྤྱི་མིང་ལ་ཤ་སྦྲང་ཚོ་དྲུག་ཏུ་གྲགས་སོ།།འདིའི་མིང་གི་འབྲི་ཚུལ་ལམ་འབོད་སྟངས་ལ་ཤ་སྦྲང་དང༌། ཤྭ་བྲང༌། ཤར་བང་བཅས་མི་འདྲ་བ་གསུམ་ཡོད་ཅིང༌། ཤ་སྦྲང་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚང་མང་བོར་བཀོད་པ་ནི་ཤ་སྦྲང་ཞེས་པའི་འབྲི་ཚུལ་འདི་ཡིན་པར་བཤད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།