མཐེ་བུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཐེ་བུ་ཞེས་པ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་འགར་རྩེ་ཡུལ་ཚོ་སྲིད་གཞུང་གི་གནས་ཡུལ་དང་འབྲེལ་ནས་ཆགས་ཤིང་། རུས་ནི་སེ་ཁྱུང་དཔྲའི་མི་རྒྱུད་ཡིན་ལ། ཤོག་པ་ནི་འགར་རྩེ་དགོན་པའི་ལྷ་སྡེ་སྟེ་སྨོན་ཤོག་ཚོ་ལྔའི་ཁོངས་གཏོགས་ཀྱི་སྡེ་ཆུང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
铁吾村
ལ་ཏིང་གི་མིང་།
mthe bu sde ba
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་རེབ་གོང་རྫོང་འགར་རྩེ་ཡུལ་ཚོ།
མི་གྲངས།
མི2163
གནས་ཡུལ།
འགར་རྩེ་ཡུལ་ཚོ་སྲིད་གཞུང་གི་གནས་ཡུལ་དང་འབྲེལ་ནས་ཆགས་ཡོད།
1 ​ངོ་སྤྲོད།

མཐེ་བུ་ཞེས་པ་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་འགར་རྩེ་ཡུལ་ཚོ་སྲིད་གཞུང་གི་གནས་ཡུལ་དང་འབྲེལ་ནས་ཆགས་ཤིང་། རུས་ནི་སེ་ཁྱུང་དཔྲའི་མི་རྒྱུད་ཡིན་ལ། ཤོག་པ་ནི་འགར་རྩེ་དགོན་པའི་ལྷ་སྡེ་སྟེ་སྨོན་ཤོག་ཚོ་ལྔའི་ཁོངས་གཏོགས་ཀྱི་སྡེ་ཆུང་ཞིག་ཡིན། 

སྡེ་འདི་ནི་སྔར་མཐེབ་ཁོག་བྲག་སྒམ་སྡེ་བཞི་ལས་གྱེས་ཏེ་ཕྱོགས་འདིར་མཆེད་ནས་གཞིས་ཆགས། ད་ལྟ་སྡེ་བ་འདི་ལ་དུད་ཁྱིམ438ཡོད་ལ། ནང་གསེས་སུ་ཀླུ་རྒྱལ་ཕྱུག་དང་རྣམ་རྒྱལ་བྱམས། བོན་པོ་ཚང་བཅས་ཚོ་ཆེན་གསུམ་དང་ཚོ་ཆུང་བཅོ་བརྒྱད་ཡོད་ཅིང་། ཀླུ་རྒྱལ་ཕྱུག་ལ་ཚོ་ཆུང་དྲུག་སྟེ་རུ་མང་ཚོ་བ་དང་རྒན་པོ་ཚོ་བ། ལ་ཁ་ཚོ་བ། རྒྱ་བཟའ་ཚོ་བ། བུད་ཁ་ཚོ་བ། འགོ་རྒན་དར་དྲུང་ཚོ་བ་བཅས་དང་། རྣམ་རྒྱལ་བྱམས་ལ་ཚོ་ཆུང་དྲུག་སྟེ་ནག་གྱ་ཚོ་བ་དང་ཡུལ་ཚོ་ལ་གཉན་པོ་ཚོ་བ། ཅོག་ཅོག་ཚོ་བ། ཨ་ཁྱུང་བོན་ཚང་གི་ཚོ་བ། བན་རྒན་ཚོ་བ། མཐོ་སུ་ཚོ་བ་བཅས་དང་། བོན་པོ་ཚང་ལའང་ཚོ་ཆུང་དྲུག་སྟེ། སྒར་བ་ཚོ་བ་དང་ཚོ་རྒན་ཚོ་བ། བླ་སྐོར་ཚོ་བ། སིལ་འཛིན་ཚོ་བ། སྔགས་སྐོར་ཚོ་བ། ཨ་ཆེན་ཚོ་བ་བཅས་ཡིན། 

སྡེ་མིང་ཐོགས་དོན་ལ་འགྲེལ་ཚུལ་གཉིས་ཡོད། དང་པོ་ནི་གནའ་སྔ་མོར་ཡུལ་དེ་ན་གཉན་རྒན་ཟླ་བ་ཟེར་བའི་གཞི་བདག་ཅིག་ཡོད་པས། ཁོང་ཉིད་ཡུལ་དེ་བརྒྱུད་ནས་ཕེབས་སྐབས། མཐོ་ལ་གཟར་བའི་བྲག་རི་ཆེན་པོས་སེམས་ཅན་གྱི་འགྲོ་ལམ་བཀག་ཡོད་པ་མཐོང་སྟེ། ཁོང་གིས་བྲག་ལ་མཐེབ་ཆེན་བསྒྲེངས་པ་ན། བྲག་དེ་ལས་འགྲོ་ལམ་ཞིག་བྱུང་བས། མཐེབ་ཆེན་གྱི་མིང་དེ་ཡུལ་སྡེའི་མིང་དུ་ཐོགས། གཞན་ཡང་གནས་ཡུལ་དེ་ན། སྔར་བོན་གྱི་གནས་རི་ཆེན་པོ་བྲག་དཀར་བྱ་རྒོད་ཟེར་བ་ཞིག་ཡོད་ལ། བྲག་རིའི་ངོས་སུ་མཁའ་འགྲོ་མ་ཆུ་ལྕམ་རྒྱལ་མོས་མཐེབ་རྗེས་བཞག་སྟེ་བྱིན་རླབས་གནང་ཡོད་པའི་རྒྱུ་མཚན་གྱིས་ཡུལ་འདིའི་སྡེ་མིང་ལ་མཐེབ་ཆེན་ཞེས་ཐོགས་པར་བཤད།

གཉིས་པ། བོད་ཀྱི་མེས་དབོན་རྣམ་པའི་དུས་སུ་གཅེན་དར་མ་ཟེར་བའི་གྱད་མི་ཤུགས་ཆེན་ཞིག་ཡོད་པ་དེས་དམག་རྩལ་འགྲན་སྡུརགྱི་ཁྲོད་དུ་འབྲོང་གཡག་ཆེན་པོ་གཉིས་མཆན་ཁུང་གཡས་གཡོན་དུ་བཅུག་སྟེ་ས་ལ་མ་ཐུག་པར་ཁྱེར་བས། གྱད་མི་དེ་དམག་སྡེ་ཀུན་ལས་བུད་པས་ན། བོད་བཙན་པོས་ཁོ་ལ་བསྟོད་བསྔགས་ཀྱི་མཐེབ་ཆེན་བསྒྲེངས་ཏེ། དམག་དཔོན་དེ་བུད་འབྲོང་འཁུར་ཞེས་མཚན་གསོལ། དེ་ནས་ཁོ་ནི་རྒྱལ་མཚམས་སྲུང་བའི་དཔུང་ཚོགས་ཡན་ལག་གསུམ་གྱི་སྤྱི་དཔོན་དུ་བསྐོས། སྐབས་དེར་མཐེབ་དམག་བྲག་ར་བཀང་ཞེས་སྙན་པའི་གྲགས་པ་རིང་དུ་འབར་བའི་ཡུལ་ཁམས་འདི་ལ་མཐེབ་ཆེན་ཞེས་མིང་ཐོགས་པ་རེད། མངའ་བདག་ཁྲི་རལ་བ་ཅན་གྱི་དམག་ཁྲོད་དུ་དམག་དཔོན་དེ་བུད་འབྲོང་འཁུར་ཞེས་པ་དེའི་མཚན་ལས། དེ་སྒྲ་ཐེ་རུ་གྱུར་བ་དང་བུད་སྒྲ་བོ་ལ་གྱུར་བས་རྗེས་ནས་ཐེ་བོ་ཞེས་འབོད་པ་རེད། ད་ལྟ་སྡེ་མིང་ལ་མཐེ་བོ་དང་ཐེ་བོ། མཐེ་བུད། མཐེ་བུ། ཐེ་བུ་ཞེས་འབྲི་སྲོལ་འགའ་ཡོད་ཀྱང་། ཡོངས་གྲགས་སུ་ཐེ་བུ་ཞེས་འབྲི་བཞིན་ཡོད་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-19

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།