སྲིད་འཛིན་སྲིད་གཅོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲིད་འཛིན་དོ་དམ་བྱ་བའི་ཐོག་མཐའ་ཀུན་ཏུ་སྲིད་འཛིན་སྲིད་གཅོད་བྱ་བ་དང་། དེ་ནས་སྲིད་འཛིན་ལག་བསྟར་བྱ་བ། སླར་ཡང་སྲིད་གཅོད་དང་སླར་ཡང་ལག་བསྟར་བྱེད་པའི་ཡང་བསྐོར་བསྐྱར་བསྐོར་གྱི་གོ་རིམ་མང་པོ་བརྒྱུད་དགོས། དེ་རྣམས་ཀྱི་ནང་ནས་སྲིད་འཛིན་སྲིད་གཅོད་བྱ་བ་ནི་ཆེས་ཐོག་མའི་ལྷུ་ཚིགས་གནད་འགག་ཅན་ཞིག་དང་དོ་དམ་བྱ་འགུལ་རྣམས་ཀྱི་ཕན་ནུས་འབྱུང་གནས་ཀྱི་རྨང་གཞི་ལྟ་བུ་ཡིན། སྲིད་འཛིན་མགོ་ཁྲིད་པ་རྣམས་ཀྱིས་སྲིད་འཛིན་སྲིད་གཅོད་བྱ་བ་གལ་ཆེན་ཡིན་པའི་འདུ་ཤེས་ཤུགས་དྲག་པོའི་སྒོ་ནས་སྲིད་གཅོད་བྱ་འགུལ་སྤེལ་བའི་གཙོ་ཤུགས་བྱེད་པ་དང་། རྩ་དོན་དང་། གོ་རིམ་སོགས་ཚན་རིག་ལ་མཐུན་པའི་བྱེད་ཐབས་རྣམས་སྤྱོད་དགོས་པར་མ་ཟད། ཆ་འཕྲིན་ལ་བརྟེན་དགོས་ཤིང་ཆ་འཕྲིན་ནི་སྲིད་འཛིན་སྲིད་གཅོད་བྱ་བའི་རྨང་གཞི་དང་། སྲིད་འཛིན་ལག་བསྟར་ཁྲོད་ཀྱི་མཛུབ་སྟོན་དང་། འབྲེལ་གཏུག མཐུན་སྡེབ། ལྟ་སྐུལ། ཚོད་འཛིན་ནུས་བྱེད་ཅིག་དང་། རིམ་པ་སོ་སོའི་སྲིད་འཛིན་རྩ་འཛུགས་ཕན་ཚུན་འབྲེལ་གཏུག་ནུས་བྱེད་ཀྱི་འཆིང་ཐག་ལྟ་བུར་ཡིན་པར་ངོས་བཟུང་སྟེ་སྲིད་འཛིན་སྲིད་གཅོད་དམངས་གཙོ་ཅན་དང་ཚན་རིག་ཅན། གཞི་རྩའི་རྩ་དོན་དང་གཞི་རྩའི་གོ་རིམ། སྲིད་གཅོད་ལམ་ལུགས་རྣམས་འཐུས་ཚང་དུ་འགྱུར་བར་བརྩོན་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
行政决策
ཁོངས་གཏོགས།
སྲིད་འཛིན་དོ་དམ།
1 སྲིད་འཛིན་སྲིད་གཅོད་བྱ་བའི་གོ་དོན་དང་ཁྱད་ཆོས།
1_1 སྲིད་འཛིན་སྲིད་གཅོད་བྱ་བའི་གོ་དོན།

“སྲིད་གཅོད”(决策)ཀྱི་སྒྲ་བཤད་ནི། སྲིད་ཇུས་དང་འཐབ་ཇུས་སྣ་ཚོགས་ཐག་གཅོད་དང་གཏན་འབེབས་བྱེད་པའི་དོན་ཡིན། འདིར་སྲིད་གཅོད་དང་སྲིད་འཛིན་སྲིད་གཅོད་ཅེས་པའི་གོ་དོན་མི་འདྲ་བ་གཉིས་ལས། སྲིད་གཅོད་ནི་མི་རྣམས་ཀྱིས་

དམིགས་འབེན་ངེས་ཅན་མངོན་འགྱུར་དུ་བྱ་འགུལ་ཇི་ལྟར་སྤེལ་བའི་འཆར་ཟིན་འདེམ་པ་དང་། གཏན་འབེབས་གནང་བའི་གོ་རིམ་དེ་ཡིན། སྲིད་འཛིན་སྲིད་གཅོད་ནི་དོ་དམ་ཇུས་འགོད་ཁྲོད་ཀྱི་རྣམ་གྲངས་ཤིག་ཡིན་ཏེ། རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་དོ་དམ་འགན་ནུས་འདོན་སྤེལ་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་དོན་གཅོད་བྱ་བ་རྣམས་ཁྲིམས་ལུགས་ལྟར་ཐག་གཅོད་པར་བློ་འདོན་དང་གཏན་འབེབས་གནང་བའི་བྱ་འགུལ་ལ་གོ་དགོས། དེར་ནང་དོན་གསུམ་ལས། དང་པོ། སྲིད་འཛིན་སྲིད་གཅོད་ཡིན་ཕྱིན། སྲིད་གཞུང་གི་སྲིད་འཛིན་བྱ་སྤྱོད་ཞིག་དང་། ངོ་བོའི་ཐོག་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་གཏན་འབེབས་གནང་ཡོད་པའི་སྲིད་འཛིན་དབང་ཆ་ཡོད་དགོས། གཉིས་པ། སྲིད་གཅོད་བྱ་བ་ནི་སྲིད་འཛིན་ལས་ཁུངས་ཡོད་ཚད་ཀྱི་ནུས་པ་གལ་ཆེན་སྟེ། རྒྱལ་ཁབ་ཀྱི་འདོད་བློ་དང་། རང་ཉིད་ལུགས་སྲོལ་ཅན་དང་རྩ་འཛུགས་ཅན་དུ་འགྱུར་བའི་བྱ་སྤྱོད་མཚོན། གསུམ་པ། སྲིད་འཛིན་ལས་ཁུངས་ཀྱིས་སྤྱི་དོན་གཏན་འབེབས་གནང་དུས་སྲིད་འཛིན་དོ་དམ་བྱ་འགུལ་གྱི་གོ་རིམ་ལ་བརྩི་སྲུང་དང་གནད་དོན་ཐག་གཅོད་པའི་ཐད་དུ་བྱ་དངོས་འཕེལ་རྒྱས་ཀྱི་ཕྱི་ཡུལ་ཆོས་ཉིད་གཞིར་བཟུང་སྟེ་འཆར་ཟིན་སྣ་མང་སྒྲིག་འཛུགས་དང་། དེ་ལས་ལེགས་ཤིང་ཡིད་ཚིམ་པ་འདེམས་ནས་ཁྲིམས་ལུགས་ལྟར་ལག་བསྟར་གནང་དགོས།

1_2 སྲིད་འཛིན་སྲིད་གཅོད་བྱ་བའི་ཁྱད་ཆོས།

སྲིད་འཛིན་སྲིད་གཅོད་བྱ་བར་སྤྱིར་བཏང་ཇུས་གཅོད་དང་མཚུངས་པའི་ཁྱད་ཆོས་ཐུན་མོང་བ་འདི་དག་འཛོམས་ཡོད།

①ཁ་གཏད་རང་བཞིན་ལྡན་པ(ཐག་གཅོད་དགོས་པའི་གནད་དོན་ངོ་མར་ཁ་གཏོད་དགོས་པ)

②དམིགས་འབེན་གྱི་རང་བཞིན་ལྡན་པ(སླེབས་ཐབས་ཀྱི་དམིགས་འབེན་བྱེ་བྲག་པ་གཏན་ལ་འབེབས་པ)

③འདེམས་སྒུག་རང་བཞིན་ལྡན་པ(འཆར་ཟིན་ཁ་ཤས་ཁྲོད་ནས་ལེགས་གྲས་བདམ་པ)

④ལེགས་བསྒྱུར་རང་བཞིན་ལྡན་པ(དམིགས་འབེན་ལེགས་བསྒྱུར་དང་།   ལག་བསྟར་གྱི་ཐབས་ལམ་དང་བྱེད་ཐབས་སོགས་ལེགས་བསྒྱུར)

⑤སྔོན་དཔོག་རང་བཞིན་ལྡན་པ(མ་འོངས་པའི་སྤྱོད་ལམ་སྤེལ་བའི་ཁོར་ཡུག་དང་། ཆ་རྐྱེན། འགྱུར་ལྡོག ཕན་འབྲས་བཅས་སུ་སྔོན་དཔོག)བཅས་སོ།།

2 སྲིད་འཛིན་སྲིད་གཅོད་བྱ་བའི་གོ་རིམ།

སྲིད་གཅོད་བྱ་བའི་གོ་རིམ་ནི་སྲིད་གཅོད་བྱ་བའི་སྔ་རྗེས་འགྲོ་སྟངས་ཀྱི་རིམ་པར་གོ་དགོས། སྲིད་གཅོད་བྱ་བའི་གོ་རིམ་ཚན་རིག་ལ་མཐུན་མིན་ཞིབ་འཇུག་དང་རྒྱུས་ལོན་བྱས་ན། སྲིད་གཅོད་བྱ་བའི་ཆོས་ཉིད་བེད་སྤྱོད་དང་ཚོད་འཛིན་ནུས་ཤིང་། སྲིད་འཛིན་སྲིད་གཅོད་བྱ་བའི་ཚན་རིག་རང་བཞིན་གྱི་ཆུ་ཚད་ཇེ་མཐོར་གཏོང་ཐུབ། སྲིད་གཅོད་བྱ་བའི་སྤྱིར་བཏང་གི་གོ་རིམ་གཤམ་གསལ་གྱི་རེའུ་མིག་ལྟར།

སྲིད་གཅོད་བྱ་བའི་སྤྱིར་བཏང་གོ་རིམ།

.jpg                   

3 སྲིད་འཛིན་སྲིད་གཅོད་བྱ་ཐབས།
3_1 རྗེས་དཔོག་རིག་པས་སྤྱོད་ཐབས།

འདིར་རྩ་བའི་རང་བཞིན་གྱི་སྲིད་གཅོད་དང་ཚན་རིག་སྲིད་གཅོད་ཅེས་པའི་མིང་གིས་འབོད་ཚུལ་ཡོད། རྗེས་དཔོག་རིགས་པ་ཆ་ཚང་སྤྱོད་པའི་སྲིད་གཅོད་བྱེད་ཐབས་འདིའི་བླང་བྱ་ལྟར་ན་སྲིད་གཅོད་པས་ཕྱོགས་སོ་སོར་བསམ་བློ་གཏོང་བའི་མ་ལག་ལྟ་ཚུལ་བཟུང་སྟེ། འབྲེལ་ཡོད་དཔྱད་གཞི་ཡོད་ཚད་གཅིག་ཀྱང་མ་ལུས་པར་འཚོལ་སྡུད་དང་། རིན་ཐང་ལྡན་པའི་རྒྱུ་རྐྱེན་ཡོད་རིགས་ཀུན་ལ་བསམ་བློ་བཏང་སྟེ། གྲབས་འདེམས་ཇུས་གཞི་མང་པོ་འདོན་སྤྲོད་ཅི་ཐུབ་བྱེད་པ་དང་། དེའི་ནང་ནས་ཇུས་གཞི་ཆེས་ལེགས་པོ་སྡུར་འདེམས་བྱས་ནས་མཐའ་མཇུག་གི་འདེམས་སྒྲུག་ཇུས་གཞིར་ཕུལ་དགོས། སྲིད་གཅོད་བྱེད་ཐབས་འདིར་ཚན་རིག་རང་བཞིན་དང་ཡང་དག་རང་བཞིན་གྱི་ཚད་མཐོ་པས། མཐོ་རིམ་སྲིད་འཛིན་མགོ་ཁྲིད་པ་རྣམས་ཀྱིས་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་ཅན་གྱི་སྲིད་གཅོད་བྱེད་དུས་ཕན་ནུས་ཤིན་ཏུ་ཆེ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཡིན་ན་ཡང་། ཚན་རིག་གི་སྲིད་གཅོད་བྱེད་ཐབས་འདིར་ཚད་བཀག་གི་རང་བཞིན་ངེས་ཅན་ཡོད་དེ། དང་པོ་ནི། སྲིད་འཛིན་མགོ་ཁྲིད་པ་དཀྱུས་མ་ཞིག་ལ་དཔྱད་གཞི་དེ་འདྲ་མང་པོ་འཛོམས་ཐབས་མེད་པ་དང་། འགྲོ་གྲོན་དང་དུས་ཚོད་དེ་འདྲ་མང་པོ་ཡོད་མི་ཐུབ་ལ། ཁོ་ཚོའི་ཤེས་ཡོན་གྱི་ཆུ་ཚད་ཀྱི་ངོས་ནས་བཤད་ན། འབྲེལ་ཡོད་དཔྱད་གཞི་ཡོད་ཚད་འཚོལ་སྡུད་དང་རིན་ཐང་གི་ཚད་ཇི་འདྲ་ཡིན་པར་རྒྱུས་ལོན་གཏིང་ཟབ་དང་བརྡར་ཤ་ཡང་དག་གཅོད་མི་ཐུབ། གཉིས་པ་ནི། སྲིད་གཅོད་བྱེད་ཐབས་འདིའི་བླང་བྱའི་ཆ་རྐྱེན་ཚང་མ་ཅུང་ཙམ་མཐོན་པོ་ཡིན་པས། སྲིད་གཅོད་བྱེད་ཐབས་འདི་སྤྱོད་དགོས་ན་རིག་གནས་ཡོན་ཏན་ཅུང་ཙམ་མཐོ་ཞིང་ཚན་ཁག་སྣ་མང་ལ་མཁས་པའི་ཆེད་ལས་ཙུའུ་དང་། བློ་མཛོད་ཚོགས་པ་དང་། གློག་རྡུལ་རྩིས་འཁོར་སོགས་དེང་རབས་ཀྱི་སྔོན་ཐོན་ལག་རྩལ་ལ་བརྟེན་དགོས་པར་མ་ཟད། ནོར་ཤུགས་དང་དུས་ཚོད་འབོར་ཆེན་སྤྱོད་དགོས་པས། ཐབས་འདི་ནི་རྟག་ཏུ་མཐོ་རིམ་གྱི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་ཅན་གྱི་སྲིད་གཅོད་བྱ་བར་སྤྱོད་པར་འཚམས། མི་རྣམས་ཀྱི་ལྟ་ཚུལ་ལྟར་ན། བྱེད་ཐབས་འདི་ནི་ཁོངས་གཏོགས་དང་མ་ལག་ཚང་བའི་བྱེད་ཐབས་ཤིག་ཡིན་རུང་། ལག་བསྟར་བྱེད་དཀའ་བའི་ལྟ་ཚུལ་འཛིན་བཞིན་ཡོད།

3_2 རིམ་འཕར་སྲིད་གཅོད།

འདིར་མུ་འབྲེལ་ཚད་སྡུར་གྱི་ཐབས་ཟེར་ཚུལ་ཡོད། སྲིད་གཞུང་གི་སྲིད་འཛིན་སྡེ་ཁག་དང་ཁེ་ལས་དོན་ལས་སྡེ་ཁག་ཁྲོད་ཀྱི་དོན་དངོས་ཀྱི་སྲིད་གཅོད་བྱ་བ་ཆེས་མང་པོ་ཞིག་ནི་རྟག་ཏུ་རིམ་འཕར་སྲིད་གཅོད་ཀྱི་ཐབས་འདི་ཡིན། ཨ་རིའི་དེང་རབས་ཀྱི་སྲིད་འཛིན་རིག་པ་བ་ལིན་ཏུ་པུའུ་ལུའོ་མུའུ(林德布洛姆)ལྟ་ཚུལ་ལྟར་ན། སྤྱི་དོན་སྲིད་འཛིན་བྱ་བའི་ཁོར་ཡུག་ཁྲོད་སྲིད་གཅོད་བྱེད་དུས། “ཐོག་མར་དམིགས་འབེན་གཏན་འབེབས་དང་།    གྲབས་འདེམས་ཇུས་གཞི་སྣ་མང་འགོད་པ། དེ་ནས་ཇུས་གཞི་ལེགས་པོ་འདེམས་སྒུག་བྱེད་པ། མཇུག་མཐར་ཇུས་གཞི་ལག་བསྟར་བྱ་བའི་མགོ་རྩོམ་པ”སོགས་ཀྱི་གོ་རིམ་དེ་དག་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱེད་ཀྱིན་མེད་པའི་ངོས་འཛིན་གནང་། སྲིད་འཛིན་སྡེ་ཁག་གི་སྲིད་གཅོད་གནང་བའི་བྱ་བ་མང་པོ་ནི་རིམ་འཕར་གོ་རིམ་དུ་གནས་ཡོད་དེ། སྲིད་གཅོད་བྱ་བ་འགོ་ཚུགས་དུས་སུ་ལག་བསྟར་དམིགས་འབེན་ད་དུང་གསལ་བོ་མིན་ཀྱང་། སྲིད་གཅོད་ཆུང་ངུ་སྣ་ཚོགས་རིམ་པར་གནང་བ་དེ་དག་ཁ་ཕྱོགས་ཆེ་བའི་ཕྱོགས་སུ་འཕེལ་བ་དང་རིམ་བཞིན་དམིགས་འབེན་ངོས་བཟུང་སྟེ། རྒྱུན་ཆད་མེད་པར་འབྱུང་བཞིན་པའི་ཚད་བཀག་ཆ་རྐྱེན་འོག་དམིགས་འབེན་ལ་དག་བཅོས་གནང་བ་དང་། དེ་ལྟ་བུའི་གོ་རིམ་བརྒྱུད་ནས་སླེབས་པའི་མཇུག་མཐའི་དམིགས་འབེན་དེ་ཉིད་ཐོག་མའི་བསམ་ཚུལ་དང་སྡུར་ན་ཕན་ཚུན་མི་གཅིག་པ་དང་། ཁྱད་པར་ཆེ་བའི་གནས་ཚུལ་འབྱུང་སྲིད། 1984ལོར་རང་རྒྱལ་གྱི་དཔལ་འབྱོར་ལམ་ལུགས་བཅོས་བསྒྱུར་བྱ་བ་འཕེལ་རྒྱས་སུ་ཕྱིན་ཏེ། རིན་གོང་མ་ལག་བཅོས་བསྒྱུར་བྱེད་པའི་དུས་སུ་སླེབས། སྐབས་དེར་རིམ་འཕར་སྲིད་གཅོད་བྱེད་ཐབས་བཀོལ་ནས་བཅོས་བསྒྱུར་ཁྲོད་ཀྱི་གནད་དོན་མང་བོ་སྲིད་གཅོད་གནང་། རིམ་འཕར་སྲིད་གཅོད་བྱེད་ཐབས་སྤྱོད་ཚེ། སྲིད་གཅོད་པར་དམིགས་འབེན་གྱི་བསམ་བློ་དང་། ཁ་ཕྱོགས་ཤིག་ཡོད་དགོས།

3_3 ཉེ་རིང་གཉིས་ཀ་ཟུང་དུ་སྦྲེལ་ཐབས།

གཞུང་ལུགས་ཀྱི་ངོས་ནས་བརྟག་ན་བྱ་ཐབས་འདི་ཅུང་ཙམ་འགྲིག་པར་འདོད།    རགས་བསྡུས་ཤིག་བཤད་ན། རྗེས་དཔག་དང་གཞུང་ལུགས་ཀྱི་གྲུབ་ཆ་དང་། རྒྱང་རིང་གི་དམིགས་འབེན་གཏན་ལ་འབེབས་པ། སྲིད་གཅོད་བྱེད་ཁོངས་ཀྱི་གདན་དོན་ཡོད་རིགས་ཀུན་ཕྱགས་འགོད(扫描)གནང་སྟེ་ཕྱོགས་ཡོངས་སུ་ཞིབ་བཤེར་གནང་བར་ཤུགས་སྣོན་རྒྱག་པ། ལོ་རྒྱུས་དང་མིག་སྔའི་གནས་ཚུལ་གཞིར་བཟུང་ནས། སྟབས་བསྟུན་བྱེད་ཐབས་འོས་འཚམ་བེད་སྤྱོད་གཏོང་བ། བྱ་བ་རྙོག་དྲ་དགོས་པ་མེད་པ་ཇེ་ཉུང་དུ་གཏོང་བ། ཡིད་ཀྱི་སྟོབས་ཤུགས་ཡོད་ཚད་ཕྱགས་འགོད་གནང་བ་ལས་མཐོང་བའི་གནད་དོན་གལ་ཆེན་དུ་ཕྱོགས་པ་དང་། སླར་ཡང་ཕྲ་མཐོང་ཆེ་ཤེལ་སྤྱད་ནས་རྟོག་དཔྱོད་ཞིབ་ཕྲ་གནང་དགོས་བཅས་སོ།། རྒྱང་རིང་གི་ཇུས་གཞིར་བརྟེན་ན་མིག་སྔའི་བྱེད་ཐབས་དང་ངོ་བོ། ཁ་ཕྱོགས་བཅས་ཐག་གཅོད་ཡང་དག་བྱེད་ཐུབ། དེ་ཡང་ལྡོག་ནས་བཤད་ན། མིག་སྔའི་གནས་ཚུལ་གཞིར་བཟུང་ནས་རྒྱང་ཐག་ཅུང་རིང་བའི་དམིགས་འབེན་བཟོ་བཅོས་དང་ལེགས་སྒྲིག་བྱེད་དགོས། གཞུང་ལུགས་འདི་ཐོས་མ་ཐག་རྣ་བའི་བདུད་རྩི་ལྟར་སྙན་པ་ཞིག་ཡིན་ཀྱང་།    ལག་ལེན་དངོས་ཀྱི་ཁྲོད་ནས་རྒྱང་རིང་གི་དམིགས་འབེན་དང་མིག་སྔའི་འཆར་གཞི་གཅིག་མཐུན་ཡིན་པ་དང་། གཞུང་ལུགས་དང་ལག་ལེན་གཉིས་ཀ་ཟུང་འབྲེལ་དམ་པོ་བྱེད་དཀའ་བ་དང་། སྲིད་འཛིན་སྲིད་གཅོད་བྱ་བའི་ལག་ལེན་ཁྲོད་རྒྱང་རིང་གི་དམིགས་འབེན་སྒྲིག་འཛུགས་བྱེད་དུས་སུ་མིག་སྔའི་སྲིད་གཅོད་བྱེ་བྲག་པར་ཇི་ལྟར་སྦྲེལ་དགོས་པར་སྔོན་དཔོག་བྱེད་དཀའ་ལ། སྟབས་བསྟུན་བྱེད་ཐབས་སྤྱོད་དུས་སུའང་རྟག་ཏུ་རྒྱང་རིང་གི་ཁེ་ཕན་དམིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་བཙལ་དཀའ།




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།