ཐོ་རྒྱ་གྲོང་རྡལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐོ་རྒྱ་གྲོང་རྡལ།
ཐོ་རྒྱ་གྲོང་རྡལ་ཞེས་པ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་རོང་བོ་གྲོང་རྡལ་གྱི་བྱང་ཕྱོགས་སུ་སྤྱི་ལེ་བཅོ་ལྔ་ཕྱིན་མཚམས་ཏེ། བན་དེ་སྒང་དམ་ལྷ་ཐོ་ཐོ་རི་ཞེས་པའི་རྩ་བར་གཞིས་ཆགས་ཤིང་། ཤར་ལྷོ་ནས་ཨ་མྱེས་སྨན་རི་དང་ནུབ་ཏུ་རོང་བོ་དགུ་ཆུ། ལྷོ་ན་སྡེ་བའི་ཁྱིམ་མཚེས་བྱ་དཀར་ལུང་དང་སྟག་ཡན། བྱང་དུ་སྨད་པ། ནུབ་ལྷོ་ན་གར་རྩེབ་གདོང་། ནུབ་བྱང་དུ་བོད་སྐོར་དང་འབྲེལ་ལ། མཐོ་ཚད་ལ་མཚོ་ངོས་ལས་ཆེས་མཐོ་བར་སྨི2432དང་མཚོ་ངོས་ལས་ཆེས་དམའ་བའི་ཚད་སྨི2350ཡོད། མངའ་ཁོངས་སུ་རེབ་གོང་ནས་ཞོང་ཧྭ་དང་རེབ་གོང་ནས་ཀ་ཅི། རེབ་གོང་ནས་ཟི་ལིང་སོགས་ལ་བགྲོད་པའི་གཞུང་ལམ་ཡོད་པ་མ་ཟད། དར་གྲོང་ལུང་བ་དང་རྒྱལ་བོ་ཞང་ཀླད་ཀི་ཁོག་ནས་བཞུར་བའི་ཆུ་ཕྲན་ཡང་ལྷ་མོ་མཚོའི་ལུང་བ་བརྒྱུད་ནས་དགུ་ཆུར་འབབ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
保安镇
ལ་ཏིང་གི་མིང་།
tho rgy
སྲིད་འཛིན་རིགས་དབྱེ།
གྲོང་རྡལ།
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་།
མངའ་ཁོངས།
མཁར་ནང་མ་དང་མཁར་ཕྱི་མ། མཁར་གསར་བ། ཚོ་འདུ། བོད་སྐོར། བྱང་ཆུབ། བྱ་དཀར་ལུང་། གར་རྩེབས་གདོང་། གླིང་རྒྱ། འཇམ། ཁྱུང་བོ། སྡོང་སྐམ། སེར་རྒྱ། ཁ་རྒྱ་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང14ཡོད།
སྲིད་གཞུང་གནས་ཡུལ།
ཐོ་རྒྱ་གྲོང་རྡལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ102.9ཡོད།
མི་གྲངས།
ཕལ་ཆེར་མི་ཁྲི0.5ཡོད།
སྐད་རིགས།
བོད་ཨ་མདོའི་སྐད།
གནམ་གཤིས།
མཐོ་སྒང་ནམ་ཟླ།
གནས་ཡུལ།
རོང་བོ་གྲོང་རྡལ་གྱི་བྱང་ཕྱོགས་ཏེ་བན་དེ་སྒང་དམ་ལྷ་ཐོ་ཐོ་རི་ཞེས་པའི་རྩ་བར་ཆགས་ཡོད།
1 ངོ་སྤྲོད།

སྤྱིར་རེབ་གོང་རྫོང་ལས་ཐོ་རྒྱ་ས་ཆའི་ནམ་ཟླ་དྲོ་ཞིང་ས་གཤིས་བཟང་པས། རྨོད་འདེབས་ཀྱི་ལས་ཀ་གཉེར་བར་མཐུན་རྐྱེན་ཤིན་ཏུ་ལེགས་ལ། འདེབས་རྒྱ་མུའུ་གྲངས3000ཡོད་དེ། གཙོ་ཆེར་གྲོ་ནས་སྲན་གསུམ་དང་སྐེ་ཚེ། ཉུང་མ་སོགས་འདེབས་པར་མ་ཟད། སིལ་ཏོག་ཀུ་ཤུ་དང་དགུན་སིལ། སིལ་ཁམ་བུ། གཡེར་མ་སོགས་དང་། ཚོད་དཀར་དང་ལ་ཕུག ཞི་བཀཱའ། ཆེ་ཙི། ཆིན་ཚེ། ཞི་ཧོང་ཧྲི། ལ་ཅོ་སོགས་སྔོ་ཚལ་དང་། སྨན་རྩྭ་འདེབས་པ་བཅས་དཔལ་འབྱོར་ལོ་ཏོག་གཉེར་བས་རིམ་གྱིས་སྟོབས་འབྱོར་རྒྱས་པར་གྱུར།

སྨད་པ་ནི་རེབ་གོང་རྫོང་གི་བྱང་ཕྱོགས། རོང་བོ་གྲོང་རྡལ་གྱི་བར་ཐག་ལ་སྤྱི་ལེ་བཅུ་བདུན་ཡོད་པའི་སར་གཞི་བཟུང་ཞིང་། ལྷོར་ཐོ་རྒྱ་དང་ཞོ་འོང་དཔྱིས། བྱང་དུ་གཅན་ཚ་རྫོང་། ཤར་དུ་ཞོང་ཧྭ་རྫོང་དང་ཀ་རིང་ཡུལ་ཚོ། ནུབ་ཧོར་ནག་ཡུལ་ཚོ་དང་འབྲེལ་ལ། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ221.97ཡོད། ཡུལ་ཚོ་འདི་ནི་རོང་བོ་དགུ་ཆུའི་སྨད་ཕྱོགས་ཏེ། རེབ་གོང་སྟོད་པ་ལ་ལྟོས་ནས་སྨད་པ་ཞེས་བཏགས་པ་རེད།

སྤྱི་ལོ1984ལོར་སྨད་པ་ཡུལ་ཚོ་སླར་གསོ་བྱས་ཤིང་། དེའི་ཁོངས་སུ་ཁྱུང་བོ་དང་སྡོང་སྐམ། འཇམ། གླིང་རྒྱ། ཁ་རྒྱ། སེར་རྒྱ་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང་དྲུག་དང་སྡེ་ཆུང་ཉེར་གསུམ་འདུས། ཡུལ་ཚོ་སྲིད་གཞུང་ནི་རྐ་བར་མ་སྡེ་བའི་གོང་རོལ་དུ་གཞི་བཟུང་ཞིང་། གཙོ་བོར་ཞིང་ལས་གཉེར་བ་དང་ཕྱུགས་ལས་ཀྱང་ཅུང་ཟད་གཉེར་བཞིན་ཡོད།

ཡུལ་ཚོ་ཡོངས་ནི་རོང་བོ་དགུ་ཆུའི་ལུང་ཁོག་ཏུ་ཆགས་ཡོད་པས། ས་དབྱིབས་ཤར་མཐོ་ཞིང་ནུབ་དམའ་བ་རེད། མངའ་ཁོངས་ནི་མཚོ་ངོས་ལས་ཆེས་མཐོ་བའི་ཚད་སྨི3778དང་། མཚོ་འཕགས་ཆེས་དམའ་བ་སྨི2100ཡིན།

ནམ་ཟླ་དྲོ་ལ་ས་གཤིས་ལེགས་ཏེ། ཆུ་རྐ་འཕྲེད་གཞུང་དུ་དྲ་བ་ལྟར་བསྣོལ་བས་ཆུ་གཏོང་བར་ཕན་ཐོགས་ཆེ། འདི་ནི་རེབ་གོང་དུ་འབྲུ་རིགས་ཐོན་སྐྱེད་བྱེད་པའི་ས་ཁུལ་གཙོ་བོ་ཞིག་ཡིན། རྨོད་འདེབས་ཀྱི་ས་ཁྱོན་ལ་མུའུ་གྲངས8529ཡོད་ལ། དེའི་ནང་དུ་ཞིང་ཆུ་མ་མུའུ་གྲངས 7298ཡོད་ཅིང་། གཙོ་ཆེར་གྲོ་ནས་གཉིས་དང་སྐེ་ཚེ་སོགས་འདེབས་བཞིན་ཡོད། མུའུ་རེའི་འབྲུ་རིགས་ཐོན་ཚད་རྒྱ་མ532ཡས་མས་ཞིག་རེད། རྩྭ་སའི་ས་ཁྱོན་ལ་མུའུ་གྲངས317405 ཡོད་པ་ལས།  བཀོལ་སྤྱོད་བྱེད་ཆོག་པའི་མུའུ་གྲངས304881ཡོད།  ཕྱུགས་རིགས20813ཡོད།

སྤྱི་ལོ2001ལོར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རེབ་གོང་རྫོང་ཐོ་རྒྱ་དང་སྨད་པ་ཡུལ་ཚོ་གཉིས་གཏོར་བ་དང་དེ་གཉིས་གཅིག་ཏུ་བསྒྲིལ་ནས། ཐོ་རྒྱ་གྲོང་རྡལ་བཙུགས་པ་དང་། དེའི་མངའ་ཁོངས་སུ་(གྲོང་རྡལ་སྲིད་གཞུང་སྔར་གྱི་ཐོ་རྒྱ་ཡུལ་ཚོ་སྲིད་གཞུང་གནས་ཡུལ་དུ་བཙུགས) མཁར་ནང་མ་དང་མཁར་ཕྱི་མ། མཁར་གསར་བ། ཚོ་འདུ། བོད་སྐོར། བྱང་ཆུབ། བྱ་དཀར་ལུང་། གར་རྩེབས་གདོང་། གླིང་རྒྱ། འཇམ། ཁྱུང་བོ། སྡོང་སྐམ། སེར་རྒྱ། ཁ་རྒྱ་བཅས་སྡེ་དམངས་ཨུ་ཡོན་ལྷན་ཁང14ཡོད།

ཐོ་རྒྱ་ནི་ལོ་རྒྱུས་ཀྱི་ཡུན་རིང་ཞིང་དམག་མིའི་སྡོད་གནས་ཀྱི་ས་ཚིགས་ཞིག་སྟེ། ཆེས་སྔ་བ་ཡོན་རྒྱལ་རབས་སྐབས་སྤྱི་ལོ1279ནས1363ལོའི་བར་དམག་བསྡད་ནས་ས་སྲུང་བྱེད་ཅིང་། རིམ་གྱིས་དམག་སྡོད་སའི་ས་ཚིགས་ཀྱང་ཇེ་རྒྱས་སུ་སོང་། སྤྱི་ལོ1774ལོར་ཕལ་ཆེར་ཐོ་རྒྱའི་གནའ་མཁར་བསྐྱར་དུ་བཟོ་སྐྲུན་བྱས།

དེ་ཡང་ནན་ཅིན་དང་ཧོའུ་ནན། ཧྲན་ཞི།(山西) ཧྲན་ཞི། ཀན་སུའུ། མེན་ཧུ། ལོ་ཏུའུ་སོགས་ནས་མཆེད་པས། ད་ལྟའང་རུས་མིང་མི་གཅིག་པ་ཉི་ཤུ་ལྷག་ཡོད་ཅིང་། དེ་དག་ཀྱང་ཕྱོགས་བཞི་མཚམས་བརྒྱད་ནས་གནས་འདིར་འཛོམས་ཏེ། ས་གནས་སོ་སོའི་སྔོན་ཐོན་གྱི་ལག་རྩལ་དང་རིག་གནས། སྒྱུ་རྩལ། འཚོ་བའི་གོམས་སྲོལ་སོགས་ཁྱེར་ཡོང་བ་ལ་བརྟེན་ནས་ཐོ་རྒྱ་ས་གནས་ཀྱི་དཔལ་འབྱོར་གོང་དུ་འཕེལ་བ་རེད།

ཐོ་རྒྱ་ཞེས་པའི་མིང་དེ་ཇི་ལྟར་ཐོགས་པ་ཡིན་ཞེ་ན། སྔོན་དགོན་རྙིང་ཞིག་གི་ཤུལ་དུ་དུང་དཀར་ཐང་ཟེར་བ་དེ་ན། དུང་དཀར་ཆུ་མིག་ཟེར་བ་ཞིག་ཡོད་པ་དེར་བྱམས་ཁང་རྟེན་བརྟེན་པ་བཞེངས་ཡོད་ལ། བྱམས་ཁང་མདུན་དུ་རྡོ་རིང་ཞིག་བཙུགས་ཡོད་པར། གོང་མས་བཀས། ས་ཆ་ནི་བོད་སྐོར་དགོན་པར་གཏོགས་པ་ཡིན། སྲིད་གཞུང་ལ་འདུག་སའི་མཁར་དང་། འཐུང་སའི་ཆུ། འགྲོ་སའི་གོང་ཁའི་ལམ་བཅས་ལས་གཡོར་མི་དགོས་ཞེས་བྲིས་འདུག  དེ་ནས་རིམ་བཞིན་དམག་ཁང་ལས་ཤིང་མཁར་བརྩིགས་པའི་ཤུལ་ཡོད་ལ། དེ་ནི་ད་ལྟ་ཐོ་རྒྱའི་དབྱིན་ཧྥང་ཟེར་བའི་ས་དེ་ཡིན། དགོན་པའི་རྒྱབ་རི་ལ་རྒྱ་བོད་འདྲེས་མའི་སྐད་དུ་བླ་མ་ཧྲན་ཟེར་བ་དང་། བོད་རང་སྐད་བན་དེ་སྒང་ངམ་ལྷ་ཐོ་ཐོ་རི་ཟེར་བས། ཐོ་རྒྱ་ཞེས་པའི་རྒྱབ་རིའི་མིང་དེ་ཡུལ་སྡེར་ཐོགས་པར་གྲགས། རྗེས་སུ་རྐྱེན་དབང་གིས་དགོན་པ་སྤོར་དགོས་བྱུང་བས། དགོན་གཞིས་སྤོར་བའི་རྗེས་སུ་ཡང་། ལས་སྣ་བསྐྱངས་ཟིན་པའི་རྒན་པ་རྣམས་ལོ་རེ་རེར་བཞི་བའི་ཚེས་གཅིག་ནས་བཟུང་ཉིན་ལྔའི་རིང་ལ་བྱམས་ཁང་དུ་མཆོད་པ་འབུལ་བར་འགྲོ་བའི་སྲོལ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།