སྲིད་འཛིན་ལས་ཁུངས་དོ་དམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལས་ཁུངས་ནི་སྲིད་འཛིན་དོ་དམ་བྱ་བའི་ཁྲོད་དུ་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་དང་། དེང་རབས་སྲིད་འཛིན་དོ་དམ་བྱ་བས་ཞིབ་འཇུག་བྱ་ཡུལ་གྱི་ནང་དོན་གཙོ་བོ་ཞིག་ཡིན། སྲིད་འཛིན་ལས་ཆོད་མཐོ་རུ་གཏོང་བ་ནི་སྲིད་འཛིན་དོ་དམ་བྱ་འགུལ་གྱི་མཐར་ཐུག་དམིགས་ཡུལ་ཡིན་པ་དང་། སྲིད་འཛིན་ལས་ཆོད་མཐོ་རུ་གཏོང་བའི་བྱ་བ་དེ་སྲིད་འཛིན་དོ་དམ་པའི་བྱང་ཚད་མཐོ་དམན་ལ་རག་ལས་པར་མ་ཟད། སྲིད་འཛིན་དོ་དམ་བྱ་འགུལ་འཁོར་སྐྱོད་ཀྱི་ཁོངས་གཏོགས་ལེགས་པོ་ཡོད་མེད། ལས་ཁུངས་རང་ཉིད་ཀྱི་བྱ་བ་དང་འཚོ་བའི་ཆ་རྐྱེན་བཟང་ངན། ལས་ཁུངས་ནང་ཁུལ་གྱི་བྱ་བའི་གོ་རིམ་སོགས་ཀྱི་གནས་ཚུལ་ལའང་རག་ལས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
行政机关管理
ཁོངས་གཏོགས།
སྲིད་འཛིན་དོ་དམ།
དཀར་ཆག
1   ལས་ཁུངས་དོ་དམ་བྱ་བའི་གོ་དོན་དང་ནུས་པ།  
1.1 ལས་ཁུངས་དོ་དམ་བྱ་བའི་གོ་དོན།
1.2 གཞུང་ལས་ཐིན(ཁང)གྱི་ནུས་པ།
1.3 སྲིད་འཛིན་ལས་ཁུངས་དོ་དམ་གྱི་ཁྱད་ཆོས་དང་རྩ་དོན།
2   སྲིད་འཛིན་ལས་ཁུངས་དོ་དམ་གྱི་ནང་དོན་གཙོ་བོ།
2.1 ཉིན་རྒྱུན་བྱ་བའི་གོ་རིམ་དོ་དམ་བྱེད་ཚུལ།
2.2 གྲོས་ཚོགས་དོ་དམ།
2.3 ཡིག་ཆ་དང་ཡིག་ཚགས་དོ་དམ།
2.4 ཞིབ་གཅོད་དང་ཡིག་བསྐུར་ངོ་གཏུག་སོགས་ཀྱི་དོ་དམ།
2.5 མཁོ་སྒྲུབ་ཞབས་ཞུའི་དོ་དམ།
2.6 ལས་ཁུངས་ཀྱི་ཁོར་ཡུག་དོ་དམ་དང་ལས་གནས་འགན་ཁུར་ལམ་ལུགས།
3   ལས་ཁུངས་དོ་དམ་བྱ་བ་ཚན་རིག་ཅན་དུ་བསྒྱུར་བ།
3.1 ལས་ཁུངས་དོ་དམ་བྱ་བ་ཚན་རིག་ཅན་དུ་འགྱུར་བའི་དགོས་ངེས་རང་བཞིན།
3.2 ལས་ཁུངས་དོ་དམ་ཚན་རིག་ཅན་དུ་བསྒྱུར་བའི་ནང་དོན་གཙོ་བོ།
1 ལས་ཁུངས་དོ་དམ་བྱ་བའི་གོ་དོན་དང་ནུས་པ།  
1_1 ལས་ཁུངས་དོ་དམ་བྱ་བའི་གོ་དོན།

ལས་ཁུངས་ནི་རྒྱལ་ཁབ་དང་སྲིད་ཏང་། དམག་དཔུང་། སྤྱི་ཚོགས་ཀྱི་ཚོགས་ཁག བཟོ་ལས་དང་དོན་ལས་སྡེ་ཁག་བཅས་ཀྱི་རང་བདག་འགན་ནུས་མངོན་འགྱུར་བྱེད་ཆེད་བཙུགས་པའི་གཏན་འཇགས་སྡེ་ཚན་ཞིག་ཡིན། དེས་རྩ་འཛུགས་རང་ཉིད་ཀྱི་བྱ་འགུལ་ལ་འགན་ཁུར་ཏེ་མཛུབ་སྟོན་དང་ཚོད་འཛིན། རྩ་འཛུགས་སོགས་ཀྱི་བྱ་བའི་ཐད་སྲོག་ཤིང་ལྟ་བུའི་ནུས་པ་འདོན་དགོས། དེ་ཡང་ལས་ཁུངས་ལ་ཁྱབ་ཆེ་ཆུང་གི་གོ་དོན་གཉིས་ཡོད་དེ། ཁྱབ་ཆེ་ས་ནས་བཤད་ན་སྲིད་གཞུང་ཞིག་གི་ཕྱོགས་བསྡུས་དོན་སྒྲུབ་སྡེ་ཁག་སྟེ། དེའི་ནང་དུ་སྲིད་གཞིང་གི་ཆེད་ལས་སོ་སོའི་སྡེ་ཁག་དང་ཐད་གཏོགས་སྡེ་ཚན་འདུས། ཁྱབ་ཆུང་ས་ནས་བཤད་ན། རིམ་པ་སོ་སོའི་སྲིད་གཞུང་གིས་སྣ་མང་རང་བཞིན་ཅན་གྱི་བྱ་བ་ཐག་གཅོད་བྱེད་ཆེད་བཙུགས་པའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་དོན་གཅོད་སྡེ་ཁག་སྟེ། གཞུང་སྒྲུབ་ཐིན(ཁང)ལྟ་བུར་གོ་དགོས། དེ་བཞིན་ལས་ཁུངས་དོ་དམ་ཞེས་པའི་ཚིག་ལའང་ཁྱབ་ཆེ་ཆུང་གི་གོ་དོན་གཉིས་ཡོད་དེ། ཁྱབ་ཆེ་ས་ནས་བཤད་ན་སྲིད་གཞུང་རང་ཉིད་ཀྱིས་འགན་བླངས་པའི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འགན་ནུས་བྱ་བར་དོ་དམ་བྱེད་པར་གོ་དགོས་ཤིང་། ཆུང་ས་ནས་བཤད་ན་རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གིས་བཙུགས་པའི་ཕྱོགས་བསྡུས་དོན་གཅོད་སྡེ་ཚན་གཞུང་སྒྲུབ་ཐིན(ཁང)ལྟ་བུ་སྟེ། ལས་ཁུངས་དེས་རང་གི་སྡེ་ཚན་གྱི་ཕྱོགས་བསྡུས་རང་བཞིན་ཅན་གྱི་ཉིན་རྒྱུན་བྱ་བ་དང་། སྒྲིག་སྲོལ་དང་ལམ་ལུགས།    བྱ་བའི་གོ་རིམ་སོགས་ལ་དོ་དམ་བྱེད་དགོས།   

1_2 གཞུང་ལས་ཐིན(ཁང)གྱི་ནུས་པ།

གཞུང་ལས་ཐིན(ཁང)གྱི་ནུས་པ་གཙོ་བོ་གཤམ་གསལ།

①བློ་འདོན་དང་ལག་རོགས་ཀྱི་ནུས་པ།

གཞུང་ལས་ཐིན(ཁང)ནི་ལས་ཁུངས་ནང་ཁུལ་གྱི་བསམ་འཆར་བརྗེས་རེས་དང་གནས་ཚུལ་རྒྱུས་ལོན་བྱེད་སའི་ར་བ་ལྟ་བུ་དང་། སྲིད་འཛིན་འགོ་ཁྲིད་པ་དང་མང་ཚོགས་ཕན་ཚུན་འབྲེལ་བ་འཛིན་བྱེད་ཀྱི་སྦྲེལ་ཐག་ལྟ་བུ། སྲིད་འཛིན་འགོ་ཁྲིད་པས་སྲིད་གཅོད་གཏན་འབེབས་དང་མཛུབ་སྟོན་གནང་བར་ལག་རོགས་ལྟ་བུ་ཡིན་ལ། ཕྱི་ཕྱོགས་ཀྱི་མི་སྣ་ལས་ཁུངས་ནང་དུ་གཞུང་དོན་གྲོས་སྡུར་བྱེད་དུ་ཡོང་ས་དང་། ཡིག་ཏར་ཐག་གཅོད་པ། ཆ་འཕྲིན་སོགས་སྡུད་གཏོང་བྱེད་པའི་སྡེ་ཁག་གལ་ཆེན་ཞིག་ཡིན།

②མཐུན་སྒྲིལ་དང་འབྲེལ་གཏུག་ནུས་པ།

དོ་དམ་བྱ་འགུལ་སྤེལ་བའི་ཁྲོད་དུ། གཞུང་ལས་ཐིན(ཁང)ཕྱོགས་སོ་སོའི་འབྲེལ་བ་མཐུན་སྒྲིག་ཡོང་བར་འབད་བརྩོན་དང་། གོང་མཐུད་རྗེས་འདྲེན། ཕྱི་ནང་འབྲེལ་འཛིན།     ཕྱོགས་མཚམས་ཀུན་ཏུ་འབྲེལ་གཏུག ཆ་འཕྲིན་ལྡོག་འདྲེན་བཅས་བྱས་ནས། ལས་ཁུངས་ཧྲིལ་བོའི་བྱ་བ་མཐུན་སྒྲིག་དང་ཕན་འབྲས་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱེད་པར་སྐུལ་དགོས།

③མཁོ་སྒྲུབ་འགན་ལེན་གྱི་ནུས་པ།

ཚན་རིག་གི་ཐབས་ཤེས་དང་ལམ་ལུགས་འོས་མཐུན་ཅན་བེད་སྤྱད་དེ་ལས་ཁུངས་དེར་ངེས་པར་མཁོ་བའི་སྒྲིག་ཆས་དང་། གྲོན་དངུལ། ནོར་རྗས་སོགས་སུ་དོ་དམ་གང་ལེགས་བྱས་ཏེ། ཕན་ནུས་སྔར་ལས་ཆེ་ཞིང་། ལས་ཁུངས་ཀྱི་བྱ་བའི་ལས་འགན་ལེགས་འགྲུབ་དང་ལས་ཁུངས་ཀྱི་བྱ་བའི་ཆ་རྐྱེན། གཞུང་ཞབས་པའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བར་མཁོ་སྒྲུབ་འགན་ལེན་གང་ལེགས་ཡོང་བ་བྱེད་དགོས།

1_3 སྲིད་འཛིན་ལས་ཁུངས་དོ་དམ་གྱི་ཁྱད་ཆོས་དང་རྩ་དོན།

①ལས་ཁུངས་དོ་དམ་བྱ་བའི་ཁྱད་ཆོས།

ལས་ཁུངས་དོ་དམ་བྱ་བའི་ཁྱད་ཆོས་ཆེས་གཙོ་བོ་ནི་ཞབས་ཞུ་བ་ཡིན་ཏེ། སྲིད་འཛིན་གཙོ་འཛིན་བྱ་བར་ཞབས་འདེགས་ཞུ་པ་དང་། ལས་ཁུངས་ནང་ཁུལ་གྱི་སྡེ་ཁག་སོ་སོ་དང་། གཞི་རིམ་ལ་ཞབས་འདེགས་ཞུ་དགོས། བྱེ་བྲག་གི་ཁྱད་ཆོས་ནི།

གཅིག འབྲེལ་ཡུལ་རྒྱ་ཆེ་པ། མཐོ་རིམ་ཀྲུང་དབྱང་ནས་དམའ་རིམ་ས་གནས་ཀྱི་གཞི་རིམ་གྱི་རྩ་འཛུགས་ཞང་དང་། གྲོང་རྡལ། དུད་ཁྱིམ་སོ་སོ། ཕྱི་ཕྱོགས་རྒྱལ་ཁབ་དང་། ཕྱི་ཕྱོགས་ཀྱི་ཞིང་ཆེན་ཀུན་ལ་འབྲེལ་བ་འཛིན་དགོས།

གཉིས། རྩག་རྩིག་དང་སྣེ་འཛིང་ཆེ་བ། གཞུང་ལས་ཐིན(ཁང)གྱི་བྱ་བ་དེ་ནི་བྱེད་སྒོའི་སྡེ་ཁག་ལྟར་སྣ་ཁ་གཅིག་རྐྱང་ཡིན་པ། དམིགས་ཡུལ་གསལ་བ། ཆེད་ལས་རང་བཞིན་ཤུགས་དྲག་པ་ལྟ་བུ་མིན་པར། རྩག་རྩིག་སྣེ་འཛིང་ཆེ་བའི་ལས་དོན་ཞིག་ཡིན། ཟས་གོས་འགྲོ་འདུག་དང་། བུད་ཤིང་། ཟ་འབྲུ། སྣུམ་རིགས། ཚྭ་ཁུ་སོགས་དོ་དམ་མི་བྱེད་པ་དང་དེར་མ་འདུས་པ་གཅིག་ཀྱང་མེད་པ་དེ་དག་མ་སྒྲུབ་པར་བསྐྱུར་ནས་བགྲོད་ཐབས་མེད་པ་དང་། བློ་ཡུལ་དུ་འཆར་དཀའ་ལ་ཡོངས་སུ་འགྲུབ་ཀྱང་དཀའ་བའི་བྱ་བར་ངེས།

གསུམ། འཐུས་སྒོ་ཚང་ཞིང་ཞིབ་ཚགས་ཡིན་དགོས་པ། གཞུང་ལས་ཐིན(ཁང)གྱི་བྱ་བ་དང་དོན་དག་རེ་རེ་བཞིན་རྩིས་སྤྲོད་དང་། གཏན་འབེབས། བཀོད་སྒྲིག་དང་ཞིབ་བཤེར་བཅས་བྱེད་དགོས་པ་ལས། ཧོལ་རྒྱུགས་དང་སྣང་ཆུང་གཏན་ནས་བྱེད་མི་རུང་།

②ལས་ཁུངས་དོ་དམ་བྱ་བའི་རྩ་དོན།

གཅིག “སྤྱི་ཚོགས་ཀྱི་སྤྱི་ཞབས་པ”ཡིན་པའི་རྩ་དོན། རྩ་དོན་དེ་ནི་ གཞུང་ལས་ཐིན(ཁང)ལ་དོ་དམ་བྱེད་པའི་རྩ་དོན་ཧ་ཅང་གལ་ཆེན་ཞིག་ཡིན། གོང་གསལ་རྩ་དོན་དང་འགལ་བའི་དཔོན་ཉམས་རིང་ལུགས་དང་། དབང་རྟེན་སྒེར་གཉེར་བ། ཁྱད་དབང་བསམ་བློ་ཅན་རྣམས་ལ་ངེས་པར་དུ་རྦད་ཆོད་ཀྱིས་ངོ་རྒོལ་བྱེད་པར་ཤུགས་སྣོན་རྒྱག་དགོས། དམའ་རིམ“སྒོ་ཁར་ཡོང་དུ་མི་འཇུག་པ་དང་། ཞལ་ངོ་མཇལ་དཀའ་བ། གནས་ཚུལ་ཞུ་དཀའ་པ། བྱ་བ་སྒྲུབ་དཀའ་བའི”མ་རབས་སྤྱོད་སྟངས་དེ་དག་ནན་གྱིས་སེལ་ཏེ། ལས་ཁུངས་ནི་མི་དམངས་ཀྱི་སྤྱི་ཞབས་པ་དངོས་ཡིན་པའི་ནུས་པ་འདོན་དགོས།

གཉིས། ཆབ་སྲིད་ཐོག་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་རྩ་དོན་རྒྱུན་འཁྱོངས་བྱེད་པ། གཞུང་ལས་ཐིན(ཁང)ནི་སྲིད་འཛིན་ལས་ཁུངས་ཀྱི་ཀླད་དབང་ལྟ་བུའི་ལྟེ་གནས་ལས་ཁུངས་ཡིན་པས། ཆབ་སྲིད་ཐོག་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་རྩ་དོན་རྒྱུན་འཁྱོངས་དང་། བྱ་བའི་སྟེང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་ཁྲིམས་སྲོལ་དང་སྲོལ་ཡིག་སོགས་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་དགོས། ངེས་པར་དུ་ཁྲིམས་ལུགས་ལྟར་སྤྱི་དོན་ལག་བསྟར་དང་། གནད་ཆེ་སར་བསམ་བློ་གཏོང་བ། ཏང་གི་ལས་དོན་མཐོང་ཆེན་དུ་འཛིན་པ། བཀའ་བརྩི་ཞིང་མཛུབ་སྟོན་ལ་ཉན་པ། ཁྲིམས་བརྩི་མཁན་ཞིག་ཡིན་དགོས། གོང་གི་ཚིག་མི་བརྩི་བར་རང་གིས་གང་འདོད་བྱེད་པའི་སྤྱོད་ངན་དང་མངོན་བརྩི་ལྐོག་འགལ་གྱི་བྱ་སྤྱོད་ངན་པ་ཡོད་ཚད་འདོར་དགོས།

གསུམ། ཧྲགས་བསྡུས་སྤྱོད་གཙང་གི་རྩ་དོན། དམག་དཔུང་ཧྲགས་སྒྲུག་དང་ལས་ཁུངས་ཁུ་བསྡུས། སྤྱོད་གཙང་སྤྱི་གཉེར་གྱི་རྩ་དོན་ནི་ང་ཚོའི་ཏང་གི་སྲོལ་བཟང་ཡིན། གཞུང་ལས་ཐིན(ཁང)གྱིས་རྩ་དོན་དེ་གཞིར་བཟུང་སྟེ། ལས་ཁུངས་མང་དྲགས་ཤིང་། བྱ་བ་ཉུང་ཉུང་ཙམ་ལ་མི་གྲངས་མང་བ། བྱ་བ་སྒྲུབ་དུས་ཕན་འབྲས་མི་འཛིན་པ། ཕན་ཚུན་དཀྱོག་བཤད་རྒྱག་པ། རྒྱུ་ནོར་ལ་བརྔམ་ནས་ཁྲིམས་མི་བརྩི་པ། དབང་རྟེན་སྒེར་གཉེར་སོགས་ཀྱི་བྱ་སྤྱོད་མི་ལེགས་པ་རྣམས་སེལ་ཏེ། རང་གི་བྱ་བར་དགའ་ཞིང་། སྤྱོད་གཙང་སྤྱི་གཉེར་ལྡན་པ། རང་གི་འགན་ཁུར་ཡོད་ཚད་ལེགས་འགྲུབ་བྱེད་པར་མཁས་པའི་འཐབ་འཛིང་ནུས་སྟོབས་ལྡན་པའི་ཐུན་མོང་ཚོགས་པ་ཞིག་ཏུ་བསྒྱུར་དགོས།

བཞི། འབྲེལ་གཏུག་དང་མཐུན་སྦྱོར་བྱེད་པའི་རྩ་དོན། གཞུང་ལས་ཐིན(ཁང)གྱི་ལས་འགན་གཙོ་བོ་ཞིག་ནི་རང་ལས་ཁུངས་ནང་ཁུལ་གྱི་སྡེ་ཚན་སོ་སོའི་འབྲེལ་བ་མཐུན་སྒྲིག་དང་། ཆ་འཕྲིན་འབྲེལ་གཏུག་བྱ་བར་ཤུགས་སྣོན་བྱས་པར་བརྟེན་ནས། རང་ལས་ཁུངས་ནང་ཁུལ་གྱི་སྡེ་ཚན་ཕན་ཚུན་གཞོགས་འདེགས་དམ་ཟབ་དང་། ཕན་ཚུན་མཉམ་ལས་དང་རོགས་རམ། ནང་གི་ནུས་པ་བསྲུང་འཛིན། སྲིད་ཇུས་སྣ་མང་འབྱུང་བའི་ནང་ཁུལ་གྱི་འགལ་བ་སེལ་ཏེ། དམིགས་འབེན་གཅིག་གྱུར་དང་། ལས་བགོས་འགན་ལེན། ལས་ཁུངས་ཀྱི་ཕུང་བོ་ཧྲིལ་པོའི་ནུས་སྟོབས་འདོན་སྤེལ་གང་ལེགས་ཡོང་བར་སྐུལ་དགོས།

ལྔ། བདེ་འཇགས་གསང་དོན་གྱི་རྩ་དོན། བདེ་འཇགས་དང་གསང་དོན་གྱི་བྱ་བ་ནི་གཞུང་ལས་ཐིན(ཁང)གྱིས་དོ་དམ་བྱ་བ་ལེགས་སྒྲུབ་བྱེད་པའི་གནད་ས་གལ་ཆེན་ཞིག་ཡིན། གཞུང་ལས་ཐིན(ཁང)གྱི་གཞུང་ཞབས་པར་བདེ་འཇགས་དང་གསང་དོན་བྱ་བར་ཤུགས་སྣོན་པའི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་གསང་དོན་ཕྱིར་མི་ཤོར་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་བསམ་བློ་ལྡན་དགོས།

2 སྲིད་འཛིན་ལས་ཁུངས་དོ་དམ་གྱི་ནང་དོན་གཙོ་བོ།
2_1 ཉིན་རྒྱུན་བྱ་བའི་གོ་རིམ་དོ་དམ་བྱེད་ཚུལ།

གཞུང་ལས་ཐིན(ཁང)གྱི་ཉིན་རྒྱུན་གྱི་བྱ་བ་ནི་སྣེ་འཛིང་དང་རྩག་རྩིག་ཆེ་བས། གོ་རིམ་དང་བཀོད་སྒྲིག་འོས་འཚམས་ཡོད་པ་བྱས་ཏེ། གཞུང་ཞབས་པར་རང་བབ་དེ་སྒྲུབ་དང་རང་འགན་རང་ཁུར་བྱེད་དུ་འཇུག་དགོས། གཞུང་ལས་ཐིན(ཁང)གྱི་བྱ་བའི་གོ་རིམ་གཙོ་ཆེ་བ་གཤམ་གསལ།

①འཆར་གཞི་གཏན་འབེབས། འཆར་གཞི་ནི་མི་རྣམས་ཀྱིས་སྔོན་དཔོག་དམིགས་འབེན་གང་རུང་མངོན་འགྱུར་བྱེད་ཆེད་དུ། རང་གི་མ་འོངས་བའི་བྱ་སྤྱོད་ཅི་ལྟར་སྤེལ་བའི་སྔོན་དཔོག་ཇུས་འགོད་ཀྱི་བྱ་བ་གཏན་འབེབས་གནང་བར་གོ་དགོས། དེ་ལྟའི་འཆར་གཞི་ནི་མི་རྣམས་ཀྱིས་བྱ་སྤྱོད་སྤེལ་བའི་རྩ་འཛིན་དང་། བྱ་སྤྱོད་ཚོད་འཛིན་བྱེད་པའི་ཚད་གཞི་ཡིན་པས། བྱ་བའི་འཆར་གཞི་དེ་འདྲ་བཟོ་བར་ཡིད་འཇོག་གང་ལེགས་དང་། བཟོས་ཟིན་པའི་འཆར་གཞིར་བྱེ་བྲག་ཡོད་ཅིང་། གསལ་བོ་ཡིན་པ། ལག་བསྟར་ཆོག་པ། ཡང་བསྐྱར་བཟོ་བཅོས་བརྒྱབ་ཆོག་པ་ཞིག་ཡིན་དགོས།

②འཆར་གཞི་ལག་བསྟར། འཆར་གཞི་གཏན་འཁེལ་རྗེས་སུ་ནན་ཏན་གྱིས་ལག་བསྟར་བྱེད་དགོས། འཆར་གཞི་ལག་བསྟར་གོ་རིམ་ཁྲོད་དུ། འགན་ཁུར་དང་འགན་དབང་གསལ་བོ་ཡིན་དགོས་པ་དང་། སྒྲིག་སྲོལ་དང་ལམ་ལུགས་སྣ་ཚོགས་འཐུས་ཚང་འཛུགས་བསྐྲུན། བྱེད་ཐབས་སྟབས་བསྟུན་དང་སྣ་མང་སྤྱད་དེ་འཆར་གཞི་ལག་བསྟར་བྱ་བ་ཁག་ཐེག་ཡོང་བ་བྱེད་དགོས།

③ཆ་འཕྲིན་འབྲེལ་གཏུག ཆ་འཕྲིན་འབྲེལ་གཏུག་ནི་གཞུང་ལས་ཐིན(ཁང)དང་གཞུང་ཞབས་པས་ཕྱོགས་སོ་སོའི་གནས་ཚུལ་རྒྱུས་ལོན་དང་གོང་རིམ་གྱི་སྲིད་བཀའ་ལག་བསྟར་བྱེད་པ། འཆར་གཞི་ལེགས་འགྲུབ་བྱེད་པ་བཅས་ཀྱི་གཞི་རྩའི་ཆ་རྐྱེན་ཡིན་པས། ངེས་པར་དུ་སྟོབས་ཤུགས་ཆེན་པོ་བཀོལ་ནས་ཆ་འཕྲིན་འབྲེལ་གཏུག་བྱ་བ་ལེགས་སྒྲུབ་བྱེད་དགོས།

④མཐུན་སྒྲིག་དང་ཚོད་འཛིན། གཞུང་ལས་ཐིན(ཁང)གྱི་དོ་དམ་བྱ་བ་དེ་ནི་ཕྱོགས་ཡོངས་སུ་འབྲེལ་ཞིང་། རྩག་རྩིག་ཆེ་བའི་ཁྱད་ཆེས་དེས། དོ་དམ་བྱ་བའི་ཁྲོད་དུ་འཆར་གཞི་དང་མི་མཐུན་པའི་གནས་ཚུལ་བཟོ་སྲིད་པས། འཆར་གཞི་བསྐྱར་བཟོའི་དགོས་པ་བྱུང་ཚེ་འཕྲལ་ཐག་ཆོད་པའི་སྒོ་ནས་འཆར་གཞི་ལེགས་སྒྲིག་བྱས་ཏེ་འཆར་གཞི་བདེ་བླག་ངང་མངོན་འགྱུར་བྱེད་དགོས།

⑤ཞིབ་བཤེར་དང་སྤྱི་བསྡོམས། འཆར་གཞི་ལག་བསྟར་བྱས་ཚུལ་དུས་ཐོག་ཏུ་ཞིབ་བཤེར་བྱེད་པ་ནི་འཆར་གཞི་དེ་ཉིད་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལག་ཆེན་ཞིག་དང་། འཆར་གཞི་ལེགས་འགྲུབ་རྗེས་སུ་སྤྱི་བསྡོམས་ནན་ཏན་བྱས་ནས། ངོས་འཛིན་ཇེ་མཐོར་གཏོང་བ་དང་བྱ་བའི་ཐབས་ལམ་ལེགས་བཅོས་བྱེད་ཐུབ།

⑥བཟང་བསྟོད་ངན་འགོག ཞིབ་བཤེར་དང་སྤྱི་བསྡོམས་བརྒྱུད་དེ། བྱ་བའི་སྟེང་ཕུལ་བྱུང་སྔོན་ཐོན་ཅན་ཡོད་ན། ཡ་རབས་རྣམས་ལ་བསྟོད་བྱ་ཞིང་། ཞེས་པ་ལྟར། དེ་དག་གི་བྱས་རྗེས་དང་བསྟུན་པའི་གཟེངས་བསྟོད་བྱས་ཏེ། གཞུང་ཞབས་པ་ཡོངས་ཀྱི་ཡར་ཐོན་བསམ་པར་སྐུལ་འདེད་དང་རྗེས་ལུས་པ་རྣམས་ཀྱང་བཟང་ཕྱོགས་སུ་བསྒྱུར་ནུས་པའི་མིག་ལྟོས་སུ་འགྱུར་བ་བྱེད་དགོས། འགན་ནུས་ཤོར་མཁན་གྱི་སྐྱོན་ཅན་རྣམས་ལ་སྐྱོན་བརྗོད་སློབ་གསོ་གཏོང་བའམ། ཡང་ན་རྒྱལ་ཁྲིམས་ལྟར་ཆད་པ་བཅད་དེ་མ་རབས་སྤྱོད་ངན་དར་མི་ཐུབ་པ་བྱེད་དགོས།

2_2 གྲོས་ཚོགས་དོ་དམ།

གྲོས་ཚོགས་ནི་ཏང་དང་སྲིད་གཞུང་གིས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། མཛུབ་སྟོན་སོགས་ལག་བསྟར་བྱེད་ཐབས་གལ་ཆེན་ཞིག་དང་། སྲིད་འཛིན་དོ་དམ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དེང་རབས་སྤྱི་ཚོགས་ཀྱི་ཆབ་སྲིད་བྱ་འགུལ་དང་། དཔལ་འབྱོར་བྱ་འགུལ། རིག་གནས་བྱ་འགུལ། སྤྱི་ཚོགས་ཀྱི་བྱ་འགུལ་གཞན་དག་སྤེལ་བའི་བྱེད་ཐབས་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན། སྲིད་འཛིན་ལས་ཁུངས་གང་ཡིན་ཚང་མ་གྲོས་ཚོགས་སུ་བྲལ་ཐབས་མེད། གྲོས་ཚོགས་ནི་མིག་སྔའི་རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱི་ཉིན་རྒྱུན་བྱ་བའི་ནང་དོན་གལ་ཆེན་ཞིག་ཏུ་བགྲང་ཡོད། རིགས་དང་རྣམ་གྲངས་མི་འདྲ་བའི་གྲོས་ཚོགས་གཙོ་ཆེ་གྲས་གཤམ་གསལ།

①རྒྱུན་ལྡན་གྲོས་ཚོགས། དེ་ལ་གཞུང་སྒྲུབ་གྲོས་ཚོགས་ཀྱང་ཟེར། གྲོས་ཚོགས་དེ་རིགས་ནི་སྲིད་འཛིན་གཙོ་འཛིན་དང་ལས་ཁུངས་ནང་ཁུལ་གྱི་སྡེ་ཚན་སོ་སོ་བར་གྱི་བྱ་བའི་གནས་ཚུལ་བརྗེ་རེས་དང་། གནས་ཚུལ་གསར་བ་བརྒྱུད་བསྒྲགས་བྱེད་པ། གོང་རིམ་གྱི་མཛུབ་སྟོན་ཞིབ་འཇུག་བྱེད་པ། གནད་དོན་ཆེ་རིགས་རྣམས་དང་། སྲིད་གཅོད་བྱེད་ཐབས་སོགས་གྲོས་སྡུར་བྱེད་པར་འཚམ་པའི་གྲོས་ཚོགས་ཤིག་ཡིན།

②ཆེད་དོན་གྱི་གྲོས་ཚོགས། གྲོས་ཚོགས་དེ་རིགས་ནི་རིམ་པ་སོ་སོའི་སྲིད་འཛིན་འགོ་ཁྲིད་དང་། འབྲེལ་ཡོད་སྡེ་ཁག་གི་མི་སྣ་མཉམ་འཛོམས་ཀྱིས་ཕྱོགས་ངེས་ཅན་གཅིག་ཆེད་དུ་གཉེར་པའི་གནད་དོན་སྐོར་གྲོས་སྡུར་བྱེད་པར་འཚམ་པའི་གྲོས་ཚོགས་ཡིན།

③མཉམ་འབྲེལ་གྲོས་ཚོགས། གྲོས་ཚོགས་དེ་རིགས་ནི་འབྲེལ་ཡོད་སྡེ་ཁག་ཁ་ཤས་མཉམ་འབྲེལ་གྲོས་མོལ་དང་ཕན་ཚུན་རམ་འདེགས་ཤུགས་ཆེན་བྱས་ཏེ། ལས་གཞི་ཅུང་ཙམ་རྒྱ་ཆེ་བའི་བྱ་འགུལ་གང་རུང་སྤེལ་བའམ། ཐུན་མོང་གོས་འགན་ཁུར་གང་རུང་ལེགས་འགྲུབ་བྱེད་ཆེད་དུ་ཚོགས་འོས་པའི་གྲོས་ཚོགས་ཤིག་ཡིན།

④བཀོད་སྒྲིག་གམ་སྤྱི་སྡོམ་གྱི་གྲོས་ཚོགས། གྲོས་ཚོགས་དེ་རིགས་ནི་རིམ་པ་སོ་སོའི་སྲིད་འཛིན་གྱིས་གཞུང་ཞབས་པར་དུས་སྐབས་ཤིག་གི་བྱ་བ་བཀོད་སྒྲིག་བྱེད་པའམ། ཡང་ན་སྤྱི་བསྡོམས་བྱ་བའི་བླང་བྱ་གང་ཡིན་བསྒྲགས་པ་དང་། འབྲེལ་གཏུག་བྱེད་པ་སོགས་སུ་འཚམ་པའི་གྲོས་ཚོགས་ཤིག་ཡིན།

⑤ཉམས་མྱོང་བརྗེ་རེས་ཚོགས་འདུ། ཚོགས་འདུ་དེ་རིགས་ནི་རིམ་པ་སོ་སོའི་སྲིད་འཛིན་གཙོ་འཛིན་ནམ། འབྲེལ་ཡོད་སྡེ་ཁག་གིས་ཐད་ཀར་རམ་གསོན་ཉམས་དོད་པའི་སྒོ་ནས་སྡེ་ཁག་ཞིག་གམ། ཡང་ན་ཕྱོགས་གཅིག་གི་སྔོན་ཐོན་བྱ་བའི་ཉམས་མྱོང་ཁྱབ་སྤེལ་བྱེད་པར་འཚམ་པའི་ཚོགས་འདུ་ཡིན།

⑥བཞུགས་མོལ་ཚོགས་འདུ་སྣ་ཚོགས། ཚོགས་འདུ་དེ་རིགས་ནི་རིམ་པ་སོ་སོའི་སྲིད་འཛིན་གཙོ་འཛིན་དང་འབྲེལ་ཡོད་སྡེ་ཁག་གིས་ཆེད་དུ་དམིགས་པའི་གནས་ཚུལ་རྒྱུན་ལོན་ཚོགས་འདུ་དང་། ཆ་འཕྲིན་འབྲེལ་གཏུག་སོགས་སུ་འཚམ་པའི་ཚོགས་འདུ་ཡིན།

⑦ཁ་པར་གྲོས་ཚོགས། གྲོས་ཚོགས་དེ་རིགས་ནི་རིམ་པ་སོ་སོའི་སྲིད་འཛིན་གཙོ་འཛིན་དང་འབྲེལ་ཡོད་སྡེ་ཁག་གིས་མགྱོགས་མྱུར་གྱིས་མཛུབ་སྟོན་དང་རེ་བ་བརྒྱུད་བསྒྲགས་བྱེད་པ། བྱ་བ་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་ཡིན།

⑧གསར་འགྱུར་བརྒྱུད་བསྒྲགས་ཚོགས་འདུ། ཚོགས་འདུ་དེ་རིགས་ནི་རིམ་པ་སོ་སོའི་སྲིད་འཛིན་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གིས་དུས་ཐོག་ཏུ་གནས་ཚུལ་བརྒྱུད་བསྒྲགས་བྱེད་པའམ། གནད་དོན་སོགས་ལ་དྲི་བ་དྲིས་ལན་འདེབས་པར་འཚམ་པའི་ཚོགས་འདུ་ཡིན།

⑨འཐུས་མི་ཚོགས་ཆེན་དང་། སྔོན་ཐོན་བསྟོད་བསྔགས་ཚོགས་འདུ། རྗེས་དྲན་བྱ་འགུལ་སྣ་ཚོགས་ཀྱི་ཚོགས་ཆེན་སོགས་ནི་སྐབས་བབ་དགོས་མཁོའི་གནས་ཚུལ་དུ་གཞིགས་ནས་ཚོགས་དགོས།

2_3 ཡིག་ཆ་དང་ཡིག་ཚགས་དོ་དམ།

①ཡིག་ཆ་དོ་དམ།

ཡིག་ཆའི་མིང་གི་བརྗོད་སྟངས་གཞན་དུ་གཞུང་ཡིག་ཟེར། དེ་ནི་སྲིད་འཛིན་ལས་ཁུངས་ཀྱིས་རང་གི་འགན་ནུས་ལག་བསྟར་བྱེད་པའི་བྱ་འགུལ་ཁྲོད་དུ། གོ་རིམ་ངེས་ཅན་དང་། ཚད་ཐིག་ངེས་ཅན་གཞིར་བཟུང་ནས་གཏན་འཁེལ་གནང་བའི་ཟིན་བྲིས་དང་ཆ་འཕྲིན་བརྒྱུད་བསྒྲགས་ཀྱི་ནུས་པ་ཡོད་པའི་ཤོག་ངོས་ཀྱི་ཡི་གེའི་དཔྱད་གཞིར་གོ་དགོས།

ཡིག་ཆར་གཞི་རྩའི་རིགས་མི་འདྲ་བའི་སྤྱི་དོན་ཡིག་ཆདང་མི་སྒེར་གྱི་ཡིག་ཆ་གཉིས་ཡོད་པ་ལས། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཡིག་ནི་སྤྱི་དོན་ཡིག་ཆར་གཏོགས། ཡིག་ཆ་དེ་རིགས་ནི་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་ལག་ལེན་མཐར་ཕྱིན་དང་། ཁྲིམས་སྲོལ་སྣ་ཚོགས་ཁྱབ་བསྒྲགས། ཡར་ཞུ་དང་ཞུ་ལན་གྱི་གནད་དོན་སྐོར། སློབ་སྟོན་དང་བྱ་བ་གྲོས་གླེང་གནང་བ། སྙན་ཞུ་དང་གནས་ཚུལ་བརྡ་ཁྱབ་སྤེལ་བ། ཉམས་མྱོང་བརྗེ་རེས་ཀྱི་ཟིན་ཐོ་ངོ་མ་སོགས་སུ་གོ་དགོས། མི་སྒེར་གྱི་ཡིག་ཆ་སྟེ། ལྷག་པར་དུ་རིམ་པ་སོ་སོའི་སྲིད་འཛིན་འགོ་ཁྲིད་པའི་ཡིག་ཆ་དེ་རིགས་ནི་གཞི་རྩའི་ཐོག་སྤྱི་དོན་གཞིར་བཟུང་ནས་གྲུབ་པའི་ཡིན་ཆ་ཡིན་པས། རིགས་པས་དཔྱད་ན་དེ་དག་ཀྱང་གཞུང་དོན་ཡིག་ཆར་གཏོགས་དགོས། གོང་གསལ་ཡིག་ཆ་དེ་རིགས་སུ་བརྟེན་ནས་གོང་འོག་འབྲེལ་གཏུག་དང་། གཡས་གཡོན་མཉམ་སྦྲེལ། ཕྱི་ནང་འབྲེལ་འཛིན། གནས་ཚུལ་བརྗེ་རེས་བྱེད་པ་སོགས་སྲིད་འཛིན་དོ་དམ་བྱེད་ཁྲོད་དུ་གཤམ་གསལ་ནུས་པ་གལ་ཆེན་ལྡན།

གཅིག ཁྲིམས་སྲོལ་རང་བཞིན་ཅན་གྱི་ཡིག་ཆར་སྲིད་འཛིན་དོ་དམ་ཁྲིམས་སྲོལ་གྱི་ནུས་པ་ལྡན། ཡིག་ཆ་དེ་རིགས་ནི་ཁྲིམས་བཀོད་འགན་དབང་དང་གོ་རིམ་ལྟར་བཟོས་ཏེ་ཁྱབ་སྤེལ་གནང་བ་ཡིན་པས། རྒྱལ་ཁབ་དབང་ཤུགས་ཀྱིས་སྲུང་སྐྱོབ་ཐོབ་ཡོད་པ་དང་། བཙན་ཤེད་ཀྱིས་ལག་བསྟར་གནང་ཆོག གཉིས། མཛུབ་སྟོན་དང་། བསམ་འཆར། འཆར་གཞི། གྲོས་ཚོགས་གནད་བསྡུས། ཁྱབ་བརྡ་སོགས་སུ་ཁྱད་དབང་ཅུང་ཙམ་མཐོན་པོ་ཡོད། ཡིག་ཆ་དེ་རིགས་ནི་ཁྲིམས་སྲོལ་གྱི་ཡི་གེར་མི་གཏོགས་ཀྱང་། ཁྲིམས་སྲོལ་གྱི་ནང་དོན་བྱེ་བྲག་པ་མཚོན་པས། དམའ་རིམ་བྱ་བར་འགོ་ཁྲིད་དང་སློབ་སྟོན་གྱི་ནུས་པ་འདོན་ཐུབ།

གསུམ། གཞུང་ཡིག་དང་། བརྡ་སྦྱོར། མཚམས་སྦྱོར་ཡི་གེ་སོགས་ཀྱི་གཞུང་ཡིག་ལ་ཕན་ཚུན་འབྲེལ་བ་འཛུགས་པ་དང་གནས་ཚུལ་ཤེས་པར་བྱེད་པའི་ནུས་པ་ལྡན། བཞི། སྙན་སེང་ཞུ་ཡིག་དང་། མཆན་འགོད་བཀའ་ལན(批复)  གྲོས་དོན་ཡི་གེ གཏན་འབེབས་སོགས་ཀྱི་ཡིག་ཆར་གཞི་འཛིན་ས་དང་བདེན་དཔང་འདོན་པའི་ནུས་པ་ལྡན། ལྔ། དྲིལ་བསྒྲགས་རྩ་གནད་དང་། ཁྱབ་བརྡ། སྤྱི་སྡོམ་སོགས་ཀྱི་ཡིག་ཆར་དྲིལ་བསྒྲགས་དང་སློབ་གསོའི་ནུས་པ་ལྡན།

②ཡིག་ཚགས་དོ་དམ།

ཡིག་ཚགས་ནི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་གཞུང་ཞབས་པས་འགན་ནུས་བྱ་འགུལ་སྤེལ་བའི་ཁྲོད་ནས་གྲུབ་པའི་ལོ་རྒྱུས་ཀྱི་ཟོན་ཐོར་བདག་གཉེར་བྱས་ཏེ། རྗེས་ཀྱི་བསྐྱར་ཞིབ་པར་མཁོ་འདོན་བྱེད་པའི་ཡིག་ཆ་དང་དཔྱད་གཞིའི་ཡི་གེ་སོགས་ཡིན།

ཡིག་ཚགས་ཀྱི་རྣམ་པ་སྣ་ཚོགས་ཡོད་ཀྱང་། ཡི་གེས་བྱས་པའི་ཡིག་ཚགས་ཀྱི་རྣམ་པ་གཙོ་བོ་ནི། ཡིག་ཆའི་དཔྱད་གཞི་དང་། བྲིས་མ། སྦྲག་ཏར། འཕྲིན་ཡིག གྲོས་ཚོགས་ཟིན་བྲིས་སོགས་ཡིག་ངོས་ཀྱི་རྣམ་པར་གཏོགས་པ་ཡོད་ཚད་དང་། དེ་ལས་གཞན་པའི་འདྲ་པར། སྒྲ་ཐག་སོགས་སྣང་བརྙན་ཅན་གྱི་དཔྱད་གཞི་རྣམས་འདུས་པ་དང་། ལག་རྩལ་ཡིག་ཚགས་ཀྱི་རིགས་སུ་ལག་རྩལ་བཟོ་བཀོད་ཐིག་རིས་དང་། ལག་རྩལ་གྱི་ས་རིས། གཞི་གྲངས། བཟོ་རྩལ་འཁོར་རིམ། ལག་རྩལ་གྱི་རྩ་བའི་རིག་པ། བཟོ་བཀོད་ཐིག་རིས་ཀྱི་འཆར་ཟིན། སྙན་ཞུ། ལག་རྩལ་གསལ་བཤད། བཀོལ་སྤྱོད་བྱེད་སྟངས་སོགས་དཔྱད་གཞི་གཅོ་བོ་རྣམས་འདུས། ཡིག་ཆ་དེ་རིགས་ལ་ཚན་རིག་རང་བཞིན་དང་ཞབས་ཞུ་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་ལྡན་ཞིང་། ཁྱད་ཆོས་དེ་དག་མ་ལུས་པར་མཚོན་དགོས་ན་ངེས་པར་དུ་ཡིག་ཚགས་བྱ་བའི་ཆོས་ཉིད་དང་གོ་རིམ་གཞིར་བཟུང་སྟེ། གཞུང་ཡིག་སྡེ་ཁག་དང་བྱེད་སྒོ་སྡེ་ཁག་གི་ཡིག་ཚགས་བསྒྲིགས་སྟངས་ཀྱི་བྱ་བར་སློབ་སྟོན་གནང་དགོས།

སྲིད་འཛིན་ལས་ཁུངས་ཀྱི་ཡིག་ཚགས་དོ་དམ་བྱ་བའི་ནང་དོན་བདུན་ཡོད་པ་ནི་ཡིག་ཚགས་འཚོལ་སྡུད་དང་། དག་སྒྲིག དགེ་སྐྱོན་གསལ་འབྱེད། ཉེར་ཚགས། བེད་སྤྱོད་གཏོང་བ།     བསྡོམས་རྩིས་དང་ཡིག་ཚང་དུ་བརྒྱུད་སྤྲོད་བྱེད་པ་སོགས་ལྷུ་ཚིགས་གཙོ་བོ་བདུན་ཡོད་པ་དམ་འཛིན་ལེགས་པོ་བྱེད་དགོས། ལྷུ་ཚིགས་བདུན་པོ་དེ་ནི་ཕན་ཚུན་ལ་འབྲེལ་བའི་ལྷུ་ཚིགས་བདུན་ཡིན་པ་དང་། དེའི་ནང་གི“བེད་སྤྱོད་གཏོང་བ”ནི་ཡིག་ཚགས་བྱ་བ་གཉེར་དོན་གྱི་དམིགས་ཡུལ་གཙོ་བོ་ཡིན། གཅིག་གྱུར་སྒོས་གཅིག་སྡུད་དོ་དམ་བྱས་ཏེ། ཡིག་ཚགས་ཆ་ཚང་ཞིང་། བདེ་འཇགས་ཡོང་ཐབས་བྱ་བ་བསྒྲུབས་ཏེ་བཅོས་བསྒྱུར་སྒོ་འབྱེད་དང་།     སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་བསྐྲུན་སུ་ཞབས་འདེགས་ཞུ་དགོས།

2_4 ཞིབ་གཅོད་དང་ཡིག་བསྐུར་ངོ་གཏུག་སོགས་ཀྱི་དོ་དམ།

①ཞིབ་གཅོད་དང་། ཡིག་སྐུར་ངོ་གཏུག སྣེ་ལེན་བྱ་བའི་དོ་དམ།

ཞིབ་གཅོད་ནི་གཞུང་སྒྲུབ་ཐིན(ཁང)གྱིས་འགོ་ཁྲིད་ལ་རོགས་བྱས་ཏེ་ཏང་དང་སྲིད་གཞུང་གི་བྱེད་ཕྱོགས་དང་། སྲིད་ཇུས། རང་གི་ལས་ཁུངས་ཀྱི་གྲོས་ཆོད་དང་། འཆར་གཞི། མཛུབ་སྟོན་སོགས་རང་གི་ལས་ཁུངས་དང་དམའ་རིམ་སྡེ་ཚན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་བའི་ཞིབ་བཤེར་བྱ་བར་གོ་དགོས། ཞིབ་གཅོད་ནི་སྲིད་འཛིན་ཁོངས་གཏོགས་ནང་ཁུལ་ནས་རང་ལ་ལྟ་སྐུལ་བྱེད་ཐབས་ཤིག་ཡིན་པ་དང་། བྱ་བ་དེ་ལེགས་སྒྲུབ་བྱས་ན་སྲིད་གཞུང་གི་འགོ་ཁྲིད་བྱ་བའི་སྤྱོད་སྟངས་དང་བྱ་བའི་བྱེད་ཐབས་ལེགས་བཅོས་བྱས་ཏེ། རང་སྣང་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་མ་རབས་སྤྱོད་ངན་སྔོན་འགོག་བྱེད་པར་ཕན་པས། ངེས་པར་དུ་སྟོབས་ཤུགས་ཆེན་པོ་བཀོལ་ནས་ཞིབ་གཅོད་བྱ་བ་ལེགས་སྒྲུབ་བྱེད་དགོས། ཞིབ་བཤེར་བྱས་ཀྱང་ཐག་གཅོད་མ་བྱས་ན་འབྲས་བུ་མེད་པས་ངེས་པར་ཞིབ་བཤེར་དང་ཐག་གཅོད་ཟུང་འབྲེལ་གྱི་ཞིབ་གཅོད་བྱ་བ་ནན་འཛིན་བྱེད་པར་ཡིད་འཇོག་བྱེད་དགོས།

ཡིག་སྐུར་ངོ་གཏུག་ནི་མི་དམངས་མང་ཚོགས་ཀྱི་གཏུག་ཡིག་དང་དངོས་སུ་ངོ་གཏུག་ཏུ་ཡོང་བར་གཟབ་ནན་གྱི་ལྟ་ཚུལ་བཟུང་ནས་ཐག་གཅོད་པར་གོ་དགོས། ཡིག་སྐུར་ངོ་གཏུག་ནི་སྤྱི་ཚོགས་རིང་ལུགས་སྤྱི་དམངས་ཀྱིས་ཐད་ཀར་དུ་འབྲེལ་ཡོད་སྡེ་ཁག་དང་འགོ་ཁྲིད་པར་རང་འགུལ་གྱིས་འབྲེལ་གཏུག་བྱེད་པའི་ཐབས་ལམ་ཞིག་དང་། སྲིད་གཞུང་གིས་དམངས་ཀྱི་བསམ་བློ་རྒྱུས་ལོན་དང་སྤྱི་དམངས་ཀྱི་དྲན་ཕྱོགས་རྒྱུས་ལོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། བྱ་བ་དེར་བརྟེན་ན་མི་དམངས་བདག་པོ་ཡིན་པའི་ཁེ་དབང་ལ་སྲུང་སྐྱོབ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བ། དཔོན་ཉམས་རིང་ལུགས་མེད་པར་བཟོ་པ། མང་ཚོགས་དང་སྲིད་གཞུང་གི་འབྲེལ་བ་ཇེ་ཟབ་དུ་གཏོང་བ། རུལ་སུངས་ཀྱི་བྱ་ངན་སྤྱོད་ངན་དང་ཁྲིམས་འགལ་ལུགས་དཀྲུག་བྱེད་མཁན་ལ་རྡུང་རྡེག་གཏོང་བ། སྲིད་གཞུང་གི་གཟུགས་བརྙན་ལེགས་པོ་བསྐྲུན་པ་བཅས་སུ་ནུས་པ་གལ་ཆེན་ལྡན།

སྣེ་ལེན་ནི་ཉིན་རྒྱུན་བྱ་བའི་ཁྲོད་དུ་གོང་འོག་རིམ་པའི་ལས་ཁུངས་དང་། རིམ་པ་འདྲ་པའི་སྡེ་ཁག ཕྱི་ཕྱོགས་ཀྱི་སྡེ་ཚན་སོགས་རང་གི་ལས་ཁུངས་སུ་རྟག་ཏུ་བྱ་བ་གང་རུང་སྒྲུབ་ཏུ་ཡོང་བར་སྣེ་ལེན་བྱེད་པའི་བྱ་བར་གོ་དགོས། སྣེ་ལེན་བྱ་བ་ནི་རྒྱུན་ལྡན་ཞིག་དང་མེད་མི་རུང་བའི་བྱ་བ་ཞིག་ཡིན། བྱ་བ་དེ་ལེགས་པོར་སྒྲུབ་ན་ལས་ཁུངས་ཀྱི་བྱ་བའི་ལས་ཆོད་མཐོ་རུ་གཏོང་ཐུབ་པ་དང་། ཕན་ཚུན་རྒྱུན་ལོན་དང་མཐུན་སྒྲིལ་ལ་ཤུགས་སྣོན་པ། གནས་ཚུལ་གསར་བ་རྟོགས་ཐུབ་པས། ལས་ཁུངས་ཀྱི་བྱ་བ་ལེགས་པོར་སྒྲུབ་པར་དགེ་བའི་ཆ་རྐྱེན་བསྐྲུན་ཐུབ། སྣེ་ལེན་བྱེད་དུས་སྤྲོ་སེམས་ལྡན་ཞིང་། བློ་སེམས་དག་པ། ཁྱད་པར་མེད་པ། དངོས་ཐོག་བདེན་འཚོལ་གྱི་སྤྱོད་སྟངས་བཟུང་སྟེ་སྐུ་མགྲོན་ཚོར་འབྲེལ་ཡོད་གནས་ཚུལ་དང་ཉམས་མྱོང་ངོ་སྤྲོད་བྱེད་པ་དང་། སྐུ་མགྲོན་གྱིས་བཏོན་པའི་འབྲེལ་ཡོད་གནད་དོན་ཀུན་ལ་ནན་ཏན་གྱིས་འགན་ཁུར་ཏེ་ཐག་གཅོད་དགོས།

②གསང་དོན་དང་གཞུང་ཐེལ་དོ་དམ།

གསང་དོན་དང་གཞུང་ཐེལ་དོ་དམ་བྱ་བ་དེ་ཡང་གཞུང་སྒྲུབ་ཐིན(ཁང)གྱི་བྱ་བ་གལ་ཆེན་ཞིག་ཡིན། རྒྱལ་སྤྱི་ཐོག་ལོག་སྤྱོད་སྟོབས་ཤུགས་གནས་པ་དང་རང་གི་རྒྱལ་ནང་དུའང་དགྲར་འཛིན་པ་ཡོད་པ་དེ་དག་གིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་གསང་དོན་གལ་ཆེན་ཐོབ་ཐབས་བྱེད་པ་དང་དེར་དོགས་ཟོན་མ་བྱས་ན་རང་ཕྱོགས་སུ་གྱོང་གུད་ཚབས་ཆེན་བཟོ་སྲིད། གསང་དོན་བྱ་བ་ལེགས་སྒྲུབ་བྱས་ན་ཏང་དང་སྲིད་གཞུང་གིས་སྤྱི་ཚོགས་འདི་ཉིད་དེང་རབས་ཅན་དུ་འགྱུར་བའི་འཛུགས་བསྐྲུན་ལས་དོན་བདེ་བླག་ཏུ་སྤེལ་ཏེ། རྒྱལ་ཁབ་ཕྱི་ནང་གི་དགྲར་འཛིན་སྟོབས་ཤུགས་ལ་འཐབ་རྩོད་དང་། རྒྱལ་ཁབ་དང་མི་དམངས་ཀྱི་ལས་དོན་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་སྐོང་ཐུབ་པས། ངེས་པར་དུ་གསང་དོན་འདུ་ཤེས་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་སུ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཀྱི་གསང་དོན་ལམ་ལུགས་འཐུས་ཚང་འཛུགས་པ་དང་། གཞུང་ཡིག་དང་ཡིག་ཚགས་དོ་དམ་བྱ་བར་ཤུགས་སྣོན་རྒྱག་པའི་ཐབས་ཀྱིས་རྒྱལ་ཁབ་ཀྱི་གསང་དོན་ཕྱིར་མི་ཤོར་བར་ཁག་ཐེག་བྱེད་དགོས།

གཞུང་ཐེལ་ནི་ལས་ཁུངས་ཤིག་གི་མིང་རྟགས་ངོ་མ་ཡིན་པས། དེར་ཁྲིམས་འཛུགས་ཀྱི་ནུས་པ་ལྡན། སྒེར་ཐེལ་ནི་ལས་ཁུངས་ཀྱི་འགོ་པ་དེས་མིང་རྟགས་ངོ་མ་བཀོད་པའི་ཐེལ་ཡིག་ཡིན་པ་དང་། སྒེར་ཐེལ་བཀོད་ཡོད་ཚེ་ལས་ཁུངས་ཀྱི་འགོ་པས་འགན་ཁུར་གང་རུང་ཁས་བླངས་པ་མཚོན་པའི་གཞི་འཛིན་ས་བྱེད་རུང་བས། ཐེལ་བརྐོ་པ་དང་བཀོལ་དུས་ངེས་པར་དུ་གཟབ་ནན་གྱི་སྒོ་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་སྤྱོད་དགོས།

2_5 མཁོ་སྒྲུབ་ཞབས་ཞུའི་དོ་དམ།

མཁོ་སྒྲུབ་ཞབས་ཞུའི་དོ་དམ་ནི་སྡེ་ཚན་རང་གི་དངོས་རྫས་དང་། སྒྲིག་ཆས། ཉིན་རྒྱུན་འཚོ་བའི་བྱ་ལས་སུ་ཚན་རིག་ལ་མཐུན་པའི་བཀོད་སྒྲིག་བྱས་ཏེ། ལས་ཁུངས་ཀྱི་བྱ་བ་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པར་ཆ་རྐྱེན་དགེ་མཚན་ལྡན་པ་བསྐྲུན་པར་གོ་དགོས།

ལས་ཁུངས་ཀྱི་མཁོ་སྒྲུབ་སྤྱི་གཉེར་ཞབས་ཞུའི་བྱ་བར་འབྲེལ་བའི་ནང་དོན་ཧ་ཅང་རྒྱ་ཆེ་ཞིང་སྣེ་འཛིང་ལྡན་པ་སྟེ། ཆེ་ས་ནས་བཤད་ན། རྨང་གཞི་འཛུགས་སྐྲུན་དང་། འགྲིམ་འགྲུལ། དྲོད་འདོན། འཕྲོད་སྟེན། བྱིས་སྙོར། ཆུ་གློག རླངས་འཁོར། བཟའ་ཆས་སོགས་དང་། ལས་ཁུངས་ནང་ཁུལ་གྱི་ལས་བཟོ་བའི་འགྲོ་ཆགས་ཉལ་འདུག སྐྱེ་རྒ་ན་འཆི་སོགས་སྤྱི་ཚོགས་ཀྱི་སྡེ་ཁག་སོ་སོར་འབྲེལ་བའི་བྱ་བ་སྣ་ཚོགས་འདུས་ཡོད། ལས་ཁུངས་ཀྱི་མཁོ་སྒྲུབ་སྤྱི་གཉེར་གྱི་ཞབས་ཞུའི་བྱ་བ་ལེགས་པོར་སྒྲུབ་པར་གཤམ་གསལ་གྱི་རྩ་དོན་འགར་བརྩི་སྲུང་བྱེད་དགོས།

①མཁོ་སྤྲོད་ཁག་ཐེག་བྱེད་པའི་རྩ་དོན། སྲིད་འཛིན་ལས་ཁུངས་ཀྱི་མཁོ་སྒྲུབ་ཞབས་ཞུ་སྡེ་ཁག་གིས་སྡེ་ཁག་གཞན་པར་ངེས་པར་མཁོ་བའི་དངོས་རྗས་དུས་ཐོག་དུ་མཁོ་འདོན་དང་དུས་ཐོག་དུ་ཞིག་གསོ། བདག་གཉེར་འོས་མཐུན་བྱས་ཏེ། སྲིད་འཛིན་བྱ་བ་བདེ་བླག་ཏུ་སྤེལ་བར་ཁག་ཐེག་བྱེད་དགོས།

②བརྩོན་བསྲིས་གྲོན་ཆུང་གི་རྩ་དོན། རྩ་དོན་འདི་གཞིར་བཟུང་སྟེ། ལས་ཁུངས་ཀྱི་མཁོ་སྒྲུབ་སྤྱི་གཉེར་ཞབས་ཞུའི་བྱ་བའི་ཁྲོད་གྲོན་དངུལ་ཉུང་ངུར་བརྟེན་ནས་བྱ་བ་མང་པོ་སྒྲུབ་པ་དང་། འགྲན་སྡུར་མི་བྱེད་པ། ཆུད་ཟོས་སུ་མི་གཏོང་བ། དངུལ་ཉུང་ངུས་ཕན་འབྲས་ཆེན་པོ་བརྩོན་དགོས།

③བྱ་བར་ཕན་པའི་རྩ་དོན། མཁོ་སྒྲུབ་སྤྱི་གཉེར་བྱ་བ་བྱེད་མཁན་རྣམས་ཀྱིས་ངེས་པར་དུ་སྲིད་འཛིན་དོ་དམ་བྱ་བར་ཤུགས་རྐྱེན་ཇི་འདྲ་ཐོན་པར་བསམ་བློ་གཏོང་དགོས། སྡོད་ཁང་དོ་དམ་བྱ་བ་ནས་སྒྲིག་ཆས་དང་སྤྱོད་རྫས་སྡེབ་སྒྲིག རླངས་འཁོར་དོ་དམ། འཚོ་བ་ཁག་ཐེག་བྱེད་པ་ཀུན་བྱ་བའི་དགོས་མཁོ་བསྐང་བ་དམིགས་ཡུལ་དུ་འཛིན་དགོས།

④འཚོ་བ་སྟབས་བདེ་བཟོ་བའི་རྩ་དོན། ཟ་ཁང་དང་འདུག་ཁང་། འགྲིམ་འགྲུལ། འཕྲོད་བསྟེན། བུ་བུ་མོ་སློབ་གྲྭར་བསྐྱལ་བ། འཚོ་བའི་ཕན་བདེ་སྐོར་གྱི་གནད་དོན་འོས་འཚམ་ཐག་གཅོད་བྱས་ན། ལས་བཟོ་པའི་རང་དོན་སྐོར་གྱི་སེམས་ཁྲལ་ཁུར་པོ་སེལ་ཏེ།     ཁོ་ཚོའི་བྱ་བའི་ཧུར་བརྩོན་རང་བཞིན་སྐུལ་ཐུབ།

⑤རིམ་བཞིན་སྤྱི་ཚོགས་ཅན་དུ་བསྒྱུར་བའི་རྩ་དོན། མཁོ་སྒྲུབ་ཞབས་ཞུའི་བྱ་བ་སྤྱི་ཚོགས་ཅན་དུ་བསྒྱུར་བ་ནི་མཁོ་སྒྲུབ་སྤྱི་གཉེར་བྱ་བའི་འཕེལ་ཕྱོགས་ལྡོག་ཏུ་མེད་པ་ཅིག་ཡིན། དེར་ནང་དོན་གཉིས་ཡོད་པ་ནི། ཕྱོགས་གཅིག་ནས་ལས་ཁུངས་ཀྱི་མིག་སྔའི་སྒྲིག་ཆས་ཡོ་བྱད་སྤྱད་དེ་སྤྱི་ཚོགས་སུ་ཁེ་ཡོད་ཞབས་ཞུ་སྒྲུབ་པ་དང་། ཕྱོགས་གཞན་ཞིག་ནས་སྲིད་འཛིན་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཆེན་བེད་སྤྱད་དེ་རང་ལ་ཞབས་ཞུ་སྒྲུབ་ཏུ་འཇུག་དགོས།

2_6 ལས་ཁུངས་ཀྱི་ཁོར་ཡུག་དོ་དམ་དང་ལས་གནས་འགན་ཁུར་ལམ་ལུགས།

ལས་ཁུངས་ཀྱི་ཁོར་ཡུག་བཟང་ངན་དེ་ལས་ཁུངས་ཀྱི་བྱ་བའི་ཕན་འབྲས་ཀྱི་མཐོ་དམན། གཞུང་ཞབས་པའི་སྐུ་ཁམས་བདེ་ཐང་རྣམས་སུ་ཐད་ཀར་འབྲེལ་ཡོད་པས། ལས་ཁུངས་ཀྱི་ཁོར་ཡུག་དེར་གཤམ་གསལ་ཕྱོགས་ཁ་ཤས་ནས་དོ་དམ་བྱེད་དགོས།

①ལས་ཁུངས་ཀྱི་སྡོད་གནས་འོས་འཚམ་བདམས་པ། དེ་ལ་ཆ་རྐྱེན་གཉིས་འཛོམས་དགོས་ཏེ། གཅིག་ནི་འགྲིམ་འགྲུལ་བདེ་ཞིང་། ལས་ཁུངས་མི་གཅིག་པ་གཞན་ལ་འབྲེལ་གཏུག་དང་། དུས་ཐོག་ཏུ་གནད་དོན་ཐག་གཅོད་པར་སྟབས་བདེའི་ཆ་རྐྱེན་ལྡན་པ།     གཉིས་ནི་ཁོར་ཡུག་དྭངས་གཙང་ལྷིང་འཇགས་ཡིན་པ། གཞུང་ཞབས་པས་བློ་རྩེ་གཅིག་དང་སྤྲོ་སྐྱིད་ཀྱི་ངང་ནས་བྱ་བ་སྒྲུབ་ཐུབ་པའི་གནས་ཤིག་ཡིན་དགོས།

②གཞུང་སྒྲུབ་ཁང་དུ་ཉི་འོད་ལྡན་དགོས། གཞུང་སྒྲུབ་ཁང་བཟོ་སྐྲུན་བྱེད་དུས་དྲ་མིག་གི་རྒྱ་ཁྱོན་ཅུང་ཙམ་ཆེ་བ་བཟོ་བ་དང་། གློག་སྒྲོན་གྱི་སྒྲིག་ཆས་ཆེས་ལེགས་པོ་བཀོད་སྒྲིག་བྱས་ཏེ། གཞུང་ཞབས་པར་འོད་སྣང་འོས་འཚམས་ཁྲོད་ནས་བྱ་བ་ལེགས་སྒྲུབ་བྱེད་དུ་འཇུག་དགོས།

③གཞུང་སྒྲུབ་ཁང་དུ་མཁའ་དབུགས་འོས་ཤིང་འཚམས་པ་ཡོད་དགོས། དེ་ཡང་འོས་འཚམས་ཀྱི་ཚད་དུ་སླེབས་དགོས་ན། གཞུང་སྒྲུབ་ཁང་གི་ནང་དུ་རྟག་ཏུ་མཁའ་དབུགས་གསར་འཛོམས་པའི་ཁྱད་ཆོས་རྒྱུན་འཁྱོངས་དང་། དྲོད་རླངས་གོ་ཚད་ཀོར་ཐིག་ཡན་གྱི་ཏུའུ20ཡས་མས་དང་། བརླན་ཚད་བརྒྱ་ཆའི་བཞི་བཅུ་ནས་དྲུག་ཅུ་ཡས་མས་སུ་ཚོད་འཛིན་བྱེད་དགོས།

④གཞུང་སྒྲུབ་ཁང་གི་ས་རྩིས་ཀྱི་ཚོན་མདངས་སྐྱིད་པོའི་སྣང་བ་ལྡན་པ། གསར་མདངས་ལྡན་ཞིང་མིག་ལམ་དུ་མཛེས་པ། འཇམ་ཐིང་ངེར་གནས་པའི་རྣམ་པ་བསྐྲུན་ཏེ།    གཞུང་ཞབས་པ་རྣམས་བློ་བདེ་སེམས་བདེའི་ངང་སྤྱི་དོན་སྒྲུབ་དུ་འཇུག་དགོས།

⑤ལས་ཁུངས་དོ་དམ་བྱ་བའི་ལས་གནས་འགན་ཁུར་ལམ་ལུགས་འཛུགས་པ།

ལས་ཁུངས་དོ་དམ་བྱ་བའི་ཁྲོད་ཀྱི་ལས་གནས་འགན་ཁུར་ལམ་ལུགས་ནི་ལས་ཁུངས་ཀྱི་སྒྲིག་ཚད་དང་མི་སྣ་གཏན་འཁེལ་བའི་སྔོན་འགྲོར་བརྟེན་ནས། གོ་གནས་དང་། དབང་ཆ། འགན་ཁུར། ཁེ་ཕན་བཅས་གཅིག་གྱུར་བྱེད་པའི་རྩ་དོན་དང་། སྲིད་འཛིན་ཁྲིམས་འཛུགས་ཀྱི་བྱེད་ཐབས་བེད་སྤྱད་དེ། ལས་གནས་རེ་རེ་དང་གཞུང་ཞབས་པ་རེ་རེས་འགན་ཁུར་བའི་འོས་འགན་དང་། དབང་ཚད་གཏན་འབེབས་བྱེད་པ་དང་། རྗེས་སུ་གཏན་འབེབས་ཁྲོད་ཀྱི་བྱ་བའི་ནང་དོན་དང་། འགན་ཁུར་ལེགས་འགྲུབ་ཀྱི་གནས་ཚུལ་གཞིར་བཟུང་ནས་དཔྱད་ཞིབ་དང་བྱ་དགའ་སྤྲོད་པའི་དོ་དམ་ལམ་ལུགས་སུ་གོ་དགོས། ལམ་ལུགས་དེ་ལག་བསྟར་བྱས་ན་གཞུང་ཞབས་པའི་འགན་ཁུར་ཚོར་སྣང་དྲག་ཏུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་འདོན་སྤེལ་བྱེད་ཐུབ། ཧུར་བརྩོན་གྱིས་ཆབ་སྲིད་དང་བྱེད་སྒོའི་སྤུས་ཚད་ཇེ་མཐོར་བཏང་སྟེ། གཞུང་སྒྲུབ་ཐིན(ཁང)གྱི་དོ་དམ་བྱ་བའི་ཕན་འབྲས་ཇེ་མཐོར་གཏོང་དགོས། དཔོན་ངན་རིང་ལུགས་དང་དཀྱོག་བཤད་རྒྱག་པ། སྒྱིད་ལུག་པ། འགན་ཁུར་དང་ལེན་མི་བྱེད་པ་སོགས་ཀྱི་ངན་སྐྱོན་མཐའ་དག་སེལ་ཏེ་གཞུང་སྒྲུབ་ཐིན(ཁང)གྱི་དོ་དམ་བྱ་བ་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་དུ་འཇུག་དགོས།

3 ལས་ཁུངས་དོ་དམ་བྱ་བ་ཚན་རིག་ཅན་དུ་བསྒྱུར་བ།
3_1 ལས་ཁུངས་དོ་དམ་བྱ་བ་ཚན་རིག་ཅན་དུ་འགྱུར་བའི་དགོས་ངེས་རང་བཞིན།

ལས་ཁུངས་དོ་དམ་བྱ་བ་ཚན་རིག་ཅན་དུ་འགྱུར་བ་ནི་དེང་རབས་ཀྱི་སྤྱི་ཚོགས་ཚན་རིག་ལག་རྩལ་འཕེལ་རྒྱས་སུ་ཕྱིན་པ་དང་སྤྱི་ཚོགས་མདུན་སྐྱོད་གནང་བའི་ཕྱི་ཡུལ་གྱི་དགོས་མཁོ་ཅིག་དང་། དེང་རབས་ཀྱི་འཛམ་གླིང་ཚན་རྩལ་འཕེལ་ཚད་མྱུར་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེན་ནུས་ཤུགས་འཕེལ་རྒྱས་ཆེ་ཆེར་ཕྱིན་པ། བསམ་བློ་གསར་བ་དང་ལྟ་ཚུལ་གསར་བ་རྒྱུན་ཆད་མེད་པར་བྱུང་བ། མི་དང་མི་བར་གྱི་བར་ཐག་ཇེ་ཉེར་ཕྱིན་པ། འབྲེལ་འདྲིས་སུ་ཤུགས་སྣོན་བྱུང་བ་སོགས་ཀྱིས་ཡིན་ལ། དུས་མཚུངས་ཚན་རིག་ལག་རྩལ་འཕེལ་བ་དེས་ནུས་པའི་ཐོན་ཁུངས་ཟད་པ་དང་། ཁོར་ཡུག་བཙོག་པ་བཟོས་པ་སོགས་སྤྱི་ཚོགས་ཀྱི་གནད་དོན་མི་ཉུང་བ་བྱུང་བ་དེས་སྲིད་འཛིན་དོ་དམ་བྱ་བའི་འཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་མཚུངས་སུ་སྲིད་འཛིན་དོ་དམ་བྱ་བའི་བྱ་ཐབས་དང་། བྱེད་སྟངས་སོགས་ལ་བླང་བྱ་གསར་བ་འདོན་གནང་མཛད། སྲིད་གཞུང་ཞིག་གི་སྲིད་འཛིན་འགན་ནུས་མངོན་འགྱུར་བྱེད་པའི་རོགས་རམ་ལས་ཁུངས་དང་ཞབས་ཞུ་ལས་ཁུངས་ཞིག་ཡིན་ཚེ་དེང་རབས་ཅན་གྱི་དོ་དམ་བྱེད་སྟངས་དང་བྱེད་ཐབས་ཏེ། དཔེར་ན། ཁོངས་གཏོགས་ཀྱི་བྱ་ཐབས་དང་། བཅད་ཚད་དབྱེ་ཞིབ་བྱ་ཐབས། དྲ་སྦྲེལ་གྱི་ལག་རྩལ་སྤྱོད་ཐབས་སོགས་བཀོལ་སྤྱོད་གཏོང་བར་བརྩོན་པ་བསྐྱེད་དེ་རང་གི་དོ་དམ་ལས་ཆོད་དང་དོ་དམ་ཆུ་ཚད་མཐོར་འདེགས་དང་དེང་རབས་སྤྱི་ཚོགས་འཕེལ་བའི་དགོས་མཁོར་འཚམ་པ་བྱེད་དགོས།

3_2 ལས་ཁུངས་དོ་དམ་ཚན་རིག་ཅན་དུ་བསྒྱུར་བའི་ནང་དོན་གཙོ་བོ།

ལས་ཁུངས་དོ་དམ་ཚན་རིག་ཅན་དུ་བསྒྱུར་བའི་ནང་དོན་གཙོ་བོ་རགས་བསྡུས་བྱས་ན་གཤམ་གསལ་དོན་ཚན་དྲུག་སྟེ། ①ལས་ཁུངས་དོ་དམ་གྱི་འདུ་ཤེས་ཚན་རིག་ཅན་དུ་འགྱུར་བ། ②ལས་བྱེད་པའི་བྱང་ཚད་དེང་རབས་ཅན་དུ་འགྱུར་བ། ③སྡེ་ཁག་འཛུགས་སྐྲུན་ལུགས་མཐུན་ཅན་དུ་འགྱུར་བ། ④ལས་ཁུངས་དོ་དམ་ཁྲིམས་ལུགས་ཅན་དུ་འགྱུར་བ།  ⑤ལས་ཁུངས་ཀྱི་སྤྱི་འབྲེལ་མཐུན་སྦྱོར་ཅན་དུ་འགྱུར་བ། ⑥དོ་དམ་བྱེད་ཐབས་དང་བྱེད་སྟངས་དེང་རབས་ཅན་དུ་འགྱུར་བ་བཅས་སོ།།

3.ལས་ཁུངས་ཀྱི་སྤྱི་བའི་འབྲེལ་བ།

ལས་ཁུངས་ཀྱི་སྤྱི་བའི་འབྲེལ་བ་ནི་ལས་ཁུངས་དོ་དམ་གོ་རིམ་ཁྲིད་ཀྱི་བྱ་བའི་འབྲེལ་འདྲིས་སྣ་ཚོགས་དང་འགྲོགས་འདྲིས་སུ་སོང་བའི་བརྩེ་དུང་མཚོན་པའི་འབྲེལ་བ་སྤྱིར་གོ་དགོས། ལས་ཁུངས་ཀྱི་སྤྱི་བའི་འབྲེལ་བའི་ངོ་བོ་ནི།

①འདྲ་མཉམ་འབྲེལ་བ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཁྲོད་ཀྱི་ལས་ཁུངས་ཀྱི་སྤྱི་འབྲེལ་འབྲེལ་བ་ནི་འདྲ་མཉམ་གྱི་འབྲེལ་བ་ཡིན་པས། ལས་ཁུངས་ཡོད་ཚད་ལ་མཐོ་དམན་དང་མཆོག་དམན་གྱི་ཁྱད་པར་མེད།

②མཉམ་ལས་འབྲེལ་བ། དེང་རབས་ལས་ཁུངས་ཀྱི་དོ་དམ་བྱ་བ་དེ་ཕྱོགས་མང་པོར་འབྲེལ་ཞིང་ལས་ཁུངས་མང་པོར་མཉམ་ལས་ཀྱི་འབྲེལ་བ་གྲུབ་ཡོད།

③ཞབས་ཞུའི་འབྲེལ་བ། ལས་ཁུངས་བར་གྱི་འབྲེལ་བ་དེ་ཞབས་ཞུའི་འབྲེལ་བ་ཅིག་ཡིན་པས། ཕན་ཚུན་བར་གྱི་བྱ་བར་རོགས་རམ་དང་རྒྱབ་སྐྱོར་བྱེད་ཐབས་འཚོལ་དགོས། ཞབས་ཞུ་ནི་ཕྱོགས་གཅིག་ཁོ་ན་མིན་པར་ཕན་ཚུན་ལ་ལྟོས་པ་དང་འདྲ་མཉམ་ཡིན་ནོ།།

④ཕན་ཆོད་མཐོ་བའི་འབྲེལ་བ། ཕན་ཆོད་མཐོན་པོར་བརྩོན་པ་ནི་ལས་ཁུངས་བྱ་བའི་མཐར་ཐུག་དམིགས་ཡུལ་ཡིན། ལས་ཁུངས་ཕན་ཚུན་བར་དམིགས་ཡུལ་དེ་འཆང་ནས་ཕན་ཆོད་མཐོ་བ་དང་འགྲིག་མཐུན་གྱི་འབྲེལ་བ་གྲུབ་ཏུ་འཇུག་དགོས།




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།