སྲིད་འཛིན་ལྟ་སྐུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲིད་འཛིན་ལྟ་སྐུལ་ནི་དེང་རབས་སྲིད་འཛིན་དོ་དམ་བྱ་བའི་གོ་རིམ་ཁྲོད་ཀྱི་ལྷུ་ཚིག་གལ་ཆེན་ཞིག་དང་། སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་གནང་བའི་སྲིད་འཛིན་སྲིད་གཅོད་ཡོད་ཚད་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་དུ་འཇུག་པའི་ཁག་ཐེག་ནུས་ལྡན་ཅིག་ཡིན། དེང་རབས་སྲིད་འཛིན་དོ་དམ་བྱ་བ་ནི་སྣེ་འཛིང་ཆེ་ཞིང་སྲིད་གཞུང་གི་སྲིད་འཛིན་དབང་ཆ་དེ་ཡང་ལྟོས་འཇོག་གིས་རྒྱ་ཇེ་ཆེར་འགྲོ་བའི་རྣམ་པ་མངོན་བཞིན་པའི་དུས་འདིར། སྲིད་གཞུང་གི་དོ་དམ་བྱ་བའི་ལེགས་ཉེས་ནི་རྒྱལ་ཇུས་འཚོ་གནས་དང་སྤྱི་ཚོགས་འཕེལ་རྒྱས་སུ་བགྲོད་ཐུབ་མིན་གྱི་གནད་དོན་ལ་ཐད་ཀར་འབྲེལ་པའི་དོན་དག་ཅིག་ཡིན། སྲིད་གཞུང་ཞིག་གི་སྲིད་སྤྱོད་མི་ལེགས་པ་དང་ཁྲིམས་ལ་མི་མཐུན་པའི་གནས་ཚུལ་སྔོན་འགོག་བྱས་ཏེ། སྲིད་གཞུང་གི་སྲིད་འཛིན་དོ་དམ་བྱ་བ་ཕན་འབྲས་མཐོ་བ། ནོར་འཁྲུལ་ཉུང་བ། ཕན་ནུས་ཅན་དུ་འགྱུར་བ་ཁག་ཐེག་བྱེད་དགོས་ན། ངེས་པར་དུ་སྲིད་གཞུང་དེར་ལྟ་སྐུལ་ནུས་ལྡན་བྱེད་ཐབས་ལག་ལེན་བྱས་ཏེ། དོ་དམ་དབང་ཆ་ཡོད་ཚད་ལུགས་མཐུན་དང་ཁྲིམས་མཐུན་གྱི་ངང་ནས་སྤྱོད་དུ་འཇུག་དགོས། འཛམ་གླིང་འདིར་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སྲིད་འཛིན་ལྟ་སྐུལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་པར་མ་ཟད། སྲིད་འཛིན་ལྟ་སྐུལ་གྱི་ཕན་ནུས་ཁྱད་འཕགས་ཅན་ལག་ལེན་བྱེད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
行政监督
ཁོངས་གཏོགས།
སྲིད་འཛིན་དོ་དམ།
དཀར་ཆག
1   སྲིད་འཛིན་ལྟ་སྐུལ་བྱ་བའི་གོ་དོན་དང་ནུས་པ།
1.1 སྲིད་འཛིན་ལྟ་སྐུལ་གྱི་གོ་དོན།
1.2 སྲིད་འཛིན་ལྟ་སྐུལ་བྱ་བའི་ལས་འགན་དང་ནུས་པ།
2   སྲིད་འཛིན་ལས་ཁུངས་ནང་ཁུལ་གྱི་ལྟ་སྐུལ།
2.1 སྲིད་འཛིན་ལས་ཁུངས་ནང་ཁུལ་ནས་རང་ལ་ལྟ་སྐུལ་བྱེད་པ།
2.2 རྒྱལ་ཁབ་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ལྟ་སྐུལ།
2.3 རྩིས་བཤེར་ལྟ་སྐུལ།
3   སྲིད་འཛིན་ལས་ཁུངས་ཀྱི་ཕྱི་ཕྱོགས་ལྟ་སྐུལ།
3.1 ཀྲུང་གོ་གུང་ཁྲན་ཏང་གི་ལྟ་སྐུལ།
3.2 རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱི་ལྟ་སྐུལ།
3.3 རྒྱལ་ཁབ་ཁྲིམས་འཛིན་ལས་ཁུངས་ཀྱི་ལྟ་སྐུལ།
3.4 མང་ཚོགས་ཀྱི་ཚོགས་པའི་དམངས་གཙོ་ལྟ་སྐུལ།
3.5 མི་དམངས་མང་ཚོགས་ཀྱི་ལྟ་སྐུལ།
3.6 སྤྱི་ཚོགས་ཀྱི་གླེང་ཕྱོགས་སུ་བརྟེན་པའི་ལྟ་སྐུལ།
1 སྲིད་འཛིན་ལྟ་སྐུལ་བྱ་བའི་གོ་དོན་དང་ནུས་པ།
1_1 སྲིད་འཛིན་ལྟ་སྐུལ་གྱི་གོ་དོན།

ལྟ་སྐུལ་གྱི་དོན་ནི་ལྟ་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་བའི་དོན་དང་། སྲིད་འཛིན་ལྟ་སྐུལ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་། མི་དམངས་མང་ཚོགས་ཀྱིས་ཁྲིམས་ལུགས་ལྟར། རིམ་པ་སོ་སོའི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་། གཞུང་ཞབས་པས་ཁྲིམས་བསྲུང་གནས་ཚུལ་ལ་ལྟ་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་བའི་བྱ་འགུལ་ལ་གོ་དགོས། དེ་ལྟའི་སྲིད་འཛིན་ལྟ་སྐུལ་ནི་སྲིད་འཛིན་དོ་དམ་བྱ་བའི་གཞི་རྩའི་འགན་ནུས་ཤིག་དང་གཞི་རྩའི་བྱེད་ཐབས་ཤིག་ཡིན་པས། སྲིད་འཛིན་དོ་དམ་བྱ་བའི་གོ་རིམ་ཧྲིལ་པོར་གནས་ཡོད།     དེ་ཡང་བྱེ་བྲག་ཏུ་ཕྱེས་ན། སྲིད་འཛིན་ལྟ་སྐུལ་བྱ་བའི་གཞི་རྩའི་གོ་དོན་གཙོ་བོ་འདི་དག་ཡོད་དེ།

①སྲིད་འཛིན་ལྟ་སྐུལ་བྱེད་མཁན་གྱི་གཙོ་ཤུགས་ནི་ཏང་དང་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་ཁུངས། ཁྲིམས་འཛིན་ལས་ཁུངས། སྤྱི་ཚོགས་ཀྱི་ཚོགས་པ། མི་དམངས་མང་ཚོགས་རྣམས་ཡིན་ལ། གཞན་ཡང་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་གཏོགས་ནང་ཁུལ་གྱི་མཐོ་རིམ་ལས་ཁུངས་ཀྱིས་དམའ་རིམ་ལས་ཁུངས་ཀྱི་ལག་ལེན་བྱ་འགུལ་ལ་ལྟ་སྐུལ་བྱེད་པའང་འདུས།

②སྲིད་འཛིན་ལྟ་སྐུལ་བྱེད་ཡུལ་ནི་རིམ་པ་སོ་སོའི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་། གཞུང་ཞབས་པ་ཡིན། ཁོ་ཚོས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས། བཀའ་ཁྲིམས། སྲིད་འཛིན་གྲོས་ཆོད་སོགས་ལག་བསྟར་གནང་བའི་གནས་ཚུལ་དང་མཇུག་འབྲས་ཇི་འདྲ་ཡིན་པར་ལྟ་སྐུལ་བྱེད་དགོས།

③སྲིད་འཛིན་ལྟ་སྐུལ་བྱེད་པའི་དམིགས་ཡུལ་གཙོ་བོ་ནི། རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་དང་གཞུང་ཞབས་པས་བཅའ་ཁྲིམས་ལྟར་སྲིད་སྐྱོང་བྱ་བར་ཁག་ཐེག་དང་། མི་དམངས་ཀྱི་འདོད་བློར་རྒྱབ་འགལ་དུ་གྱུར་བ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུར་འགལ་བའི་བྱ་སྤྱོད་དྲང་བཅོས་དང་ཡོ་བསྲང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྲུན་ཁག་ཐེག་ཡོང་བ། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱི་བྱ་བའི་ལས་ཆོད་མཐོ་རུ་གཏོང་བ། སྲིད་འཛིན་སྤྱོད་ལམ་མཐའ་དག་ཁྲིམས་མཐུན་ཅན་དང་ལུགས་མཐུན་ཅན། ཕན་འབྲས་ཅན་དུ་གཏོང་བར་ཁག་ཐེག་བྱེད་པ་བཅས་སོ།།

④སྲིད་འཛིན་ལྟ་སྐུལ་གྱི་ངོ་བོ་ནི་ཁྲིམས་ལུགས་ལྟ་སྐུལ་གྱི་ངོ་བོར་གཏོགས། དེ་ཡང་ཕྱོགས་གཅིག་ནས་སྲིད་འཛིན་ལྟ་སྐུལ་བྱེད་མཁན་གྱི་གཙོ་ཤུགས་སོ་སོའི་ལྟ་སྐུལ་དབང་ཆ་ཡོད་ཚད་ཁྲིམས་ལུགས་ཀྱིས་སྤྲད་པས། ལྟ་སྐུལ་བྱ་འགུལ་ཡོད་ཚད་ཁྲིམས་ལུགས་ལྟར་སྤེལ་དགོས་པ་དང་། དོན་ཚན་གལ་ཆེའི་རིགས་སུ་ལྟ་སྐུལ་བྱེད་དུས་ཁྲིམས་བཀོད་ཀྱི་གོ་རིམ་གསལ་བོ་ཡོད་དགོས། ཕྱོགས་གཞན་ཞིག་ནས་སྲིད་འཛིན་ལྟ་སྐུལ་ལག་བསྟར་བྱེད་དུས། སྲིད་འཛིན་བྱ་འགུལ་གྱི་ཁྲིམས་མཐུན་རང་བཞིན་དང་ལུགས་མཐུན་རང་བཞིན་ལ་ལྟ་སྐུལ་བྱེད་པའམ། ཡང་ན་སྲིད་འཛིན་མི་སྣས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་གཞུང་གི་སྒྲིག་ལམ་སོགས་བརྩི་བསྲུང་བྱས་ཡོད་མེད་ལ་བལྟ་སྐུལ་བྱེད་པ་གང་ཡིན་ཡང་། ཚང་མ་སྲིད་འཛིན་བྱ་འགུལ་སྤེལ་དུས་སུ་ཁྲིམས་ལུགས་བརྩི་ཡོད་མེད་ལ་ལྟ་སྐུལ་བྱེད་པའི་ནང་དོན་མཚོན།

1_2 སྲིད་འཛིན་ལྟ་སྐུལ་བྱ་བའི་ལས་འགན་དང་ནུས་པ།

སྲིད་འཛིན་ལྟ་སྐུལ་བྱ་བའི་ལས་འགན་གཙོ་བོ་ནི་རྟག་ཏུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་གཞུང་གིས་གཏན་འབེབས་གནང་བ་ལག་ལེན་དུ་བསྟར་བའི་གནས་ཚུལ་ཇི་འདྲ་ཡིན་པར་ཞིབ་བཤེར་བྱས་ཏེ། མི་དམངས་ཀྱི་ཁེ་ཕན་ལ་མི་མཐུན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲིད་འཛིན་དོ་དམ་བྱ་བའི་རྩ་དོན་དང་ཁྲིམས་སྲོལ། སྒྲིག་སྲོལ་ལ་མི་མཐུན་པའི་བྱ་སྤྱོད་དང་། དམངས་གཙོ་དང་ཁྲིམས་ལུགས་ཀྱི་རྩ་དོན་ལ་མི་མཐུན་པའི་བྱ་སྤྱོད་ཡོད་ཚད་དུས་ཐོག་ཏུ་ཤེས་པ་དང་ཡོ་བསྲང་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་འཛིན་བྱ་འགུལ་ཁྲོད་འབྱུང་བཞིན་པའི་ཧེ་བག་དང་ནོར་འཁྲུལ་གནས་ཚུལ་སྔོན་འགོག་དང་། སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་དོ་དམ་ལས་འགུལ་གང་ལེགས་ཡོང་བར་སྐུལ་དགོས།

①སྔོན་འགོག་ནུས་པ། སྔོན་འགོག་ནུས་པ་ནི་སྲིད་འཛིན་ལྟ་སྐུལ་བརྒྱུད་དེ་སྲིད་འཛིན་དོ་དམ་ཁྲོད་ཀྱི་ཁྲིམས་མཐུན་མིན་པ་དང་ནོར་འཁྲུལ་གྱི་གནས་ཚུལ་འབྱུང་བ་སྔོན་འགོག་བྱེད་པར་གོ་དགོས། ལྟ་སྐུལ་གྱི་གནད་ས་དེ་སྲིད་འཛིན་སྲིད་གཅོད་བྱ་བ་དང་། སྲིད་འཛིན་ཁྲིམས་སྲོལ། སྲིད་འཛིན་འཆར་གཞི། སྲིད་འཛིན་བྱེད་ཐབས་སོགས་གལ་ཆེན་པའི་རིགས་དེ་དག་ཡིན་ལ། དེ་ཡང་སྲིད་འཛིན་སྲིད་གཅོད་བྱ་བ་དང་། སྲིད་འཛིན་ཁྲིམས་སྲོལ་གཏན་འབེབས་མ་བྱས་པའི་སྔོན་དང་། གཏན་འབེབས་བྱེད་ཁྲོད་དུ་ལྟ་སྐུལ་ནུས་ལྡན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྲིད་གཅོད་དང་འཆར་གཞི། བྱེད་ཐབས་སོགས་ལ་ནོར་འཁྲུལ་བྱུང་བ་ལས་ཆག་སྒོ་འབྱུང་བའི་གནས་ཚུལ་ལས་གཡོལ་ཐུབ་པ་དང་། ཆུ་མ་ཡོང་གོང་གི་རགས་ལྟ་བུའི་ནུས་པ་འདོན་དགོས།

②གསབ་སྐྱོབ་ནུས་པ། གསབ་སྐྱོབ་ནུས་པ་ནི་ལྟ་སྐུལ་ཞིབ་བཤེར་ཁྲོད་ནས་ཤེས་པའི་གནད་དོན་དེར་ལེགས་བཅོས་བྱེད་ཐབས་འོས་འཚམས་སྤྱད་དེ། གྱོང་གུད་བཟོས་ཟིན་པར་གུན་གསབ་བམ། གྱོང་གུད་ཆེས་ཉུང་ཚད་དུ་བསྒྱུར་བར་ཧུར་བརྩོན་གནང་བར་གོ་དགོས།     དེ་ལྟར་ཟུར་འབུད་དང་ཡོ་བསྲང་། གསབ་སྐྱོབ་ལ་ཤུགས་སྣོན་པའི་ཐབས་ཀྱིས་གྱོང་གུད་ཆེས་ཆེ་བའི་ཆག་སྒོ་མི་འབྱུང་བ་བྱེད་དགོས།

③ལེགས་བཅོས་ནུས་པ། ལེགས་བཅོས་ནུས་པ་ནི་སྲིད་འཛིན་ལྟ་སྐུལ་ཁྲོད་ནས་མངོན་དུ་གྱུར་བའི་གནད་དོན་དེར་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གིས་སྲིད་འཛིན་ཁྲིམས་ལུགས་དང་ཕན་ནུས་ལྡན་པའི་སྲིད་འཛིན། ལུགས་མཐུན་སྲིད་འཛིན་སོགས་ཀྱི་རྩ་དོན་ལྟར་ཉམས་མྱོང་དང་བསླབ་བྱ་གང་ཡོད་ནན་ཏན་གྱིས་སྤྱི་བསྡོམས་བྱས་ཏེ། སྲིད་འཛིན་དོ་དམ་བྱ་བའི་ཆོས་ཉིད་ལ་རྟོག་ཞིབ་དང་གོམ་གང་སྔོན་སྤོས་ཀྱིས་སྒྲིག་སྲོལ་ལམ་ལུགས་སྣ་ཚོགས་འཐུས་ཚང་འཛུགས་པ་དང་། དོ་དམ་བྱེད་ཐབས་ལེགས་བཅོས་བྱས་ཏེ། རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བྱང་ཚད་མཐོར་འདེགས་དང་ལམ་ལུགས་ཀྱི་སྟེང་ནས་འབྱུང་མི་དགོས་པའི་ཧེ་བག་དང་ནོར་འཁྲུལ་དེ་རིགས་སླར་ཡང་མི་འབྱུང་བར་ཁག་ཐེག་བྱེད་དགོས་པར་བསྟན།

④གདེང་འཇོག་ནུས་པ། དེང་འཇོག་ནུས་པ་ནི་ལྟ་སྐུལ་ནུས་ལྡན་བརྒྱུད་དེ་སྲིད་འཛིན་ལས་ཁུངས་དང་གཞུང་ཞབས་པའི་སྲིད་འཛིན་བྱ་སྤྱོད་དང་ཕན་འབྲས་སུ་གདེང་འཇོག་དྲང་བཞག་བྱེད་པར་གོ་དགོས། ཁྲིམས་ལུགས་ལྟར་སྲིད་དོན་སྤེལ་ཞིང་གྲུབ་འབྲས་མངོན་གསལ་ཡོད་པའི་སྲིད་འཛིན་ལས་ཁུངས་དང་མི་སྣར་གཟེངས་བསྟོད་བྱས་ཏེ། རང་ཤུགས་གཅིག་སྒྲོམ་སྒོས་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་པར་སྐུལ་དགོས། དཔོན་ངན་རིང་ལུགས་ཀྱི་མཚོན་སྟངས་སྣ་ཚོགས་དང་བྱ་བའི་ལས་ཆོད་དམའ་བ། རུལ་སུངས་སྣང་ཚུལ་ཀུན་ལ་སྐྱོན་འཛུགས་དང་ཐེར་འདོན་བྱེད་དགོས། ཁྲིམས་འགལ་བྱ་སྤྱོད་ལ་བསླབ་འདོམས་བྱས་ན་སྲིད་གཞུང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་གཟབ་ནན་ཡོང་བ་དང་ལེགས་ཕྱོགས་སྤེལ་བ། སྤྱོད་ངན་ལ་རྡུང་རྡེག་གཏོང་བར་ཕན་པའི་དགེ་མཚན་འདོན་ཐུབ།   

2 སྲིད་འཛིན་ལས་ཁུངས་ནང་ཁུལ་གྱི་ལྟ་སྐུལ།
2_1 སྲིད་འཛིན་ལས་ཁུངས་ནང་ཁུལ་ནས་རང་ལ་ལྟ་སྐུལ་བྱེད་པ།

①སྲིད་འཛིན་ལས་ཁུངས་ནས་རང་ལ་ལྟ་སྐུལ་བྱེད་ཚུལ།

དང་པོ་སྤྱིར་བཏང་གི་ལྟ་སྐུལ་ནི། སྲིད་འཛིན་ལས་ཁུངས་ཕན་ཚུན་དབར་དུ་ཐད་ཀར་དུ་ཁོངས་གཏོགས་མཐོ་དམན་གྱི་འབྲེལ་བ་ཡོད་པ་ལྟར་ལྟ་སྐུལ་བྱེད་པ་སྟེ། དེ་ཡང་གཙོ་བོ་ནི་མཐོ་རིམ་སྲིད་འཛིན་དང་བྱེད་སྒོ་གཙོ་གཉེར་བས་དམའ་རིམ་སྲིད་འཛིན་དང་སྲིད་འཛིན་བྱེད་སྒོའི་མངའ་ཁོངས་སུ་ལྟ་སྐུལ་གནང་བར་གོ་དགོས་ལ། དེ་ནང་དུ་རིམ་མཉམ་སྡེ་ཁག་ཕན་ཚུན་ལྟ་སྐུལ་དང་དམའ་རིམ་སྲིད་འཛིན་ལས་ཁུངས་ཀྱིས་དམའ་རིམ་ནས་མཐོ་རིམ་ལ་ལྟ་སྐུལ་གནང་བའང་འདུས་ཡོད།

གཉིས་པ་འགན་ནུས་ལྟ་སྐུལ་ནི། སྲིད་གཞུང་གི་འགན་ནུས་སྡེ་ཁག་སོ་སོས་རང་གི་གཙོ་གཉེར་བྱ་བ་གཞིར་བཟུང་སྟེ། རང་གི་འགན་དབང་རྒྱ་ཁྱོན་ནང་ཁུལ་ནས་སྡེ་ཁག་གཞན་པར་ལྟ་སྐུལ་གནང་བར་གོ་དགོས། དེའི་ནང་དུ་འདྲ་མཉམ་འབྲེལ་བ་ཅན་གྱི་འགན་ནུས་སྡེ་ཁག་ལ་ལྟ་སྐུལ་བྱེད་པ་འདུས་ལ། མཐོ་དམན་འབྲེལ་བ་ཅན་གྱི་སྲིད་གཞུང་གི་འགན་ནུས་སྡེ་ཁག་ལ་ལྟ་སྐུལ་བྱེད་པའང་འདུས་ཡོད།

གསུམ་པ་གཙོ་གཉེར་ལྟ་སྐུལ་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁོངས་སོ་སོས་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་བྱ་བའི་ངོ་བོ་འདྲ་བའི་སྡེ་ཁག་ལ་ལྟ་སྐུལ་དང་། མཐོ་རིམ་ས་གནས་མི་དམངས་སྲིད་གཞུང་གི་བྱ་བའི་སྡེ་ཁག་གིས་དམའ་རིམ་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་བྱ་བའི་ངོ་བོ་འདྲ་བའི་སྡེ་ཁག་ལ་ལྟ་སྐུལ། གཞན་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་སོ་སོ་དང་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རང་རང་གི་ཁོངས་གཏོགས་ཀྱི་ཁེ་ལས་དོན་ལས་སྡེ་ཚན་ལ་ལྟ་སྐུལ་བྱེད་པར་གོ་དགོས།

②སྲིད་གཞུང་ནང་ཁུལ་གྱི་ལྟ་སྐུལ་དུ་སྤྱོད་པའི་བྱེད་སྟངས་སྤྱིར་བཏང་བ།

སྲིད་གཞུང་ནང་ཁུལ་ནས་རང་ལ་ལྟ་སྐུལ་བྱེད་པ་ནི་མཐོ་དམན་རིམ་པ་མི་འདྲ་བའི་ཁོངས་གཏོགས་འབྲེལ་བའི་ངོས་ནས་རྩ་འཛུགས་བྱས་པ་ཡིན་པས། ལྟ་སྐུལ་འདི་རིགས་ནི་ཐད་ཀར་གདོང་གཏུགས་ཚད་ཆེ་བ་དང་། ཕན་འབྲས་ཤིན་ཏུ་ཆེ་བའི་ལྟ་སྐུལ་བྱེད་ཐབས་ཤིག་ཡིན། དེའི་གོ་རིམ་ལ་དང་པོ་བྱ་བའི་སྙན་ཞུ། དམའ་རིམ་ལས་ཁུངས་ཀྱིས་རྟག་ཏུ་བྱ་བའི་འཕེལ་ཚུལ་དང་བྱ་བ་གལ་ཆེན་གྱི་རིགས། བྱེད་ཐབས་གལ་ཆེན། གནད་དོན་ཚབས་ཆེན་དང་དོན་རྐྱེན་སོགས་འདུས་པའི་བྱ་བའི་གནས་ཚུལ་ཡོད་ཚད་མཐོ་རིམ་ལས་ཁུངས་སུ་སྙན་ཞུ་ཕུལ་ཏེ། མཐོ་རིམ་ལས་ཁུངས་དང་འགོ་ཁྲིད་པ་རྣམས་ཀྱིས་དུས་ཐོག་ཏུ་གཤམ་གྱི་གནས་ཚུལ་རྒྱུས་ལོན་ཡོང་བར་ཁག་ཐེག་དང་། དམའ་རིམ་ལས་ཁུངས་ཀྱི་བྱ་བར་ཕན་འབྲས་ལྡན་པའི་སྒོ་ནས་འགོ་ཁྲིད་དང་ལྟ་སྐུལ་བྱེད་དུ་འཇུག་དགོས། གཉིས་པ་ནི་བྱ་བར་སློབ་སྟོན་གནང་བ། མཐོ་རིམ་སྲིད་འཛིན་ལས་ཁུངས་ཀྱི་བཀའ་ཕབ་པའི་ཚུལ་གྱིས་དམའ་རིམ་ལས་ཁུངས་ཀྱིས་ལས་འགན་བྲེལ་འཚུབ་ཅན་ལེགས་འགྲུབ་བྱེད་པའི་བླང་བྱ་འདོན་པ་དང་། སློབ་སྟོན་གནང་བའི་ཚུལ་གྱིས་དམའ་རིམ་ལས་ཁུངས་ཀྱིས་གང་སྒྲུབ་དགོས་པ་དང་ཇི་ལྟར་བསྒྲུབ་དགོས་པའི་བླང་བྱ་འདོན་དགོས། གྲོས་འགོ་འདོན་པའི་ཚུལ་གྱིས་དམའ་རིམ་ལས་ཁུངས་ཀྱིས་བསྲུང་དགོས་པའི་རྩ་དོན་གཏན་འབེབས་དང་། འབྱུང་སྲིད་པའི་གནས་ཚུལ་མི་འབྱུང་བའི་སྔོན་འགོག་བྱེད་ཐབས་བཏོན་ཏེ། གནད་དོན་མ་བྱུང་གོང་གི་ལྟ་སྐུལ་བྱ་བ་མངོན་འགྱུར་བྱེད་ཀྱིན་ཡོད། རྟག་ཏུ་དམའ་རིམ་སྲིད་འཛིན་ལས་ཁུངས་དང་གཞུང་ཞབས་པར་སློབ་སྟོན་ནན་ཏན་བྱས་ན། གཞི་ནས་གོང་རིམ་ནས་སྤྲད་པའི་ལས་འགན་ཕན་འབྲས་ལྡན་པའི་ངང་ནས་ལེགས་འགྲུབ་བྱེད་ཐུབ། གསུམ་པ་བྱ་བར་ཞིབ་བཤེར་བྱེད་པ།     མཐོ་རིམ་ལས་ཁུངས་ཀྱིས་དམའ་རིམ་ལས་ཁུངས་སུ་བཀོད་སྒྲིག་གནང་བའི་བྱ་བའམ། ཡང་ན་གཙོ་གཉེར་ལས་ཁུངས་ཀྱི་ཁོངས་གཏོགས་བྱ་བའི་སྡེ་ཁག་ཏུ་གཏན་འབེབས་དང་བཀའ་བརྡ་གནང་བའི་བྱ་བ་ཡོད་ཚད་ལག་བསྟར་བྱས་ཚུལ་ཇི་འདྲ་ཡིན་པ་དང་། འཆར་གཞི་འགྲིག་མིན། ལས་འགན་ལེགས་འགྲུབ་གནང་བ་དམིགས་ཡུལ་དང་མཐུན་མི་མཐུན།     ད་དུང་གནད་དོན་གང་དག་ལུས་ཡོད་ཚུལ་རྣམས་རྒྱུས་ལོན་བྱས་ཏེ། གནས་ཚུལ་ཤེས་པའི་སྒོ་ནས་གནད་དོན་ཡོད་རིགས་དུས་ཐོག་ཏུ་ཐག་གཅོད་བྱེད་ཐབས་བཙལ་དགོས། བརྟག་དཔྱད་གཏོང་ཐབས་ནང་དུ་དམིགས་བསལ་ཞིབ་བཤེར། ཕྱོགས་ཡོངས་ཞིབ་བཤེར། མ་དཔེ་ཟུར་ལེན་ཞིབ་བཤེར། ཕྱོགས་བསྡུས་ཞིབ་བཤེར། ཆེད་དོན་ཞིབ་བཤེར། དུས་བཅད་ཞིབ་བཤེར། སྐབས་འཕྲལ་ཞིབ་བཤེར་སོགས་འདུས། བཞི་པ་བྱ་བར་དཔྱད་ཞིབ་བྱེད་པ། འཆར་གཞི་དང་ལས་འགན་ལེགས་གྲུབ་རྗེས་སུ་མཐོ་རིམ་ལས་ཁུངས་དང་གཙོ་གཉེར་བས་དམའ་རིམ་ལས་ཁུངས་དང་དམའ་རིམ་མི་སྣའི་བྱ་བར་དཔྱད་ཞིབ་དང་དཔྱད་བསྡུར་གཏན་འབེབས(评定)ཡང་དག་གནང་བ་དང་། དཔྱད་ཞིབ་དང་དཔྱད་བསྡུར་གཏན་འབེབས་ཡང་དག་གནང་བ་གཞིར་བཟུང་ནས་སྐྱོན་བརྗོད་དང་། གྲོས་འདོན། ཆད་པ་གཅོད་པ། གཟེངས་བསྟོད། བྱ་དགའ་སྤྲོད་ཚུལ་བཏོན་ཆོག གོང་རིམ་ལས་ཁུངས་སམ་གོང་རིམ་འགོ་ཁྲིད་པའི་སྲིད་གཅོད་དང་། བཀའ་བརྡ། མཛུབ་སྟོན་སོགས་བཅའ་ཁྲིམས་དང་སྲིད་ཇུས་ལ་འགལ་ཡོད་པའམ། ཡང་ན་ནོར་འཁྲུལ་ལྡན་ཞིང་གནད་ཐོག་ཏུ་འཁེལ་མེད་དོ་སྙམ་པའི་དུས་སུ། དམའ་རིམ་ལས་ཁུངས་སམ་དམའ་རིམ་གཞུང་ཞབས་པས་སྐྱོན་བརྗོད་དང་གྲོས་འདོན་དབང་ཆ་སྤྱད་དེ། དམའ་རིམ་ནས་མཐོ་རིམ་ལ་ལྟ་སྐུལ་བྱེད་པ་མངོན་འགྱུར་གནང་ཆོག ལྔ་པ་ཆེད་དོན་བརྟག་དཔྱད་གཏོང་བ། སྲིད་འཛིན་ལས་ཁུངས་ཀྱིས་རང་གི་ཁོངས་གཏོགས་ཀྱི་སྡེ་ཁག་དང་ལས་ཁུངས་ནས་བྱུང་བའི་དོན་རྐྱེན་དང་། ཁྲིམས་འགལ་གྱོད་དོན་དེར་ཆེད་དོན་བརྟག་དཔྱད་གཏོང་བར་རྩ་འཛུགས་བྱས་ཏེ་ཆེད་དོན་བརྟག་དཔྱད་བྱ་འགུལ་སྤེལ་བར་གོ་དགོས། ཆེད་དོན་བརྟག་དཔྱད་གཏོང་ཡུལ་ནི་སྐབས་འཕྲལ་བྱུང་བའི་གནད་དོན་དང་། ཅུང་ཙམ་གནད་ཆེ་བ། སྣེ་འཛིང་ཡིན་པའི་རིགས་སུ་རྟག་ཏུ་ཆེད་དོན་བརྟག་དཔྱད་གཏོང་དགོས།

2_2 རྒྱལ་ཁབ་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ལྟ་སྐུལ།

རྒྱལ་ཁབ་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ལྟ་སྐུལ་ནི་སྲིད་འཛིན་སྡེ་ཁག་གི་སྲིད་འཛིན་དོ་དམ་བྱ་བར་རྒྱལ་ཁབ་ཀྱི་ཆེད་གཉེར་ཞིབ་དཔྱོད་སྡེ་ཁག་གིས་ཕྱོགས་ཡོངས་ནས་ལྟ་སྐུལ་བྱེད་པར་གོ་དགོས། ཞིབ་དཔྱོད་ལས་ཁུངས་ནི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ནང་ཁུལ་གྱི་ཆེད་གཉེར་ལྟ་སྐུལ་བྱ་བ་འཛིན་པའི་ལས་ཁུངས་ཡིན། དེའི་ལས་འགན་དང་འགན་འཁྲི་གཙོ་བོ་ནི། ཞིབ་དཔྱོད་བྱེད་ཡུལ་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བཅའ་ཁྲིམས། ཁྲིམས་སྲོལ་ལག་བསྟར་གནང་བའི་བྱ་སྤྱོད་ལ་ཞིབ་བཤེར་བྱེད་པ། མི་སྒེར་དང་སྡེ་ཚན་གྱིས་ཞིབ་དཔྱོད་བྱེད་ཡུལ་གང་དེར་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བཅའ་ཁྲིམས། ཁྲིམས་སྲོལ་སོགས་སྲིད་ཁྲིམས་དང་འགལ་བའི་གནས་ཚུལ་ཡོད་རིགས་ཐེར་འདོན་དང་གཏུག་བཤེར་བྱས་པ་ལྟར་བདག་སྤྲོད་བྱས་ཡོད་མེད། ཞིབ་དཔྱོད་བྱེད་ཡུལ་གྱིས་སྒྲིག་ཁྲིམས་ཆད་གཅོད་དེར་ཡིད་འཐད་མ་བྱུང་བར་གོང་དུ་རྒྱུ་མཚན་བསྙད་པའི་དག་སེལ་ཞུ་འབུལ་བདག་སྤྲོད་བྱས་ཡོད་མེད། སྲིད་འཛིན་གྱི་གོ་རིམ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་འཇོག་གནང་བའི་མི་སྣ་དང་། ས་གནས་མི་དམངས་སྲིད་གཞུང་གིས་བསྐོ་འཇོག་གནང་བའི་མི་སྣ་རྣམས་ལ་སྒྲིག་ཁྲིམས་ཆད་གཅོད་སྐོར་གྱི་དོན་ཚན་རེ་རེ་བཞིན་གྲོས་ཞིབ་གནང་ཡོད་མེད། རྒྱལ་ཁབ་ཀྱི་སྲིད་འཛིན་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དབང་ཆ་དང་། བརྟག་དཔྱད་དབང་ཆ། གྲོས་འདོན་དབང་ཆ་ཡོད་ལ། སྲིད་འཛིན་ཆད་གཅོད་དབང་ཆའང་ངེས་ཅན་ལྡན།

2_3 རྩིས་བཤེར་ལྟ་སྐུལ།

①རྩིས་བཤེར་ལྟ་སྐུལ་གྱི་གོ་དོན་དང་ཁྱད་ཆོས།

རྩིས་བཤེར་ལྟ་སྐུལ་ནི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ནང་ཁུལ་གྱི་ལྟ་སྐུལ་དམིགས་བསལ་ཞིག་ཡིན། དེའི་འགན་ཁུར་ནི་འབྲེལ་ཡོད་བཅའ་ཁྲིམས་དང་ནོར་སྲིད་དཔལ་འབྱོར་གྱི་ཁྲིམས་སྲོལ་གཞིར་བཟུང་སྟེ། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་དང་། ཁེ་ལས་སོ་སོ། དོན་ལས་སྡེ་ཚན་སོ་སོ། སྤྱི་ཚོགས་ཀྱི་ཚོགས་པ་སོ་སོའི་དཔལ་འབྱོར་བྱེད་སྒོ་དང་ནོར་དོན་བྱ་བར་ལག་ལེན་དུ་བསྟར་བའི་ཞིབ་དཔྱད་བསྡུར་བཤེར་བྱ་འགུལ་སྤེལ་བར་འགན་ཁུར་དགོས། རྩིས་བཤེར་ལྟ་སྐུལ་བྱ་བར་ཁྱད་ཆོས་གསུམ་ཡོད་པ་གཤམ་གསལ།

དང་པོ་ནི་རྩིས་བཤེར་ལས་ཁུངས་ཀྱིས་འགན་དབང་རང་ཚུགས་ཅན་སྤྱོད་པ། རང་རྒྱལ་གྱི་རྩ་ཁྲིམས་དོན་ཚན་གོ་གཅག་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་འགོ་ཁྲིད་ལ་བརྟེན་ནས“རྩིས་བཤེར་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སྒེར་ཚུགས་ཀྱིས་རྩིས་བཤེར་ལྟ་སྐུལ་དབང་ཆ་བཀོལ་སྤྱོད་གནང་དགོས། གཞན་པའི་སྲིད་འཛིན་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་གྱིས་དེར་ཐེ་གཏོགས་བྱས་མི་ཆོག”ཅེས་གཏན་འབེབས་གནང་ཡོད། རྩིས་བཤེར་ལས་ཁུངས་ཀྱིས་རྩིས་བཤེར་ལྟ་སྐུལ་ནུས་པ་གང་ལེགས་འདོན་སྤེལ་བྱེད་དགོས་ན། ངེས་པར་དུ་སྒེར་ཚུགས་ཅན་གྱི་བཅའ་ཁྲིམས་ཀྱི་གོ་གནས་ཡོད་པ་དང་རྩིས་བཤེར་དབང་ཆ་སྒེར་ཚུགས་ཅན་སྤྱོད་དགོས། དེ་ལྟར་མ་བྱས་ན་ལྟ་སྐུལ་དབང་ཆ་མངོན་འགྱུར་བྱེད་མི་ཐུབ། གཉིས་པ་ནི་རྩིས་བཤེར་ལྟ་སྐུལ་བྱ་ཡུལ་གྱི་དམིགས་བསལ་རང་བཞིན། རྩིས་བཤེར་ལྟ་སྐུལ་བྱེད་ཡུལ་ནི་སྡེ་ཚན་སོ་སོ་དང་སྡེ་ཁག་སོ་སོའི་དམིགས་བསལ་གཏན་འཁེལ་ཡོད་པའི་དཔལ་འབྱོར་བྱ་འགུལ་སྟེ། དཔལ་འབྱོར་བྱ་འགུལ་ལ་ཞིབ་བཤེར་བྱེད་དགོས། རྩིས་བཤེར་བྱེད་མཁན་ནི་ངེས་པར་དུ་བཅའ་ཁྲིམས་དང་ནོར་སྲིད་ཤེས་ཡོན་ཀུན་ལ་བྱང་ཆུབ་པའི་ཁྲིམས་རྟོགས་ཁྲིམས་སྒྲུབ་ནུས་པའི་ཆེད་ལས་མི་སྣ་ཡིན་དགོས།     གསུམ་པ་ནི་རྩིས་བཤེར་ལྟ་སྐུལ་བྱ་བའི་རྒྱ་ཁྱོན་ཆེ་བའི་རང་བཞིན། རང་རྒྱལ་གྱི་རྩ་ཁྲིམས་དོན་ཚན་གོ་གཅིག་པའི་ནང་རྩིས་བཤེར་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི“རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོ་དང་ས་གནས་རིམ་པ་སོ་སོའི་སྲིད་གཞུང་གི་ནོར་སྲིད་སྡུད་གཏོང་དང་། རྒྱལ་ཁབ་ཀྱི་ནོར་སྲིད་དངུལ་རྩིས་ལས་ཁུངས། ཁེ་ལས་དོན་ལས་སྡེ་ཚན་རྩ་འཛུགས་ཀྱི་ནོར་དོན་སྡུད་གཏོང་བྱ་བར་རྩིས་བཤེར་ལྟ་སྐུལ་བྱེད་དགོས”ཞེས་གཏན་ལ་ཕབ་ཡོད་པ་ནི། རྩིས་བཤེར་ལྟ་སྐུལ་བྱ་བ་ནི་སྲིད་གཞུང་སྡེ་ཁག་གི་དཔལ་འབྱོར་དང་ནོར་སྲིད་བྱ་འགུལ་གྱི་རྒྱ་ཁྱོན་དེ་ཙམ་ཁོ་ན་མ་ཡིན་པར། རྩིས་བཤེར་བྱེད་ཡུལ་ནང་དུ་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་རིགས་མི་འདྲ་བའི་ལས་ཁུངས་རྣམས་དང་སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་དོན་ནས་སྡེ་ཚན་སོགས་འདུས་ཡོད་པ་གསལ་བཤད་བྱས་པ་དང་། རྩིས་བཤེར་བྱ་བར་འབྲེལ་བའི་རྒྱ་ཁྱོན་དང་ནང་དོན་གྱི་ཆ་ནས་ཧ་ལམ་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཧྲིལ་བོའི་བྱ་འགུལ་འདུས་ཡོད།

②རྩིས་བཤེར་ལྟ་སྐུལ་བྱ་བའི་རིགས་རྣམ།

དང་པོ་ནི། རྩིས་བཤེར་བྱ་བའི་ནང་དོན་དང་དམིགས་ཡུལ་མི་འདྲ་བའི་ངོས་ནས་དབྱེ་ན། ནོར་དོན་དང་ནོར་སྲིད་རྩིས་བཤེར། དཔལ་འབྱོར་ཕན་འབྲས་རྩིས་བཤེར། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་རྩིས་བཤེར་བཅས་ཡོད། གཉིས་པ་ནི། རྩིས་བཤེར་བྱེད་ཀྱི་དུས་སྐབས་མི་འདྲ་བའི་ངོས་ནས་དབྱེ་བ་ནི། སྔོན་གཤེར་དང་རྗེས་གཤེར་གཉིས་ལས། སྔོན་བཤེར་ནི་དཔལ་འབྱོར་བྱེད་སྒོ་མ་སྤེལ་གོང་གི་རྩིས་བཤེར་བྱ་བར་གོ་དགོས་པ་དང་། རྗེས་བཤེར་ནི་རྩིས་གཉེར་དཔྱད་གཞི་གཞིར་བཟུང་སྟེ་སྔར་གྱི་དཔལ་འབྱོར་བྱེད་སྒོའི་སྐོར་རྩིས་བཤེར་བྱེད་པར་གོ་དགོས། གསུམ་པ་ནི། རྩ་འཛུགས་རྩིས་བཤེར་གྱི་རྣམ་པ་མི་འདྲ་བའི་ངོས་ནས་དབྱེ་ན། ཕར་བསྐྱེལ་རྩིས་བཤེར་དང་ཁྱིམ་ནང་རྩིས་བཤེར། མངགས་བཅོལ་རྩིས་བཤེར། གཞན་མཉམ་འབྲེལ་རྩིས་བཤེར་སོགས་ཡོད།

③རྩིས་བཤེར་བྱ་བའི་འགན་དབང་།

དང་པོ། བརྟག་དཔྱད་དབང་ཆ་ཡོད་པ། དེའི་ནང་དུ་གཙོ་བོ་འདི་དག་ཡོད་དེ། རྩིས་བཤེར་བྱེད་མཁན་གྱིས་རྩིས་བཤེར་བྱེད་ཡུལ་སྡེ་ཚན་གྱི་རྩིས་ཐོ་དང་། མ་དངུལ་དང་དངོས་རྫས། འབྲེལ་ཡོད་ཡིག་ཆ། དཔྱད་གཞི་སོགས་ལ་ཞིབ་བཤེར་དང་རྩིས་བཤེར་བྱེད་ཡུལ་སྡེ་ཚན་གྱི་འབྲེལ་ཡོད་གྲོས་ཚོགས་སུ་ཞུགས་ཆོག་པ་དང་། རྩིས་བཤེར་ཁྲོད་ཤེས་པའི་གནད་དོན་ལ་བརྟག་དཔྱད་དང་། བདེན་དཔང་དུ་མཁོ་བའི་དཔྱད་གཞིའི་ཁུངས་གང་ཡིན་པ་བཙལ་ཆོག རྩིས་བཤེར་བྱེད་ཡུལ་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་གཏན་འབེབས་སྡུད་གཏོང་བྱ་བར་འགལ་བའི་བྱ་སྤྱོད་དུས་ཐོག་ཏུ་ཡོ་བསྲང་བྱེད་དུ་བཅུགས་ཏེ་ཆག་སྒོ་དང་ཆུད་ཟོས་སྣ་ཚོགས་གཏན་འགོག་བྱེད་པའི་བྱེད་ཐབས་སྤྱད་ཆོག

གཉིས་པ་ཐག་གཅོད་བྱེད་དབང་ཡོད་པ། ནོར་སྲིད་དང་དཔལ་འབྱོར་སྒྲིག་ཁྲིམས་ལ་འགལ་བའི་སྡེ་ཚན་ལ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཏན་འབེབས་གཞིར་བཟུང་སྟེ། ཁྲིམས་ལ་མི་མཐུན་པའི་ཡོང་སྒོ་གཞུང་བཞེས་གཏོང་བ་དང་། དངུལ་ཆད་གཅོད་པ། གྲོན་དངུལ་འཐེན་འཇལ་བྱེད་དུ་འཇུག་པ། ནོར་སྲིད་ནས་དངུལ་སྒོར་གཏོང་མཚམས་འཇོག་པ། དངུལ་ཁང་ནས་དངུལ་བུན་གཏོང་མཚམས་འཇོག་པ་སོགས་ཐག་གཅོད་གཏན་འབེབས་གནང་སྟེ། གཏན་འབེབས་དེ་དག་རྩིས་བཤེར་བྱེད་ཡུལ་སྡེ་ཚན་དང་འབྲེལ་ཡོད་སྡེ་ཁག་གིས་ལག་བསྟར་དགོས་པའི་བརྡ་བཏང་ཆོག་པ་དང་། རྩིས་བཤེར་བྱེད་ཡུལ་སྡེ་ཚན་དང་འབྲེལ་ཡོད་སྡེ་ཁག་གིས་དོན་དེ་ལག་བསྟར་མ་བྱས་པར་རང་དགར་བཞག་མི་ཆོག ཐད་ཀར་དུ་ནོར་སྲིད་དང་དཔལ་འབྱོར་སྒྲིག་ཁྲིམས་ལ་རྒྱབ་འགལ་ཚབས་ཆེན་བྱུང་བའི་འགན་ཁུར་བ་དང་སྡེ་ཚན་གྱི་གཙོ་གཉེར་མི་སྣ་དེ་ཚོར་རང་གི་ལས་ཁུངས་སམ། མཐོ་རིམ་གཙོ་གཉེར་སྡེ་ཁག་གིས་སྐྱོན་བརྗོད་སློབ་གསོ་གཏོང་བའམ། ཡང་ན་རྩིས་བཤེར་ལས་ཁུངས་ཀྱིས་སྲིད་འཛིན་ཆད་པ་གཅོད་དགོས་པའི་གནས་ཚུལ་ཞུ་ཆོག ཉེས་ཁྲིམས་དང་འགལ་བ་ཞིག་ཡིན་ཕྱིན། ཁྲིམས་འཛིན་ལས་ཁུངས་སུ་སྤྲད་ནས་ཐག་གཅོད་བྱེད་པའི་དབང་ཆ་བཀོལ་ཆོག གསུམ་པ་བཙན་ཤེད་ཀྱི་བྱ་ཐབས་སྤྱོད་པ། རྩིས་བཤེར་བྱེད་ཡུལ་སྡེ་ཚན་གྱིས་རྩིས་བཤེར་ལས་ཁུངས་ཀྱི་བྱ་བར་འགལ་རྐྱེན་བཟོ་པ་དང་། གཏོར་ཤིག་གཏོང་བ། ཁས་མི་ལེན་པ། རྩིས་བཤེར་བྱ་བར་གཏོར་བརླག་བྱེད་པའི་དུས་སུ་དགོས་པ་ཡོད་ན་དེ་དག་གི་རྩིས་དེབ་དང་། མ་དངུལ་དང་དངོས་རྫས་སོགས་གནས་སྐབས་སུ་ཐམ་ནན་ཉེར་ཚགས་བྱེད་ཐབས་སྤྱོད་པ་དང་། ཐད་ཀར་འགན་ཁུར་ཡོད་པའི་མི་སྣ་དང་འབྲེལ་ཡོད་འགོ་ཁྲིད་པའི་འགན་ཁུར་རྩད་གཅོད་བྱེད་དགོས། བཞི་པ་ནི་ཁྱབ་བརྡ་སྤེལ་བ། ནོར་སྲིད་དང་དཔལ་འབྱོར་སྒྲིག་ཁྲིམས་ལ་འགལ་བའི་གྱོད་གཞི་ཆེ་རིགས་བཟོས་ཡོད་ཚེ་ཡོངས་ཁྱབ་དུ་ཁྱབ་བརྡ་སྤེལ་ནས་སྐྱོན་བརྗོད་དང་། ནོར་སྲིད་དང་དཔལ་འབྱོར་སྒྲིག་ཁྲིམས་བརྩི་སྲུང་དང་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་བླངས་པའི་སྡེ་ཚན་དང་མི་སྒེར་ལ་ཁྱབ་བརྡ་སྤེལ་ནས་བསྟོད་བསྔགས་གནང་དགོས།

④ཞིབ་བཤེར་བྱ་བའི་འགྲོ་རིམ།

གཅིག གྲ་སྒྲིག་དུས་རིམ། དུས་དེར་རྩིས་བཤེར་བྱེད་ཡུལ་སྡེ་ཚན་དང་རྩིས་བཤེར་བྱེད་པའི་དམིགས་ཡུལ། རྒྱ་ཁྱོན། རྩིས་བཤེར་ལས་གཞིའི་གནད་ས། དུས་ཚོད་ཀྱི་བཀོད་སྒྲིག རྩིས་བཤེར་མི་སྣའི་ལས་བགོས་སོགས་གཏན་འབེབས་བྱེད་དགོས། གཉིས། རྩིས་བཤེར་ལག་བསྟར་དུས་རིམ། དུས་དེར་དཔང་བཤེར་དཔྱད་སྡུར(查证核实)ལེགས་སྒྲུབ་བྱ་བ་གཙོར་འཛིན་དགོས། གསུམ། མཇུག་མཐའི་དུས་རིམ། དུས་དེར་ཞིབ་རྩིས་གཏན་འབེབས་གནང་བའི་དཔྱད་གཞི་དང་དོན་དངོས་ངོ་མ་གཞིར་བཟུང་སྟེ། ཕྱོགས་བསྡུས་དབྱེ་ཞིབ་བྱ་བ་ལེགས་པོ་བསྒྲུབས་ཏེ། རྩིས་བཤེར་སྙན་ཞུ་ལེགས་པོ་འབྲི་དགོས། རྩིས་བཤེར་སྙན་ཞུ་འབྲི་དུས་རྩིས་བཤེར་བྱེད་ཡུལ་སྡེ་ཚན་གྱི་གཞི་རྩའི་གནས་ཚུལ་དང་ཞིབ་བཤེར་ལས་ཤེས་པའི་གནད་དོན། གནས་ཚུལ་དང་གོ་རིམ། གཞི་གྲངས་བྱེ་བྲག་པ། ངོ་བོ། རྩིས་བཤེར་གནང་བའི་ཆོད་སྡོམ། གནད་དོན་དེའི་གྲོས་ཆོད་དང་ཐག་གཅོད་པའི་བསམ་འཆར་ཅི་ཡིན་པ་སོགས་ཀྱི་ནང་དོན་འབྲི་དགོས། རྩིས་བཤེར་སྙན་ཞུ་འབྲི་དུས་རྩིས་བཤེར་བྱེད་ཡུལ་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་དང་། རྩིས་བཤེར་བྱ་བར་སྡོམ་ཚིག་དང་གཏན་འབེབས་གནང་སྟེ།    རྩིས་བཤེར་བྱེད་ཡུལ་སྡེ་ཚན་དང་འབྲེལ་ཡོད་སྡེ་ཁག་གིས་ལག་བསྟར་བྱེད་དགོས་པའི་བརྡ་སྦྱོར་གཏོང་བའི་མཚུངས་སུ་ལྟ་སྐུལ་ཡང་འཛིན་དགོས།  

3 སྲིད་འཛིན་ལས་ཁུངས་ཀྱི་ཕྱི་ཕྱོགས་ལྟ་སྐུལ།
3_1 ཀྲུང་གོ་གུང་ཁྲན་ཏང་གི་ལྟ་སྐུལ།

ཏང་གི་ལྟ་སྐུལ་བྱེད་སྟངས་གཙོ་བོ་ནི། རིམ་པ་གཅིག་པའི་ཏང་རྩ་འཛུགས་ཀྱིས་རིམ་པ་གཅིག་པའི་སྲིད་འཛིན་ལས་ཁུངས་ལ་ལྟ་སྐུལ་བྱེད་པ། གོང་རིམ་ཏང་རྩ་འཛུགས་ཀྱིས་དམའ་རིམ་སྲིད་འཛིན་རྩ་འཛུགས་སུ་ལྟ་སྐུལ་བྱེད་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྲིད་འཛིན་ལས་ཁུངས་ནང་ཁུལ་ནས་འགན་ཁུར་བའི་ཏང་ཡོན་ལ་ལྟ་སྐུལ་བྱེད་པ། ཏང་གི་སྒྲིག་ཞིབ་ཨུ་ཡོན་ལྷན་ཁང་ནི་ཏང་རྩ་འཛུགས་ཁྲོད་ཀྱི་ཆེད་གཉེར་ལྟ་སྐུལ་དབང་ཆ་སྤྱོད་པའི་སྡེ་ཁག་ཡིན། དེར་བརྟེན་ནས་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་ལྟ་སྐུལ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཏང་གི་སྒྲིག་ཁྲིམས་འཛིན་པ་དང་ཏང་ཨུར་རོགས་བྱས་ནས་ཏང་སྤྱོད་དོ་དམ་བྱེད་དགོས། ཏང་གི་ལྟ་སྐུལ་གཙོ་བོ་ནི། སྲིད་འཛིན་ལས་ཁུངས་ཀྱི་རྒྱ་ཆེའི་སྲིད་འཛིན་མི་སྣ་དང་ལྷག་པར་དུ་སྲིད་འཛིན་ལས་ཁུངས་སུ་འགན་ཁུར་བའི་གུང་ཁྲན་ཏང་ཡོན་གྱིས་སྲིད་འཛིན་བྱ་འགུལ་ཁྲོད་དུ་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་རྒྱུན་འཁྱོངས་བྱེད་མིན་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་མིན་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་མིན་བཅས་ལ་བལྟ་རྒྱུ་དེ་ཡིན། དོ་བདག་ཅིག་ཡིན་ཕྱིན་ཐོག་མར་ཏང་གི་ཆད་པ་ཁུར་པ་དང་།     རྗེས་སུ་སྲིད་འཛིན་སྡེ་ཁག་གི་འགན་ཁུར་རྩད་གཅོད་གནང་དགོས། ཏང་གི་ལྟ་སྐུལ་ནི་ཁྲིམས་ལུགས་ལྟར་སྲིད་སྐྱོང་ནུས་པར་ཁག་ཐེག་བྱེད་པའི་གནད་འགག་ཡིན།

3_2 རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱི་ལྟ་སྐུལ།

རང་རྒྱལ་གྱི་དབང་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་བྱ་བར་ལྟ་སྐུལ་བྱེད་སྟངས་གཙོ་བོ་ནི།

①རིམ་པ་སོ་སོའི་དབང་འཛིན་ལས་ཁུངས་ཀྱིས་རིམ་པ་གཅིག་པའི་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན་པ་དང་ཞིབ་བཤེར་བྱེད་པ། སྲིད་འཛིན་མངའ་ཁོངས་དེའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་ལག་བསྟར་སྐོར་གྱི་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་འགོད་པ། རྒྱལ་ཁབ་ཀྱི་སྔོན་རྩིས་དང་སྔོན་རྩིས་ལག་བསྟར་བྱ་ཚུལ་གྱི་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་འགོད་པ།

②ཁྲིམས་ལུགས་ཀྱི་ཞིབ་བཤེར་དང་དབང་ཆ་སྤྱོད་པ། མ་པ་དེའི་སྲིད་འཛིན་ལས་ཁུངས་ཀྱིས་སྤེལ་བའི་ཁྲིམས་སྲོལ་དང་སྒྲིག་སྲོལ། བཀའ་བརྡ། གྲོས་ཆོད་འོས་འཚམ་མིན་པ་ཕྱིར་འཐེན་དང་མེད་པར་བཟོ་བ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོས་པའི་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་སྲིད་འཛིན་ཁྲིམས་སྲོལ་དང་གྲོས་ཆོད། བཀའ་བརྡ་རྣམས་མེད་པར་བཟོས་ཆོག རྫོང་རིམ་པ་ཡན་གྱི་ས་གནས་རིམ་པ་སོ་སོའི་དམངས་ཆེན་རྒྱུན་ཨུས་རིམ་པ་དེའི་མི་དམངས་སྲིད་གཞུང་གི་གྲོས་ཆོད་དང་། བཀའ་བརྡ། སྲིད་འཛིན་སྒྲིག་སྲོལ་འོས་འཚམས་མིན་པ་རྣམས་མེད་པར་བཟོས་ཆོག

③སྲིད་འཛིན་འགན་འབེབས་ཀྱི་དབང་ཆ་སྤྱོད་པ། རིམ་པ་སོ་སོའི་དབང་འཛིན་ལས་ཁུངས་ཀྱིས་རིམ་པ་གཅིག་པའི་སྲིད་གཞུང་དེའི་གྲུབ་མིའི་གོ་གནས་མེད་པ་བཟོ་བའི་འགན་འབེབས་དབང་ཆ་བཀོལ་ཆོག་པ་དང་། རྒྱལ་ཡོངས་དམངས་ཆེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་དང་ཙུང་ལིས་གཞོན་པ། རྒྱལ་དོན་ཨུ་ཡོན། པུའུ་སོ་སོའི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན། རྩིས་བཤེར་ཆེན་མོ། དྲུང་ཡིག་ཆེན་མོ་རྣམས་ཀྱི་གོ་གནས་མེད་པར་བཟོ་བའི་འགན་འབེབས་དབང་ཆ་སྤྱད་ཆོག ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རིམ་པ་དེའི་སྲིད་གཞུང་གི་གྲུབ་མིའི་གོ་གནས་མེད་པར་བཟོ་བའི་འགན་འབེབས་དབང་ཆ་སྤྱད་ཆོག

④འདྲི་རྩད་བྱེད་དབང་སྤྱོད་པ། དམངས་ཆེན་ཚོགས་བཞིན་པའི་དུས་སུ། གནད་དོན་ལ་དྲི་བ་འདོན་མཁན(提质询案)གྱི་འཐུས་མི་ཚོགས་པའི་ཚོགས་གཙོའམ། གནད་དོན་ལ་དྲི་བ་འདོན་མཁན་གྱི་འཐུས་མི་རྣམས་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཏེ་བསམ་འཆར་བཤད་དགོས། དམངས་ཆེན་འཐུས་མི་དང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་དང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་འཚོགས་བཞིན་པའི་དུས་སུ་ཁྲིམས་བཀོད་གོ་རིམ་ལྟར་རིམ་པ་གཅིག་པའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ལ་དྲི་བ་བཏོན་ཆོག དྲི་བ་འདོན་ཡུལ་ལས་ཁུངས་ཀྱིས་ངེས་པར་ཏུ་གྲོས་ཚོགས་སྐབས་སུ་ལན་གསལ་བོ་འདེབས་དགོས།

⑤གཟིགས་ཞིབ་དང་ཞིབ་རྟོག་བྱེད་དབང་སྤྱད་དེ་མང་ཚོགས་ཀྱིས་ངོ་གཏུག་འཕྲིན་བསྐུར་བྱས་པའི་གནད་དོན་ཐག་གཅོད་དགོས། སྲིད་གཞུང་གི་ལས་ཁུངས་དང་གཞུང་ཞབས་པས་ཁྲིམས་འགལ་འགན་འཛོལ་དང་གཞན་དབང་འཕྲོག་འཛིན་གྱི་སྤྱོད་པ་བསླངས་བ་རྣམས་མི་དམངས་མང་ཚོགས་ཀྱིས་གོང་གཏུག་ཞུ་པ་བཞིན་བདག་སྤྲོད་བྱེད་དགོས། གནད་དོན་ཤེས་ཐབས་བྱེད་པ་དང་། སྲིད་གཞུང་སྡེ་ཁག་གི་བྱ་བར་བརྟག་དཔྱད་གཏོང་བ།     གནད་དོན་ཁྱད་པར་ཅན་ལ་བརྟག་དཔྱད་གཏོང་བའི་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱས་ཏེ་གནད་དོན་ཡོད་ན་གྱོད་དོན་ཐོ་འགོད་བྱས་ནས་ཐག་གཅོད་པའམ། ཡང་ན་གཞན་པར་བརྒྱུད་སྤྲོད་བྱས་ནས་ཐག་གཅོད་གནང་དགོས།

3_3 རྒྱལ་ཁབ་ཁྲིམས་འཛིན་ལས་ཁུངས་ཀྱི་ལྟ་སྐུལ།

ཁྲིམས་འཛིན་ལྟ་སྐུལ་ནི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་སོགས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ལས་ཁུངས་ཀྱིས་སྲིད་གཞུང་ལས་ཁུངས་དང་གཞུང་ཞབས་པའི་སྲིད་འཛིན་དོ་དམ་བྱ་འགུལ་དང་སྲིད་འཛིན་སྤྱོད་ལམ་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་གསུམ་ནས་བསྟན་པ་དང་མཐུན་མིན་ལ་ལྟ་སྐུལ་བྱེད་པར་གོ་དགོས། སྤྱིར་བཏང་དུ་ཕྱོགས་ཆེ་ས་གཉིས་ཀྱི་ལྟ་སྐུལ་ཏེ། གཅིག་ནི་སྲིད་གཞུང་གིས་བསྒྲགས་པའི་ཁྲིམས་སྲོལ་དང་བཀའ་ཁྲིམས། སྒྲིག་སྲོལ་སོགས་རྩ་ཁྲིམས་དང་འགལ་ཡོད་མེད་ཞིབ་བཤེར་གནང་སྟེ། བྱ་བའི་སྔོན་དུ་ལྟ་སྐུལ་བྱེད་པ་དང་། གཉིས་པ་ནི་ཁྲིམས་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣར་འབྲེལ་བའི་གྱོད་དོན་ཐག་གཅོད་བྱེད་པ་སྟེ། དེ་ནི་བྱ་བའི་རྗེས་སུ་ལྟ་སྐུལ་ལག་བསྟར་གནང་བ་ཡིན། རང་རྒྱལ་དུ་གཙོ་ཆེ་བ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་འགན་དབང་དང་འགན་འཁྲི་བཀོལ་སྤྱོད་ཀྱིས་ལྟ་སྐུལ་བྱ་བ་ལག་བསྟར་བྱེད་བཞིན་ཡོད། མི་དམངས་ཁྲིམས་ཁང་ནི་རྒྱལ་ཁབ་ཀྱི་འདྲི་གཅོད་ལས་ཁུངས་ཡིན། མི་དམངས་ཁྲིམས་ཁང་གིས་སྲིད་འཛིན་ལས་ཁུངས་དང་རྒྱལ་ཁབ་ཀྱི་གཞུང་ཞབས་པར་འབྲེལ་བའི་གྱོད་དོན་ཞིབ་བཤེར་དང་རྒྱལ་ཁབ་ཀྱི་གཞུང་ཞབས་པས་ཁྲིམས་འགལ་ཉེས་གསོག་བྱས་པ་ལ་ཁྲིམས་གཅོད་བྱེད་པ་བརྒྱུད་དེ། རྒྱལ་ཁབ་སྲིད་འཛིན་ལས་ཁུངས་སུ་ལྟ་སྐུལ་བྱེད་དགོས། མི་དམངས་ཞིབ་དཔྱོད་ཁང་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བྱ་བར་ལྟ་སྐུལ་བྱེད་པའི་ལས་ཁུངས་ཡིན། མི་དམངས་ཞིབ་དཔྱོད་ཁང་གིས་སྲིད་འཛིན་ལས་ཁུངས་དང་གཞུང་ཞབས་པས་ཉེས་དོན་བཅའ་ཁྲིམས་ལ་འགལ་བ་དང་།    ཉེས་སྤྱོད་བསག་པར་ལྟ་སྐུལ་བྱེད་པ་ལས། ཁྲིམས་འགལ་བྱ་སྤྱོད་སྤྱིར་བཏང་བ་འབྲེལ་བར་ལྟ་སྐུལ་མི་བྱེད།

3_4 མང་ཚོགས་ཀྱི་ཚོགས་པའི་དམངས་གཙོ་ལྟ་སྐུལ།

མི་དམངས་མང་ཚོགས་ཀྱི་དམངས་གཙོ་ལྟ་སྐུལ་ནི་མི་དམངས་སྲིད་གྲོས་དང་། བཟོ་ཚོགས། གུང་གཞོན་ཚོགས་པ། བུད་མེད་ལྷན་ཚོགས། གྲོང་མི་ཨུ་ཡོན་ལྷན་ཁང་། གྲོང་སྡེ་ཨུ་ཡོན་ལྷན་ཁང་སོགས་སྤྱི་ཚོགས་ཀྱི་ཚོགས་པ་སྣ་ཚོགས་བརྒྱུད་དེ་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་གཞུང་ཞབས་པའི་སྲིད་འཛིན་དོ་དམ་བྱ་འགུལ་ལ་ལྟ་སྐུལ་བྱེད་པར་གོ་དགོས། མི་དམངས་ཆབ་སྲིད་གྲོས་མོལ་འཚོགས་འདུ་ནི་དམངས་གཙོ་ཏང་ཁག་སོ་སོ་དང་།    མི་དམངས་ཀྱི་ཚོགས་པ་སོ་སོ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་འཐུས་མི་རྣམས་ལས་གྲུབ་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་སྒྲིལ་བྱེད་པའི་རྩ་འཛུགས་ཡིན། རྩ་འཛུགས་དེས་འགན་ཁུར་ནས་རྒྱལ་ཁབ་ཀྱི་བྱེད་ཕྱོགས་མཚོན་པའི་སྲིད་ཇུས་གལ་ཆེན་དང་མང་ཚོགས་ཀྱི་འཚོ་བར་འབྲེལ་བའི་གནད་དོན་གལ་ཆེ་བའི་ཐད་ཆབ་སྲིད་གྲོས་མོལ་དང་། སྐྱོན་བརྗོད་དང་བསམ་འཆར་བཏོན་ནས་དམངས་གཙོ་ལྟ་སྐུལ་གྱི་ནུས་པ་འདོན་དགོས། དེ་ཡང་རང་རྒྱལ་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་ཁག་མང་པོ་མཉམ་འབྲེལ་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་པས། མི་དམངས་སྲིད་གྲོས་ལ་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱི་ངོ་བོ་དང་བཅའ་ཁྲིམས་ཀྱི་འཆང་ཤུགས་མི་ལྡན་ཀྱང་། དམངས་གཙོ་ལྟ་སྐུལ་གྱི་རྣམ་པའི་ནུས་པ་ལྡན་པར་ངོས་འཛིན་དགོས།

3_5 མི་དམངས་མང་ཚོགས་ཀྱི་ལྟ་སྐུལ།

མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་ནི་རྒྱ་ཆེ་མི་དམངས་མང་ཚོགས་དང་སྤྱི་དམངས་ཀྱིས་ཁྲིམས་ལུགས་ལྟར་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་གཞུང་ཞབས་པའི་སྲིད་འཛིན་བྱ་འགུལ་འགྲིག་མིན་ལ་ལྟ་སྐུལ་བྱེད་པར་གོ་དགོས། མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་པ་ནི་མི་དམངས་རང་ཉིད་རྒྱལ་ཁབ་ཀྱི་དོན་ལས་བྱ་བར་དོ་དམ་བྱེད་མཁན་གྱི་བདག་པོ་ཡིན་པའི་མཚོན་ཚུལ་ཞིག་ཡིན། མི་དམངས་ཀྱིས་ལྟ་སྐུལ་བྱེད་ཐབས་གཙོ་བོ་གཤམ་གསལ།

①མི་དམངས་མང་ཚོགས་ཀྱིས་ངོ་བཅར་འཕྲིན་བསྐུར་དང་། ཐེར་འདོན་གྱི་གོང་ཞུ་ཁ་པར་སོགས་ཀྱི་ཐབས་སུ་བརྟེན་ནས་ཐད་ཀར་དུ་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་སུ་དྲི་འདོན་དང་། རེ་བ་བཤད་པ། སྐྱོན་བརྗོད་དང་གྲོས་གཞི་བཏོན་ཏེ། སྲིད་གཞུང་བྱ་བར་སྐྱོན་བརྗོད་དང་། འགོ་ཁྲིད་ལས་བྱེད་པ་དང་གཞུང་ཞབས་པའི་བྱ་ངན་སྤྱོད་ངན་གྱི་ནག་ཉེས་མཚང་འབྱིན། ཁོ་ཚོའི་ཁྲིམས་འགལ་ལུགས་དཀྲུགས་ཀྱི་བྱ་སྤྱོད་ཐེར་འདོན་བྱེད་ཆོག ཡིག་སྐུར་ངོ་གཏུག་ནི་རྩ་ཁྲིམས་ཀྱི་སྟེང་ནས་སྤྱི་དམངས་ལ་སྤྲད་པའི་གཞི་རྩའི་ཁེ་དབང་ཞིག་ཡིན། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཀྱིས་དོན་དངོས་ངོ་མར་བརྟག་དཔྱད་དང་ཐག་གཅོད་པར་འགན་ཁུར་དགོས་པ་ལས། མར་གནོན་པ་དང་། འཁོན་ལན་དང་རྡུང་རྡེག་སོགས་བྱ་སྤྱོད་ངན་པ་སྤེལ་མི་ཆོག

②དག་སེལ་དང་གཏུག་བཤེར་བྱེད་པ། འབྲེལ་ཡོད་ཏང་སྲིད་ལས་ཁུངས་དང་། ཁྲིམས་འཛིན་ལས་ཁུངས་སུ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་བསྐྱལ་བའི་ཁྲིམས་འགལ་འགན་འཛོལ་གྱི་བྱ་སྤྱོད་ཡོད་རིགས་ཞུ་གཏུག་བྱས་ཏེ། བྱ་སྤྱོད་དེ་རིགས་ཕྱིར་འཐེན་དང་། ཁྲིམས་འགལ་འགན་འཛོལ་གྱི་བྱ་སྤྱོད་པའི་འགན་ཁུར་རྩད་གཅོད་བྱེད་པ། གནོད་པ་ཁུར་མཁན་གྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་དགོས་པའི་བླང་བྱ་འདོན་དགོས།

③གྱོད་གཏུག་དང་ཉེས་སྤྱོད་ཐེར་འདོན་བྱེད་པ། འབྲེལ་ཡོད་ཏང་སྲིད་ལས་ཁུངས་སམ།    ཁྲིམས་འཛིན་ལས་ཁུངས་སུ་ཁྲིམས་འགལ་འགན་འཛོལ་དང་ཉེས་དོན་བྱ་སྤྱོད་གང་ཡོད་རྣམས་ཐེར་འདོན་དང་གྱོད་གཏུག་བྱེད་པ།

④སྤྱི་ཚོགས་སུ་གྲོས་མོལ་ཁ་བརྡ་བྱེད་པ། མི་དམངས་མང་ཚོགས་ཀྱིས་སྲིད་འཛིན་འགོ་ཁྲིད་པའི་སྣེ་ལེན་དུས་བཅད་ཉི་མར་བརྟེན་ནས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ལ་ཐད་ཀར་གདོང་གཏུགས་ནས་འདྲི་རྩད་དང་རེ་བ་ཞུ་པ། སྐྱོན་བརྗོད་དང་གྲོས་གཞི་འདོན་དགོས། སྲིད་གཞུང་བྱ་འགུལ་ཇི་ལྟར་སྤེལ་བའི་གསལ་ཚད་མཐོ་རུ་བཏང་སྟེ། སྲིད་གཞུང་ལ་ལྟ་སྐུལ་བྱེད་པའི་དམིགས་ཡུལ་དུ་སླེབས་ཐབས་བྱེད་དགོས།

མི་དམངས་མང་ཚོགས་ཀྱི་དག་སེལ་དང་། ཞུ་གཏུག ཉེས་སྐྱོན་ཐེར་འདོན་རྣམས་ནི་སྲིད་གཞུང་ལ་ལྟ་སྐུལ་བྱེད་པའི་རྣམ་པ་ཁྱད་པར་ཅན་དུ་ངོས་བཟུང་སྟེ། རྣམ་པ་དེར་བརྟེན་ནས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་གཞུང་ཞབས་པས་སྒྲིག་བསྲུང་ཁྲིམས་བརྩི་དང་། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་ཞིག་ཏུ་འགྱུར་བའི་དོན་སྙིང་ཡོད་དུ་འཇུག་དགོས། སྤྱི་དམངས་ཀྱིས་དག་སེལ་དགོས་པའི་ཞུ་འབུལ་དང་ཞུ་གཏུག ཐེར་འདོན་བྱས་པ་བདག་སྤྲོད་བྱེད་མཁན་གྱི་ལས་ཁུངས་ནི་དབང་འཛིན་ལས་ཁུངས་དང་། ཏང་སྲིད་ལས་ཁུངས། ཁྲིམས་འཛིན་ལས་ཁུངས། སྤྱི་ཚོགས་ཀྱི་ཚོགས་པ་རྣམས་ཡིན། མི་དམངས་ཀྱི་ཡིག་སྐུར་ངོ་བཅར་བྱ་བར་མཐོང་ཆེན་དང་། ཡིག་སྐུར་ངོ་བཅར་བྱ་བ་ཁྲིམས་ལུགས་ཀྱི་འཁོར་ལམ་ཁྲོད་དུ་དྲངས་ཏེ། ཐེར་འདོན་བྱེད་སྟངས་ཀྱི་ལམ་ལུགས་སྲ་བརྟན་དང་། ཁྲིམས་འགལ་ལུགས་དཀྲུགས་བྱེད་མཁན་དང་ཧམ་ཟོས་རུལ་སུངས་སུ་གྱུར་བའི་སྲིད་གཞུང་མི་སྣ་ཡོད་ཚད་མ་ལུས་པར་ཐེར་འདོན་དང་ཞུ་གཏུག་བྱས་ཏེ་མི་དམངས་ལ་ཕན་པའི་དགེ་བ་བསྐྲུན་དགོས།

3_6 སྤྱི་ཚོགས་ཀྱི་གླེང་ཕྱོགས་སུ་བརྟེན་པའི་ལྟ་སྐུལ།

སྤྱི་ཚོགས་ཀྱི་གླེང་ཕྱོགས་སུ་བརྟེན་པའི་ལྟ་སྐུལ་ནི་ཚགས་པར་དང་། རྒྱང་བསྒྲགས། གློག་གཟུགས་ནས་ཐོན་པའི་བརྙན་འཕྲིན་སོགས་གསར་འགྱུར་དྲིལ་བསྒྲགས་ཡོ་བྱད་སྤྱད་ཏེ། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་གཞུང་ཞབས་པའི་མི་འདང་སར་སྐྱོན་བརྗོད་དང་གྲོས་གཞི་དགོས་ངེས་ཅན་བཏོན་ནས་ལྟ་སྐུལ་ལག་བསྟར་བྱེད་པར་གོ་དགོས། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་བརྟེན་པའི་ལྟ་སྐུལ་བྱ་བར་ནང་དོན་གཙོ་བོ་འདོ་དག་ཡོད་དེ། ①གསར་འགྱུར་གྱི་སྨྱན་བྱེད་བརྒྱུད་དེ་ཕྱོགས་སོ་སོའི་གནས་ཚུལ་ངོ་མ་དང་བསམ་འཆར་སྣ་ཚོགས་ཚུར་སྣང་གང་ལེགས་དང་། གནད་དོན་གལ་ཆེན་གྲོས་གླེང་ངམ་རིགས་པས་སྒྲུབ་པའི་ལྟ་ཚུལ་རྣམས་རྒྱལ་ཁབ་ཀྱི་སྲིད་འཛིན་སྲིད་གཅོད་བྱ་བའི་གཞི་འཛིན་ས་གལ་ཆེན་བྱེད་དགོས། ②སྤྲོ་སེམས་ཆེན་པོས་ཕྱོགས་སོ་སོ་དང་ལས་རིགས་སོ་སོ་ནས་ཆུ་ཀླུང་བརྡོལ་བཞིན་ཐོན་པའི་སྔོན་ཐོན་མཛད་རྗེས་དང་སྔོན་ཐོན་མི་སྣར་དྲིལ་བསྒྲགས་བསྟོད་བསྔགས་དང་། མི་དམངས་ལ་མཐུན་སྒྲིལ་དང་སློབ་གསོ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་གཞུང་ཞབས་པའི་བྱ་བར་སེམས་བཟང་གིས་སྐྱོན་བརྗོད་དང་བསམ་འཆར་བཏོན་ཏེ། རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ཡང་དག་པས་ལག་བསྟར་དང་།     དུས་ཐོག་ཏུ་སྐྱོན་ཆ་སེལ་བ་དང་ནོར་འཁྲུལ་ཡོ་བསྲང་། གནད་དོན་ཐག་གཅོད་པར་སྐུལ་ལྕག་གཏོང་བ་དང་། སྤོབས་སེམས་ཆེ་ཞིང་དུས་ཐོག་ཏུ་འཁེལ་བ། ཡང་དག་པའི་སྒོ་ནས་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་དཔོན་ངན་རིང་ལུགས་དང་ལས་ཆོད་དམའ་བ། འགན་ཁུར་དང་ལེན་མི་བྱེད་པ། འགན་འཛོལ་ལས་འཛོལ་ཅན་གྱི་བྱ་སྤྱོད་མཐའ་དག་ཐེར་འདོན་བྱེད་དགོས། ③གླེང་ཕྱོགས་ཀྱི་ཡོ་བྱད་བརྒྱུད་དེ་ཁྲིམས་འགལ་ལུགས་དཀྲུགས་ཀྱི་བྱ་སྤྱོད་དང་རུལ་སུངས་སྣང་ཚུལ་སྣ་ཚོགས་སུ་མཚང་འབྱིན། སྐྱོན་བརྗོད་དང་། ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་འགལ་དོན་རྐྱེན་ཡོད་ཚད་ཁྲིམས་ལུགས་ལྟར་ཐག་གཅོད་ནན་མོ་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།   




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།