སྲིད་འཛིན་ལག་བསྟར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲིད་འཛིན་ལག་བསྟར་ནི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་འགན་ནུས་ཆེས་རྩ་བར་གྱུར་བ་ཞིག་དང་། སྲིད་འཛིན་དབང་ཆའི་ནུས་པ་དེ་མཚོན་ཚུལ་ཞིག་ཡིན། སྲིད་འཛིན་དོ་དམ་བྱ་བའི་ལས་འགན་ཡོད་ཚད་འགན་ནུས་དེར་བརྟེན་ནས་མངོན་འགྱུར་གནང་བས། འཆར་གཞི་དང་ལག་བསྟར་གཉིས་ནི་ཕན་ཚུན་ལྟོས་བཅས་ཀྱི་འབྲེལ་བ་ལྡན་པའི་ཕྱོགས་གཉིས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
行政执行
ཁོངས་གཏོགས།
སྲིད་འཛིན་དོ་དམ།
1 སྲིད་འཛིན་ལག་བསྟར་བྱ་བའི་གོ་དོན་དང་ཁྱད་ཆོས།
1_1 སྲིད་འཛིན་ལག་བསྟར་བྱ་བའི་གོ་དོན།

ལག་བསྟར་བྱ་བ་ནི་དངོས་སུ་ཁྱབ་སྤེལ་དང་ལག་ལེན་བྱེད་པའི་བྱ་བར་གོ་དགོས།    དོ་དམ་འགན་ནུས་ངོས་ནས་བཤད་ན། སྲིད་འཛིན་ལག་བསྟར་སྡེ་ཁག་དང་ལས་བྱེད་པ་རྣམས་ཀྱིས་སྲིད་གཅོད་ལྟེ་གནས་ཀྱིས་གཏན་འབེབས་གནང་བའི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་ཆེད་དུ་སྤེལ་བའི་བྱ་འགུལ་ཡོད་ཚད་སྲིད་འཛིན་ལག་བསྟར་བྱ་བ་ཡིན།    དེ་ཡང་གོ་རིམ་གྱི་ངོས་ནས་བལྟས་ན། སྲིད་འཛིན་དོ་དམ་བྱ་བའི་ཁྲོད་ནས་བྱ་བ་གང་ཞིག་སྲིད་གཅོད་བྱས་པའི་ཉིན་དེ་ནས་མཇུག་མཐར་དམིགས་འབེན་དེ་ཉིད་མངོན་འགྱུར་བྱེད་པའི་གོ་རིམ་ཧྲིལ་བོ་དེར་སྲིད་འཛིན་ལག་བསྟར་བྱ་བའི་གོ་རིམ་ཟེར། ཆབ་སྲིད་ཀྱི་ངོ་བོ་གཞིར་བཟུང་ནས་བཤད་ན། རྒྱལ་ཁབ་ཀྱི་འདོད་བློ་ལག་བསྟར་བྱེད་པའི་བྱ་བ་ཡོད་ཚད་ལ་སྲིད་འཛིན་ལག་བསྟར་བྱ་བ་ཟེར་དགོས།

1_2 སྲིད་འཛིན་ལག་བསྟར་བྱ་བའི་ཁྱད་ཆོས།

སྲིད་འཛིན་ལག་བསྟར་བྱ་བར་རང་ཉིད་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་དེ་ལས་བལྟས་ན། སྲིད་འཛིན་སྲིད་གཅོད་བྱ་བ་དང་གཅིག་མཚུངས་མིན་ལ། སྲིད་འཛིན་དོ་དམ་བྱ་བའི་ལྷུ་ཚིགས་གཞན་པ་རྣམས་ལའང་མི་མཚུངས་པའི་ཁྱད་ཆོས་ལྡན།

①སྲིད་འཛིན་ལག་བསྟར་བྱེད་ན་རྩ་འཛུགས་ནན་མོ་ཞིག་དང་། སྒྲིག་ཁྲིམས་དམ་པོ་ཞིག་ཡོད་དགོས་པ་བླང་བྱར་བཟུང་སྟེ། ས་གནས་ཀྱིས་ཀྲུང་དབྱང་ལ་བརྩི་བཀུར་དང་། དམའ་རིམ་གྱིས་གོང་རིམ་ལ་བརྩི་བཀུར། ཕྱོགས་རེ་བའི་ཁྱོན་ཡོངས་སུ་བརྩི་བཀུར་བྱས་ཏེ། བྱ་སྤྱོད་གཅིག་གྱུར་ཡོང་བར་ཁག་ཐེག་བྱེད་དགོས།

②སྲིད་འཛིན་ལག་བསྟར་བྱ་བའི་བྱ་སྤྱོད་ཡོད་ཚད་ཚད་ལྡན་འཕྲལ་ཐག་ཆོད་པ་ཡིན་དགོས་པའི་བླང་བྱ་བཟུང་སྟེ། སྲིད་འཛིན་ལས་ཆོད་མཐོ་ཞིང་ཚོར་ཤེས་རྣོ་དགོས། སྒྱིད་ལུག་དང་ལྷོད་གཡེང་གི་བྱ་སྤྱོད་ཡ་མ་ཟུང་ལ་ངོ་རྒོལ་བྱེད་དགོས།

③སྲིད་འཛིན་ལག་བསྟར་བྱ་བ་འདི་ནི་སྲིད་གཅོད་དམིགས་འབེན་མངོན་འགྱུར་བྱེད་ཆེད་དམིགས་ཡུལ་ཡོད་པའི་སྒོ་ནས་སྤེལ་བའི་བྱ་སྤྱོད་ཞིག་ཕྱིར། གྲངས་འབོར་མང་ཞིང་། དཀའ་ཚེགས་ཆེ་བ། རྒྱུན་ཆད་མེད་ཅིང་རྟག་ཏུ་སྒྲུབ་དགོས་པའི་བྱ་འགུལ་ཞིག་ཡིན། དེར་ད་དུང་དམིགས་འབེན་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། ཡུན་རིང་རང་བཞིན། དུས་བཅད་རང་བཞིན། སྟབས་བསྟུན་རང་བཞིན། བཙན་ཤུགས་རང་བཞིན་སོགས་ཡོད།

2 སྲིད་འཛིན་ལག་བསྟར་བྱ་བའི་རྩ་དོན།

སྲིད་འཛིན་ལག་བསྟར་བྱ་བ་ནི་མ་ལག་ལྡན་ཞིང་ཁོངས་གཏོགས་ཡོད་པ། རང་ཉིད་ལ་སྒྲིག་ལུགས་ཡོད་པའི་འཁོར་སྐྱོད་ཆོས་ཉིད་ཅན་ཞིག་ཡིན་པར་མཚོན་ནས་བཤད་ན། སྲིད་འཛིན་ལག་བསྟར་བྱ་བའི་རྩ་དོན་ཟེར་བ་ནི་ཆོས་ཉིད་དེ་དག་མ་ནོར་བར་ཚུར་སྣང་བྱེད་པར་གོ་དགོས། སྲིད་འཛིན་ལག་བསྟར་བྱ་བའི་ལས་ཆོད་མཐོར་འདེགས་བྱེད་ཆེད། ངེས་པར་དུ་སྲིད་འཛིན་ལག་བསྟར་བྱ་བའི་ཆོས་ཉིད་མཚོན་ཐུབ་པའི་རྩ་དོན་དེར་ཞིབ་འཇུག་བྱེད་དགོས། འདིར་སྲིད་འཛིན་ལག་བསྟར་དུས་སུ་བསྲུང་དགོས་པའི་རྩ་དོན་ཁ་ཤས་ཡོད་ཚུལ་གཤམ་གསལ།

2_1 རང་ཉིད་གཙོ་ཤུགས་སུ་འཛིན་པའི་རྩ་དོན།

སྲིད་འཛིན་ལག་བསྟར་བྱ་བ་བྱེད་མཁན་གྱི་རྒྱལ་ཁབ་ལས་བྱེད་པ་སྟེ། བྱེད་སྒོར་གཏོགས་པའི་གཞུང་ཞབས་པ་ཞིག་ཡིན་ཕྱིན། ཚང་མ་སྲིད་འཛིན་ལག་བསྟར་བྱེད་མཁན་གྱི་གཙོ་ཤུགས་ཡིན། རང་ཉིད་གཙོ་ཤུགས་སུ་འཛིན་དགོས་པའི་རྩ་དོན་ལྟར་ན། ད་ལྟའི་ལས་བྱེད་པ་རྣམས་ཀྱི་སེམས་ནས་རང་ཉིད་སྲིད་འཛིན་ལག་བསྟར་བྱེད་མཁན་གྱི་གཙོ་ཤུགས་ཡིན་པའི་འདུ་ཤེས་དང་། གཙོ་ཤུགས་ཡིན་པའི་ལྟ་ཚུལ་ཡོད་དགོས།

2_2 ཡང་དག་པའི་རྩ་དོན།

སྲིད་འཛིན་མི་སྣས་གོང་རིམ་གྱི་མཛུབ་སྟོན་དང་། བྱེད་ཕྱོགས། བླང་བྱ། སྲིད་ཇུས། འགན་ཁུར། སྲིད་གཅོད་དམིགས་འབེན་བཅས་ཀྱི་གོ་དོན་ཤེས་དགོས། གཞན་ཡང་སྤྱི་དོན་ལག་བསྟར་དང་འགན་ཁུར་ལེགས་སྒྲུབ་དུས་སུ་ཡག་ཡོག་ཙམ་མེད་པར་སྤུས་ཚད་ཁག་ཐེག་དང་། སྲིད་གཅོད་བླང་བྱ་ལས་ཡོ་མི་རུང་། ལྷག་པར་དུ་གོང་ན་སྲིད་ཇུས་ཡོད་ཀྱང་གཤམ་ན་ཐབས་ཇུས་ཡོད་པའི་གནས་ཚུལ་བྱུང་ན་སྲིད་འཛིན་ལག་བསྟར་བྱ་བ་སྣེ་འཛིང་དུ་གྱུར་ཏེ། སྲིད་གཞུང་མེད་པའི་རྣམ་པ་ཐོན་སྲིད།

2_3 མྱུར་ཞིང་འཕྲལ་ཐག་ཆོད་པའི་རྩ་དོན།

སྲིད་གཅོད་དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་བྱེད་དགོས་ན་འཕྲལ་མར་ཐག་གཅོད་བྱེད་པའི་རྩ་དོན་ཡོད་དགོས། གནད་དོན་ཐམས་ཅད་མྱུར་མོར་ཐག་གཅོད་བྱེད་པའི་རྩ་དོན་འདིའི་དགོངས་པ་དངོས་ནི་སྟབས་བདེ་དང་རྨོངས་ཚོད་ཀྱིས་སྲིད་འཛིན་བྱ་སྤྱོད་སྤེལ་ཆོག་ཟེར་བ་མིན་པར་ཚང་མས་རྩ་དོན་འདིར་ཡིད་འཇོག་བྱས་ནས་སྲིད་འཛིན་ལས་ཆོད་མཐོ་རུ་གཏོང་དགོས་ཚུལ་བཤད་པ་ཡིན། བླང་བྱ་དེ་ནི་དེང་རབས་སྤྱི་ཚོགས་ཀྱི་ཚན་རྩལ་གསར་བརྗེ་གསར་བའི་ཕྱི་ཡུལ་དགོས་མཁོ་ཡིས་བསླངས་པ་དང་། རྒྱལ་ཁབ་ཕན་ཚུན་བར་དཔལ་འབྱོར་དང་། ཚན་རྩལ། འགྲན་རྩོད་གནས་ཚུལ་འབྱུང་བཞིན་པ་ལས་བྱུང་བའི་དགོས་མཁོ་ལྡོག་ཏུ་མེད་པ་ཞིག་ཡིན། དེ་ལས་ལྡོག་སྟེ་གནད་དོན་ཐག་གཅོད་བྱེད་ཚད་དལ་བ་དང་འགོར་འགྱངས་ཀྱི་གནས་ཚུལ་བྱུང་ན་རྒྱལ་ཁབ་དང་མི་དམངས་ཀྱིས་གསབ་ཐབས་མེད་པའི་གྱོང་གུད་ཆེན་པོ་ཁུར་ངེས་རེད།

2_4 སྒྲིག་རིམ་ཡོད་པའི་རྩ་དོན།

སྲིད་འཛིན་ལག་བསྟར་བྱ་བ་དེ་ནི། བྱ་བ་ཁྲི་སྟོང་མང་པོར་འབྲེལ་བའི་བྱ་བ་ཞིག་ཡིན་པར་བརྟེན། མིག་སྔའི་འགལ་བ་གཙོ་བོ་དམ་པོར་བཟུང་སྟེ། བྱ་བའི་ཡང་ལྗིད་དལ་བྲེལ་གྱི་དབྱེ་བ་ལྟར། སྔ་རྗེས་འཆར་གཞིའི་གོ་རིམ་ལྟར་བཀོད་སྒྲིག་འཚམ་པོ་བྱེད་དགོས། བྱ་བ་མི་གཅིག་པ་ཕན་ཚུན་དང་། ལྷུ་ཚིགས་ཕན་ཚུན་དམིགས་ཡུལ་གཅིག་གི་སྟེང་དུ་སྦྲེལ་ཏེ། ལས་བགོས་ཡོད་ལ་མཉམ་ལས་ཀྱང་ཡོད་པ་བྱས་ན་བྱ་བ་ཕྱེད་ཙམ་ལ་འབྲས་བུ་ལྡབ་འགྱུར་ལོན་པའི་རྣམ་པ་བསྐྲུན་ཐུབ། དེ་ལས་ལྡོག་ན། བྱ་བར་སྒྲིག་རིམ་མེད་པར་འདི་བཟུང་དེ་འཆོར། ལས་ཆོད་དམའ་བ། ནོར་འཛོལ་མང་བ། གྱོང་གུད་ཆེ་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད།

2_5 ཁོངས་གཏོགས་ལྡན་པའི་རྩ་དོན།

སྲིད་འཛིན་ལག་བསྟར་བྱ་བ་འདི་ནི་མ་གཞི་ནས་རང་ཚུགས་ཅན་གྱི་ཁོངས་གཏོགས་ཤིག་ཡིན་མོད། སྲིད་འཛིན་དོ་དམ་ཁྲོད་ནས་ཡན་ལག་ཏུ་གྱུར་ནས་ཁོངས་གཏོགས་ཆུང་ཆུང་ཤིག་ཡིན། དེ་འདྲའི་ཁོངས་གཏོགས་ཆུང་ཆུང་ཞིག་གིས་སྲིད་འཛིན་དོ་དམ་ལས་ཀྱང་ལྷག་པའི་སྤྱི་ཚོགས་ཀྱི་ཁོངས་གཏོགས་ཆེན་པོའི་ནང་ནས་བྱ་བ་བསྒྲུབ་དགོས་ན། ངེས་པར་དུ་ཁོངས་གཏོགས་བསམ་བློ་ཡོད་པ་བྱས་ཏེ། སྲིད་འཛིན་ལག་བསྟར་བྱ་བ་རང་ཉིད་ཀྱི་ཁོངས་གཏོགས་དང་། དེ་ལས་ལྷག་པའི་སྲིད་འཛིན་དོ་དམ་བྱ་བའི་ཁོངས་གཏོགས། དེ་ལས་ཀྱང་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་ཁོངས་གཏོགས་མ་ཡུམ་ལྟ་བུ་རྣམས་ཀྱི་སྒྲིག་ལུགས་ཀྱི་འབྲེལ་བར་བསམ་བློ་གཏོང་དགོས། སྲིད་འཛིན་སྲིད་གཅོད་བྱ་བ་ཡང་དག་ཡིན་མིན་གྱིས་ལག་བསྟར་བྱ་བར་ཐད་ཀར་ཚོད་འཛིན་ཐེབས་པར་མ་ཟད། རྒྱལ་ནང་གི་ཆབ་སྲིད་གནས་ཚུལ་དང་། དཔལ་འབྱོར་གནས་ཚུལ། རྒྱལ་སྤྱིའི་ཁོར་ཡུག་གིས་ཀྱང་ཚོད་འཛིན་ཐེབས་ཡོད་པས།    སྲིད་འཛིན་ལག་བསྟར་བྱ་བ་བཟང་བོ་བསྒྲུབ་དགོས་ན། ཁོངས་གཏོགས་ཐད་དབྱེ་ཞིབ་གཏོང་བའི་རྩ་དོན་ལ་ཡིད་འཇོག་བྱས་ཏེ། ལག་བསྟར་ཁྲོད་བྱུང་བའི་གནད་དོན་སྣ་ཚོགས་ཐག་གཅོད་དགོས།

2_6 རྒྱུན་འཁྱོངས་ལྷོད་མེད་ཀྱི་རྩ་དོན།

སྲིད་འཛིན་ལག་བསྟར་བྱ་བ་ནི་ཡུན་རིང་ལ། སྣེ་འཛིང་ཆེ་བ་དང་། འགོག་རྐྱེན་སྣ་ཚོགས་སུ་ངེས་པར་འཕྲད་སྲིད་པའི་བྱ་བ་ཞིག་ཡིན་པས། ལག་བསྟར་པ་ནི་བློ་རྩ་བརྟན་ཞིང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལག་བསྟར་བྱ་བ་བྱེད་མཁན་ཡིན་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྲིད་འཛིན་ལག་བསྟར་བྱ་བ་རྒྱུན་འཁྱོངས་བྱེད་པའི་རྩ་དོན་ལྟར། གནད་དོན་དང་དཀའ་ཁག་ལ་འཕྲད་དུས་། བློ་བག་ཕབས་ནས་དབྱེ་ཞིབ་དང་། བསམ་འཆར་རྒྱ་ཁབ་ཏུ་སྡུད་པ། ཐག་གཅོད་ཐབས་ཀྱི་ཇུས་གཞི་འཆར་འགོད་དང་གཏན་འབེབས། བྱེད་ཐབས་དང་བྱེད་སྟངས་ཡོད་ཚད་མཐུན་ཕྱོགས་སུ་བསྒྱུར་ཏེ། གནད་དོན་ཐག་གཅོད་པར་ཐུན་མོང་གི་སྟོབས་ཤུགས་ཕུལ་དགོས། དེ་ལྟར་དུས་ནམ་ཡང་གཟུར་བྱོལ་མི་བྱེད་ལ། སྐྲག་སྣང་མེད་པ། དཀའ་ཁག་མི་སེམས་པ། ཞུམ་པ་མེད་པ། བློ་རྩ་བརྟན་ཞིང་འགྱུར་བ་མེད་པ་ཞིག་དགོས།

3 སྲིད་འཛིན་ལག་བསྟར་བྱ་བའི་གོ་གནས་དང་ནུས་པ།

1.སྲིད་འཛིན་ལག་བསྟར་ནི་སྲིད་འཛིན་སྲིད་གཅོད་བྱ་བ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན།

སྲིད་འཛིན་སྲིད་གཅོད་བྱ་བ་ནི་སྲིད་འཛིན་ལག་བསྟར་བྱ་བས་གཞི་འཛིན་ས་དང་།   སྲིད་འཛིན་ལག་བསྟར་བྱ་བ་ནི་སྲིད་འཛིན་སྲིད་གཅོད་བྱ་བ་དེ་ཉིད་བྱེ་བྲག་ཏུ་དངོས་འབེབས་གནང་བ་ཞིག་ཡིན། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་། སྡེ་ཁག་སོ་སོས་མི་དམངས་ཀྱིས་སྤྲད་པའི་འགན་ཁུར་ལྟར་སྤྱི་ཚོགས་དང་། དཔལ་འབྱོར། ཆབ་སྲིད། རིག་གནས་སློབ་གསོ་སོགས་ཕྱོགས་མང་བོར་དོ་དམ་བྱེད་པར་འགན་ཁུར་ཐུབ་མིན་དེ་མཐར་གཏུགས་ནས་བཤད་ན་སྲིད་འཛིན་ལག་བསྟར་བྱ་བའི་ལས་འགན་ལེགས་འགྲུབ་བྱས་པ་ཇི་འདྲ་ཡིན་པར་རག་ལས་པའི་གནད་དོན་ཞིག་ཡིན་པར་བརྟེན། སྲིད་འཛིན་ལག་བསྟར་བྱ་བས་སྲིད་འཛིན་དོ་དམ་བྱ་བའི་ཁྲོད་དུ་རང་བཞིན་མ་ཡིན་པའི་གོ་གནས་ཟིན། དོན་སྙིང་ངེས་ཅན་གྱི་སྟེང་ནས་བཤད་ན། སྲིད་འཛིན་ལག་བསྟར་བྱ་བ་མེད་ན་སྲིད་འཛིན་སྲིད་གཅོད་བྱ་བ་འགྲུབ་ཐབས་མེད་པས། སྲིད་འཛིན་ལག་བསྟར་ནི་སྲིད་འཛིན་སྲིད་གཅོད་བྱ་བ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན།

2.སྲིད་འཛིན་ལག་བསྟར་ནི་སྲིད་འཛིན་སྲིད་གཅོད་བྱ་བ་ཚན་རིག་ལ་མཐུན་མིན་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་གཅིག་ཡིན།

ལག་ལེན་ནི་བདེན་ལུགས་ཞིབ་བཤེར་བྱེད་སྤྱད་ཀྱི་ཚད་གཞི་ཡིན་པ་ལྟར། སྲིད་གཅོད་དམིགས་འབེན་མཐའ་དག་དོན་ཐོག་ཏུ་འཁེལ་བ་དང་དམིགས་འབེན་དུ་སླེབས་ཡོད་མེད། ཁ་གསབ་དང་དག་བཅོས་གནང་ཡོད་མེད་དེ་དག་ལག་བསྟར་བྱ་བར་བརྟེན་ནས་ཞིབ་བཤེར་བྱེད་དགོས། སྲིད་གཅོད་ཡང་དག་པ་ཀུན་སྲིད་འཛིན་ལག་བསྟར་བྱ་བ་བརྒྱུད་ནས་མངོན་འགྱུར་བྱེད་དགོས། ལག་བསྟར་མ་བྱས་གོང་གི་སྲིད་གཅོད་བྱས་ཟིན་བྱ་བ་རྣམས་སུ་ཕྱོགས་གཅིག་གམ་ལྷུ་ཚིགས་གང་རུང་ཆ་ཚང་མིན་པའི་གནད་དོན་གནས་སྲིད་ན་ཡང་། སྲིད་འཛིན་ལག་བསྟར་བྱ་བའི་ལག་ལེན་བརྒྱུད་ནས་གང་དག་བཅོས་དགོས་པ་དང་གང་དག་འཐུས་ཚང་དུ་གཏོང་དགོས་པའི་ཐད་གཞིར་འཛིན་རུང་བའི་དོན་དངོས་འདོན་སྤྲོད་བྱེད་དགོས། སྲིད་གཅོད་གཏན་འབེབས་དང་ལག་བསྟར་བྱ་བ་གཉིས་ནི་ལྷུ་ཚིགས་གཉིས་སུ་ངེས་ན་ཡང་ཕན་ཚུན་ཚོད་འཛིན་བྱེད་ནུས་པའི་ལྷུ་ཚིགས་གཉིས་ཡིན། གལ་ཏེ་སྲིད་གཅོད་བྱ་བར་འགལ་འཛོལ་བྱུང་བའམ། སྲིད་གཅོད་རྗེས་སུ་ཕྱི་ཡུལ་གནས་ཚུལ་འགྱུར་ལྡོག་ཆེན་པོ་བྱུང་ཚེ། སྔར་གྱི་སྲིད་གཅོད་ཐམས་ཅད་ལག་བསྟར་བྱེད་ཐབས་མེད། སྲིད་གཅོད་ཡང་དག་ཡིན་རུང་། ལག་བསྟར་བྱེད་དུས་གཏན་འཁེལ་ལས་འགལ་བའམ། ནོར་འཁྲུལ་བྱུང་ན་སྲིད་གཅོད་དམིགས་འབེན་བཟང་ཡང་མངོན་འགྱུར་བྱེད་མི་ཐུབ་པས། ཡང་དག་ཅིང་འཕྲལ་ཐག་གཅོད་ཐུབ་པའི་ལག་བསྟར་པ་ཞིག་མེད་ན། སྲིད་གཅོད་མཁས་མཛངས་ཅན་བྱས་ཀྱང་གྲུབ་འབྲས་ཆེན་པོ་ལེན་མི་ཐུབ།

3.སྲིད་འཛིན་ལག་བསྟར་བྱ་བ་ནི་སྲིད་འཛིན་རྩ་འཛུགས་དང་གཞུང་ཞབས་པའི་བྱ་བའི་དགེ་ཞན་འབྱེད་པའི་ཚད་ཁྲེ་ལེགས་པོ་ཡིན་པ།

སྲིད་འཛིན་རྩ་འཛུགས་དང་གཞུང་ཞབས་པས་རང་འགན་ཐེག་མིན་དང་བྱ་བའི་ལས་འགན་ལེགས་འགྲུབ་བྱེད་ཐུབ་མིན་དེ་སྲིད་འཛིན་ལག་བསྟར་བྱ་བའི་ཕན་འབྲས་ཇི་འདྲ་ཡིན་པའི་ངོས་ནས་བལྟ་དགོས། སྲིད་འཛིན་རྩ་འཛུགས་ཀྱི་སྡེ་ཁག་སྒྲིག་གཞི་ལུགས་མཐུན་ཡིན་མིན་དང་། སྲིད་འཛིན་ལས་བྱེད་པའི་བྱང་ཚད་ཕུལ་བྱུང་ཡིན་མིན། བྱ་བའི་ལམ་ལུགས་སྣ་ཚོགས་བཙུགས་པ་ཆ་ཚང་ཡིན་མིན། ལག་རྩལ་གྱི་ཐབས་ཤེས་སྤྱད་པ་འོས་འཚམས་ཡིན་མིན། སྲིད་འཛིན་ལྟ་སྐུལ་མ་ལག་ནུས་ལྡན་ཡིན་མིན། ཆ་འཕྲིན་ལྡོག་འདྲེན་ལ་འགལ་རྐྱེན་ཡོད་མེད། འགོ་ཁྲིད་པས་སྲོག་ཤིང་ལྟ་བུའི་ནུས་པ་འདོན་ཐུབ་ཡོད་མེད་སོགས་སྲིད་འཛིན་ལག་བསྟར་བྱ་བ་དངོས་ཀྱི་ཁྲོད་ནས་ཚུར་སྣང་བྱེད་ཐུབ་པས། སྲིད་འཛིན་ལག་བསྟར་བྱ་བ་དེ་ཉིད་ནི་སྲིད་འཛིན་དོ་དམ་སྒྲིག་གཞིའི་འགུལ་སྐྱོད་ནུས་ཤུགས་ཇི་འདྲ་ཡིན་ཚུལ་ཞིབ་བཤེར་ཐུབ་བྱེད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། སྲིད་འཛིན་ལག་བསྟར་བྱ་བས་སྲིད་འཛིན་དོ་དམ་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་ཚུལ་གོང་གསལ་གནས་ཚུལ་ལས་ཤུས་ཐུབ་པས། ང་ཚོས་ངེས་པར་དུ་སྟོབས་ཤུགས་ཆེན་པོ་ཕུལ་ནས་སྲིད་འཛིན་ལག་བསྟར་བྱ་བའི་ལྷུ་ཚིགས་ཡོད་ཚད་ནན་ཏན་གྱིས་ཞིབ་འཇུག་དང་། སྲིད་འཛིན་སྲིད་གཅོད་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས་ཏེ། ཚད་མཐོ་བའི་སྲིད་འཛིན་ལས་ཆོད་སྔོན་མེད་བརྩོན་ལེན་བྱེད་དགོས།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།