གཅན་ཚ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཅན་ཚ་རྫོང་།
གཅན་ཚ་རྫོང་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གཏོགས་ཤིང་། བོད་རིགས་གཙོ་བྱས་པའི་མི་རིགས་འདུས་སྡོད་བྱེད་པའི་རྫོང་ཞིག་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1714ཡོད། དེའི་མངའ་ཁོངས་སུ་མར་ཁུ་ཐང་གྲོང་རྡལ་དང་། གདོང་སྣ་གྲོང་རྡལ། ཁམས་ར་གྲོང་རྡལ་བཅས་གྲོང་རྡལ3དང་། སྣང་ར། ནང་ཁོག སྟེང་སོ། གཅན་ཚ་ཐང་། ཚོ་དྲུག སྐྱ་རྒྱ་བཅས་ཡུལ་ཚོ6ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
尖扎县
ཕྱི་ཡིག་གི་མིང་།
Jianca County
ལ་ཏིང་གི་མིང་།
gcan tsa
སྲིད་འཛིན་རིགས་དབྱེ།
རྫོང་།
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།
མངའ་ཁོངས།
གྲོང་རྡལ3དང་ཡུལ་ཚོ6ཡོད།
སྲིད་འཛིན་གནས་ཡུལ།
མར་ཁུ་ཐང་གྲོང་རྡལ།
ས་ཁོངས་ཀྱི་ཁ་པར་ཨང་གྲངས།
0973
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1714ཡོད།
མི་གྲངས།
ཁྲི5.57ཡོད།
སྐད་རིགས།
བོད་སྐད།
གནམ་གཤིས།
མཐོ་སྒང་གི་སྐམ་ས་རང་བཞིན་གྱི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
གཅན་ཚ་རྫོང་གི་ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ།
རླངས་འཁོར་ཨང་གྲངས།
青D
གནས་ཡུལ།
མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་ཆགས་ཡོད།
1 ངོ་སྤྲོད་མདོར་བསྡུས།

གཅན་ཚ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་ཆགས་ཡོད། གཅན་ཚ་རྫོང་གི་ཤར་བྱང་གི་ས་ཁུལ་མང་ཆེ་བ་རྨ་ཆུ་ས་མཚམས་ལྟ་བུ་བྱས་ནས་དཔའ་ལུང་རྫོང་དང་ཁ་གཏད་དུ་ཡོད། ཤར་ལྷོ་ནི་ཞུན་ཧྭ་རྫོང་དང་འབྲེལ། ནུབ་ཕྱོགས་ཁྲི་ཀ་རྫོང་དང་འབྲེལ་ཞིང་། ལྷོ་ཕྱོགས་རེབ་གོང་རྫོང་དང་འབྲེལ་ཡོད། རྫོང་མངའ་ཁོངས་ཀྱི་ལྷོ་བྱང་གི་རིང་ཚད་ལ་སྟོང་རྨིད87ཡོད། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་རྨིད48ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1714ཡོད། 2015ལོའི་ལོ་མཇུག་བར་དུ་གཅན་ཚ་རྫོང་ལ་མི་གྲངས་ཁྲི5.57ཡོད་ལ། དེ་ལས་གྲངས་ཉུང་མི་རིགས་ཁྲི4ཡོད། བོད་རིགས་མི་གྲངས་ཁྲི39202ཡོད། བོད་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི 62% ཟིན་ཡོད། རྫོང་གི་མངའ་ཁོངས་སུ་གྲོང་རྡལ3དང་། ཡུལ་ཚོ6ཡོད།.jpg

གཅན་ཚ་རྫོང་ནི་ཆོས་ལུགས་རིག་གནས་ཀྱི་རྫོང་མཐུག་ས་ཞིག་ཡིན་པ་མ་ཟད། བསྟན་པ་ཕྱི་དར་གྱི་བསྟན་པའི་མེ་རོ་གསོ་སའི་གནས་ཁྱད་པར་ཅན་ཞིག་ཀྱང་ཡིན། ཁམས་ར་རྒྱལ་ཁབ་རིམ་པའི་ས་གཤིས་སྤྱི་གླིང་ནི་ས་མདོག་དམར་ཤས་ཆེ་བས་མཚམས་སྤྲིན་མདངས་ལ་འཁུ་བའི་ཡུལ་ལྗོངས་སུ་འབོད་པ་ཡིན། སྤྱི་གླིང་ནང་དུ་གནམ་རྫོང་དགོན་པ་དང་། ཇོ་མོ་དགོན་པ། གནམ་རྫོང་རྩེ་དགོན་པ་བཅས་དགོན་པ་ཆེན་པོ་གསུམ་ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་གསར་རྙིང་གྲུབ་མཐའ་མཉམ་ནས་ཀྱི་གནས་ཁྱད་པར་བ་ཞིག་ཡིན།

གཅན་ཚ་རྫོང་དུ་མཐོ་སྒང་གི་ཆུ་སྟེང་སྦྱོང་བརྡར་རྟེན་གཞི་ཡོད་ལ། རྒྱལ་ཡོངས་ཀྱི་གཡང་མདའ་རྟགས་མའི་མི་རིགས་མདའ་རྩེད་ཀྱི་ཕ་ས་ཞེས་པའི་མཚན་སྙན་ཡང་གནང་ཡོད།

འདས་པའི་ལོ་རྒྱུས་སྟེང་གཅན་ཚ་ཞེས་པ་ནི་ད་ལྟའི་དཔའ་ལུང་དང་གཅན་ཚ་རྫོང་གཉིས་ལ་གོ་ཞིང་། གཅན་ཚ་ཉིན་སྲིབ་གཉིས་སུ་གྲགས། མི་རྒྱུད་ནི་བོད་ཀྱི་རྩ་བའི་རུས་དྲུག་གི་ནང་ཚན་སྨུག་པོ་ལྡོང་ལ་མདོ་སྨད་ཤུལ་ཆེན་བཅོ་བརྒྱད་དང་ཚ་ཆེན་བཅོ་བརྒྱད་སོགས་སུ་དབྱེ་བའི་ཚ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་པ་རེད། གཅན་ཚ་ཞེས་ཐོགས་དོན་ནི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བློན་དགའ་ཡེ་ཤེས་ཟེར་བ་ཞིག་ཁྲལ་བསྡུའི་དཔོན་དུ་བཞག་པ་དང་།  དེར་ཁྲལ་བའི་མིང་ལ་བརྡ་རྙིང་དུ"ལ་གཅན་པ"ཟེར་བས།  ལ་གཅན་པས་དབང་བསྒྱུར་བའི་ཚ་ཆེན་བཅོ་བརྒྱད་ཀྱི་ཚོ་ཡུལ་ཡིན་པའི་ཕྱིར་ན་གཅན་ཚ་ཞེས་གྲགས་པར་བཤད།

སྤྱི་ལོ1949ལོར་མཚོ་སྔོན་བཅིངས་འགྲོལ་ཐོབ་པ་དང་མཉམ་དུ་གཅན་ཚ་ས་ཁུལ་ལ་བཅིངས་འགྲོལ་བཏང་བ་དང་། སྤྱི་ལོ1952ལོའི་ཟླ5པའི་ཚེས2ཉིན་སྣང་རའི་སྡེ་གཟར་ཞི་འཇགས་སུ་བཏང་། སྤྱི་ལོ1953ལོའི་ཟླ6པའི་ཚེས2ཉིན་གཅན་ཚ་རྫོང་སྲིད་གཞུང་བཙུགས།

2 སྲིད་འཛིན་ཁོངས་དབྱེ།

2001ལོར་ཟླ3པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་སྟེ། གཅན་ཚ་རྫོང་གི་ཁམས་ར་དང་། དོ་རྒྱ། བྲག་ཁང་སྣ་ཁ་བཅས་ཡུལ་ཚོ3བཅས་མཉམ་དུ་བསྲེས་ནས་ཁམས་ར་གྲོང་རྡལ་བཙུགས་པ་དང་། གྲོང་རྡལ་སྲིད་གཞུང་དེ་སྔོ་རྒྱའི་འགག་ཏུ་བཙུགས། སྐྱ་རེངས་ཡུལ་ཚོ་དེ་མར་ཁུ་ཐང་གྲོང་རྡལ་དུ་བསྲེས།  2001ལོའི་ལོ་མཇུག་ཏུ། གཅན་ཚ་རྫོང་གི་མངའ་ཁོངས་སུ་གྲོང་རྡལ3དང་། ཡུལ་ཚོ6དང་། སྡེ་ཁུལ4དང་། སྡེ་བ79(འབྲོག་སྡེ)ཡོད། 2011ལོའི་བར་དུ། གཅན་ཚ་རྫོང་གི་མངའ་ཁོངས་སུ་གྲོང་རྡལ3དང་། ཡུལ་ཚོ6དང་། སྲིད་འཛིན་སྡེ་བ86ཡོད།

ཡུལ་ཚོ་དང་གྲོང་རྡལ། སྲིད་གཞུང་གནས་ཡུལ། ཁོངས་གཏོགས་ཁུལ་གཙོ་བོ།
མར་ཁུ་ཐང་གྲོང་རྡལ། མར་ཁུ་ཐང་དུ་གནས། སྡེ་ཁུལ4ཡོད། (རྨ་ཆུ་ལམ། སྲིན་པོ་ལམ། དར་རྒྱས་སྲང་ལམ། མི་དམངས་སྲང་ལམ)སྡེ་བ14ཡོད། (མར་ཁུ་ཐང་། ཀླེ་ཆེན། འབུར་རྩ། ཧོས་མིན། མགུར། ཉ་མོ། སྐྱ་རེངས། ཀླུ་རྒྱལ། སྦྲུལ་ལྕེ། ལོ་ཁོག ཡོ་བོ་ཆེ། ཁོལ་ས་ཐང་།ཉ་མོ། སྡེ་གསར)
གདོང་སྣ་གྲོང་རྡལ། གདོང་སྣར་གནས་ཡོད།  ཁོངས་གཏོགས་སུ་སྡེ་བ13ཡོད། (ཧྲང་གྲོང་། སི་མིན། ཞང་ཏོའོ། ཏོང་མིན། མཁར་ཐོག ཨེད་བན། སྐེད་ཆུ། གཟེ་ཐང་། ཧྲ་ལི་མུའུ། ཙོང་ཙེ་ལ། སྒར་ཐང་། ཞི་མ་ལ། ལཱན་ཉིས་ཐཱན)
ཁམས་ར་གྲོང་རྡལ། སྔོ་རྒྱའི་འགག་ཏུ་གནས་ཡོད། ཁོངས་གཏོགས་སུ་སྡེ་བ18ཡོད། དེའུ་གོང་། འགྲམ་ཚང་། བན་རྒྱགས། དཀར་པོ་ནང་། ལྷ་མདུན་ཐང་། (སྐྱིད་ཀླེ)མགུར་འོག་མ། (གནུབས། སྦྲུལ་ལྕེ) བྲག་ཁང་སྣ་ཁ། ཡ་མཁར། ཡ་མཁར་ཞོལ་མ། རྐ་ཕུག  རི་མཚེར། སྔོ་རྒྱལ། ལྷ་བརྟན། ཕ་གཞིས།  ལངས་སྔ། མཁས་རྒྱལ། སྨན་སྒང་། ཚིས་ཀ
སྣང་ར་ཡུལ་ཚོ།  སྣང་རར་གནས་ཡོད། ཁོངས་གཏོགས་སུ་སྡེ་བ6ཡོད། (གྲམ་པ་ནང་། ཡ་སྣ་གདོང་། ཚེགས་རྒྱལ། དབྱར་ས་རྐེད། མདུང་བརྒྱ། རྨ་ཤར)
ནང་ཁོག་ཡུལ་ཚོ།  མ་ཎི་རྡོ་ལུང་དུ་གནས་ཡོད། ཁོངས་གཏོགས་སུ་སྡེ་བ4ཡོད། (བདེ་ཆེན། ལྷ་ས། ས་དཀར་གོང་། ཞྭ་ཁྲ)
སྟེང་སོ་ཡུལ་ཚོ།   ཤིང་མཁར་དུ་གནས་ཡོད། ཁོངས་གཏོགས་སུ་སྡེ་བ8ཡོད། (དགུ་རོང་མཐིལ། ཤིང་མཁར། གདོང་རྟིང་། དགུ་སྟེང་། གདོང་མགོ མཚེར་ལུང་། ལྷ་སྡེ། དགུ་རོང་ཕུ་བ)
གཅན་ཚ་ཐང་ཡུལ་ཚོ། ཁྲ་ཚང་དུ་གནས་ཡོད། ཁོངས་གཏོགས་སུ་འབྲོག་སྡེ7ཡོད། (གཡོན་རུ། རྐང་མོ། ཀླེ་གཞུག སྤྲེལ་ནག ལོ་བ། ཀ་རྒྱ་གོང་འོག)
ཚོ་དྲུག་ཡུལ་ཚོ།  ཧོར་བཱ་ཞིས་སུ་གནས་ཡོད། ཁོངས་གཏོགས་སུ་སྡེ་བ5ཡོད། (སྔོ་སྐྱབས། ཆེ་ཚང་མ། ལོ་བ། མཚོ་བྱུང་། སྤྲེལ་ནག)
སྐྱ་རྒྱ་ཡུལ་ཚོ།  ཕ་གཞིར་གནས་ཡོད། ཁོངས་གཏོགས་སུ་སྡེ་བ4ཡོད། (སྐྱ་རྒྱ། ཨ་འབྱུང་། གནམ་སྟེང་། ཡང་ཀླེ)
3 རང་བྱུང་ཐོན་ཁུངས།

1 ཆུའི་ཐོན་ཁུངས། རྨ་ཆུ་སྔོན་མོ་གནས་འདི་བརྒྱུད་ནས་བཞུར་ཞིང་། འབབ་ཡུལ་གྱི་རིང་ཚད་ལ་སྤྱི་ལེ96ཡོད། སྔོ་རྒྱའི་འགག་དང་། བྲག་ཁང་སྣ་ཁ། གདོང་སྣ། མཚེར་ཐང་། དགུ་རོང་མཐིལ། སྟེང་སོ་བཅས་ན་གློག་ཚིགས་ཆེ་བ་གཅིག་དང་། འབྲིང་བ་གཉིས། ཆུང་བ་གསུམ་བཅས་བཙུགས་ཡོད། གློག་ཚིགས་ཀྱི་སྤྱིའི་ཤོང་ཚད་ལ་སྟོང་ཝ210.23ཡོད། དེ་ནི་མཚོ་སྔོན་གྱི་ནུས་ཁུངས་རྟེན་གཞི་ཆེས་ཆེ་བ་ཡིན། རྨ་ཆུ་འབབ་ཡུལ་གྱི་རྒྱ་ཁྱོན་ཆེ་བ་དང་། གློག་ཚིགས་འགའ་བསྟུད་མར་བཙུགས་པ་ལ་བརྟེན་ནས། རྫོང་ཡོངས་སུ་ཆུའི་འབབ་ཡུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ60ཡོད།.jpg


2 སྐྱེ་དངོས་ཐོན་ཁུངས། གཅན་ཚ་རྫོང་དུ་རི་སྐྱེས་སྲོག་ཆགས་སྣ་བཅུ་ཡོད་ལ། པགས་པ་རྩ་ཆེན་གྱི་རིགས་ལ་འཕྱི་བ་དང་། ཝ་མོ། ཆུ་སྲམ། དབྱི་སོགས་ཡོད་ལ།  སྨན་སྤྱོད་སྲོག་ཆགས་ལ་རྫ་ཁ་གོང་མོ། ཤྭ་བ་སོགས་ཡོད།

3 གཏེར་ཁའི་ཐོན་ཁུངས། གཅན་ཚ་རྫོང་དུ་གཏེར་ཁའི་ཐོན་ཁོངས་ལ་ལྕགས་དང་། ཟངས། ཞ་ཉེ། གསེར། ལྷང་ཚེར། རྡོ་སོལ། རྡོ་ཐལ་སོགས་གཏེར་ཁོངས་ས་གནས10ལྷག་ཡོད།

4 ནགས་ཚལ་ཐོན་ཁུངས། གཅན་ཚ་རྫོང་དུ་ཁམས་རའི་ནགས་ཚལ་དང་། ལོ་བའི་ནགས་ཚལ། གདོང་མགོའི་ནགས་ཚལ་བཅས་ཡོད།        

4 ས་ཁམས་ཁོར་ཡུག

1 ས་ཁམས། གཅན་ཚ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་ཆགས་ཡོད། སའི་གོ་ལའི་འཕྲེད་ཐིག་བྱང་མའི35°39ནས36°10མཚམས་དང་། གཞུང་ཐིག་ཤར་མའི101°37མཚམས་ནས102°7གྱི་མཚམས་ན་ཡོད། ཤར་ལྷོ་ཁྲི་ཀ་དང་འབྲེལ་ཞིང་། ལྷོ་ཕྱོགས་རེབ་གོང་རྫོང་དང་འབྲེལ་ཡོད། རྫོང་མངའ་ཁོངས་ཀྱི་ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི87ཡོད། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་སྨི48ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1714ཡོད།

2 གནམ་གཤིས། གཅན་ཚ་རྫོང་གི་རྫོང་ཡོངས་ཀྱི་ས་བབ་ནི་ནུབ་མཐོ་ཞིང་ཤར་དམའ་བ་ཡིན། ཆེས་དམའ་བའི་མཚོ་ངོས་ལས་མཐོ་ཚད་ནི་སྨི1960ཡིན་ལ། ཆེས་མཐོ་བའི་མཚོ་ངོས་ལས་མཐོ་ཚད་སྨི4614ཡིན། མངའ་ཁོངས་ནང་དུ་སྲིན་པོ་རྫ་རྒན་དང་། བསེ་ཆེན་རི་བོ། བྲ་མ་རི་བོ་སོགས་ཡོད་ལ། དེ་དག་གི་མཚོ་ངོས་མཐོ་ཚད་སྨི3500ཡན་ཡིན།.jpg

གཅན་ཚ་རྫོང་གི་གནམ་གཤིས་ནི་མཐོ་སྒང་གི་སྐམ་ས་རང་བཞིན་གྱི་གནམ་གཤིས་ལ་གཏོགས་པ་དང་། རྫོང་ཡོངས་ཀྱི་ཆ་སྙོམས་ཀྱི་དྲོ་གྲང་ནི7.8℃ཡིན། རྫོང་ཡོངས་ཀྱི་ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུའི་འབབ་ཚད་ནི་ཧོ་རྨིད350ནས400བར་ཡིན། 1988ལོར་དྲོ་གྲང་ཆེས་མཐོ་བ34.1℃ལ་སླེབས་པ་དང་། 1961ལོར་ཆེས་དམའ་བ - 19.8℃ལ་ སླེབས།

5 མི་གྲངས་དང་མི་རིགས།

2015ལོའི་བར་གཅན་ཚ་རྫོང་ལ་མི་གྲངས་ཁྲི5.57ཡོད་པ་དང་། མི་རིགས་ལ་བོད་རིགས་དང་། ཧོས་རིགས། ཟ་ལར་རིགས། ཧོར་རིགས་སོགས་ཡོད། བོད་རིགས་ཀྱིས་སྤྱིའི་མི་གྲངས་ཀྱིས62.2%ཟིན།

6 དཔལ་འབྱོར།

2015ལོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར20.73ལེགས་འགྲུབ་བྱུང་བ་དང་། སྔོན་ལོ་དང་བསྡུར་ན1.3%འཕར་སྣོན་བྱུང་། སྤྱིའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1.1ལེགས་འགྲུབ་བྱས་ཤིང་། ལོ་སྔོན་མ་ལས28.8%འཕར་སྣོན་བྱུང་། སྤྱི་ཚོགས་འཛད་སྤྱོད་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་ཁྲི9785.6ལེགས་འགྲུབ་བྱུང་བ་དང་ལོ་སྔོན་མ་ལས10.5%འཕར། མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ལག་ཐོག་ཡོང་འབབ་སྒོར23180དང7219སླེབས་པ་དང་། ལོ་སྔོན་མ་ལས10%དང8.4%འཕར་ཡོད།

7 སྤྱི་ཚོགས།​

1 རིག་གནས་ལས་དོན།

དངུལ་གཏོང་སྒོར་ཁྲི2000ཡིན་པའི་བོད་རིགས་དང་། ཆཱང་རིགས། དབྱི་རིགས་བཅས་ཀྱི་རིགས་གནས་ཐོན་ལས་ཁུལ་ཏེ་གཅན་ཚའི་རིག་གནས་གསར་གཏོད་ཐོན་ལས་གླིང་གི་ལས་གཞི་ཚོང་ལས་ལྟེ་གནས་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། དངུལ་གཏོང་སྒོར་ཁྲི7500ཡིན་པའི་ཐོན་ལས་ཁུལ་གྱི་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་དང་རྨ་ཆུའི་འགྲམ་རྒྱུད་ཀྱི་ངལ་གསོའི་སྤྲོ་གསེང་ཁུལ་གྱི་ལས་གཞི་བཟོ་སྐྲུན50%ལེགས་འགྲུབ་བྱུང་། དངུལ་གཏོང་སྒོར་ཁྲི2822ཡིན་པའི་རྟེན་རྫས་བཤམས་སྟོན་ཁང་དང་མདའ་འཕེན་མྱོང་ཚོར་ཁང་། གློག་བརྙན་ཁང་དང་རིག་གནས་དཔེ་མཛོད་ཁང་། རིག་གནས་ལུས་རྩལ་བྱ་འགུལ་ལྟེ་གནས(འགྲེམས་ཁང་བཞི་དང་ལྟེ་གནས་གཅིག)ཀྱི་ལས་གཞི་མཇུག་སྒྲིལ་ནས་བེད་སྤྱོད་བྱེད་མགོ་བརྩམས། ཡུལ་ཚོ་རིམ་པའི་རིག་གནས་བྱ་འགུལ་ཁང84ཡི་འཛུགས་སྐྲུན་ལས་གཞི་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་རྫོང་ཡོངས་ནས་ཁྱིམ་ཚང7གྱི་ཞིང་བའི་སྤྲོ་སྐྱིད་ཁང་དེ་ཞིང་ཆེན་ཡོངས་ཀྱི་སྐར་རིམ་བཞི་ཅན་གྱི་གྲོང་གསེབ་ཡུལ་སྐོར་གྱི་སྣེ་ལེན་ས་ཚིགས་སུ་བདམས་པ་རེད། ཧུར་ཐག་གིས་ཐེངས་དང་པོའི་སྤོ་འགུལ་རུང་པའི་རིག་དངོས་སྲུང་སྐྱོང་ལས་ཁུངས་ཀྱིས་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་དུས་རིམ་གཉིས་པ་དང་རིག་དངོས་གཟུགས་འདས་རིག་གནས་ལས་གཞི་དང་རྒྱུན་འཛིན་པའི་སྙན་ཞུ་འབུལ་བའི་ལས་དོན་སྐུལ་འདེད་བཏང་ནས། རྫོང་ཡོངས་ཀྱི་གཟུགས་འདས་རིག་གནས་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་ཐོ་འགོད་དང་། དཔྱད་ཡིག་བསྡུ་གསོག་དང་ལེགས་སྒྲིག་གི་ལས་དོན་རྒྱ་ཆེར་སྤེལ།

2 སྨན་བཅོས་ལས་དོན།

2013ལོར། གཅན་ཚ་རྫོང་གིས་རྫོང་བོད་སྨན་ཁང་གི་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་འགན་ཡོངས་འགྲུབ་བྱས་པས་ལོ་དེར་རྒྱལ་ཡོངས་ཀྱི་སྨན་བཅོས་བཅོས་སྒྱུར་གྱི་བྱ་བའི་ཁྲོད་གྲུབ་འབྲས་མངོན་གསལ་ཅན་བཅུའི་ནང་དུ་བདམས། རྫོང་ཡོངས་སུ་ལུགས་གསར་མཉམ་ལས་སྨན་བཅོས་སུ་ཞུགས་པའི་མི་གྲངས43113ཡོད་པ་དང་། མཉམ་ལས་སྨན་བཅོས་སུ་ཞུགས་ཚད98.5%ལ་སླེབས། སྒོར་ཁྲི95བཏང་ནས་གཅན་ཚ་ཐང་ཡུལ་ཚོ་གི་འཕྲོད་བསྟེན་སྨན་བཅོས་ཁང་ལས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱེད་བཞིན་ཡོད། སྨན་ཁང་ལ་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་བོད་སྨན་ཁང་དང་། གཅན་ཚ་རྫོང་མི་དམངས་སྨན་ཁང་གཉིས་ཡོད། 2015ལོར་སྨན་བཅོས་བཅོས་སྒྱུར་གྱི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། གཞུང་གཉེར་སྨན་ཁང་བཅོས་སྒྱུར་ཁྲོད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་སུ་ཤུགས་རྐྱེན་ཆེ་བའི"གཅན་ཚའི་དཔེ་རྣམ"ཞིག་འཚོལ་ཞིབ་བྱས་པ་མ་ཟད། ཁུལ་ཡོངས་སུ་རྒྱ་ཆེར་སྤེལ།

3 སློབ་གསོའི་ལས་དོན།

གཅན་ཚ་རྫོང་ལ་བསྡོམས་པས་སློབ་གྲྭ13ཡོད། 2013ལོར། གཅན་ཚ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར1.15བཏང་ནས་སློབ་གྲྭ་འབྲིང་ཆུང་གི་བདེ་འཇགས་བཟོ་སྐྲུན་དང་། ཚད་གཞི་ཅན་གྱི་འཛུགས་སྐྲུན། སློབ་ཞུགས་སྔོན་གྱི་སློབ་གསོ་འཕེལ་རྒྱས་བཟོ་སྐྲུན་སྐྲུན་སོགས་ལས་གཞི48ལག་ལེན་དུ་བསྟར་བ་དང་། རྫོང་སློབ་འབྲིང་གི་ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་དང་། མི་རིགས་སློབ་འབྲིང་གཉིས་པའི་ཟ་ཁང་།  དགེ་བཟོ་བའི་འཁོར་བསྐྱོད་ཁང་བ་སོགས་རྨང་གཞིའི་བཟོ་སྐྲུན་སྐོར་ཅིག་འཛུགས་སྐྲུན་བྱས།

4 སྤྱི་ཚོགས་འགན་སྲུང་།

2015ལོར་རྫོང་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་གི་སྤྱིའི་ཞུགས་ཚད99.3%ལ་སླེབས་པ་དང་། སྨན་བཅོས་ཐེབས་རྩའི་སྤྱིའི་འགྲོ་སོང་སྒོར་ཁྲི3265.8ཡིན། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་འགོགའགན་སྲུང་ཞུགས་ཚད98.2%དང་རྒན་གསོ་མ་དངུལ་སྒོར755.6གཏོང་སྤྲོད་བྱས། སྤྱི་ཚོགས་ཅན་གྱི་གཏོང་སྤྲོད་ཚད100%ཡིན། ཉམས་ཆུང་རིགས་ལ་འཚོ་བའི་རྨང་གཞི་འགན་སྲུང་ཡོད་པར་བྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་འགུལ་རྣམ་དོ་དམ་ལ་ཤུགས་སྣོན་བཏང་ནས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་ཁྱིམ་ཚང1439དང་མི3842ཚད་ལྡན་དུ་བཏང་། འགུལ་རྣམ་གྱི་ཚད42% ཡིན། མཁར་གྲོང་དུ་མ་མཐའི་འཚོ་བའི་ཁྱིམ་ཚང391དང་མི739ཚད་ལྡན་དུ་བཏང་བ་དང་། འགུལ་རྣམ་གྱི་ཚད47.5%ཡིན། མ་དངུལ་འགན་སྲུང་ཁྱོན་བསྡོམས་སྒོར་ཁྲི3322.61གཏོང་སྤྲོད་བྱས། དབང་བོ་སྐྱོན་ཅན་གྱི་རོགས་དངུལ་སྒོར་ཁྲི12ཡིན།

8 མཛེས་ལྗོངས་གྲགས་ཅན།

1 གཅན་ཚ་རྫོང་གི་ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་།

ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་མངའ་ཁོངས་སུ་ཡོད་ཅིང་། དེའི་ཤར་ཕྱོགས་ནས་ཟི་ལིང་བར་སྤྱི་ལེ131ཡོད། ནུབ་ཕྱོགས་ནས་གཅན་ཚ་རྫོང་མཁར་བར་སྤྱི་ལེ50ཡོད། མཛེས་ལྗོངས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ152ཡོད་པ་དང་། ཆ་སྙོམས་བྱས་ན་མཚོ་ངོས་ལས་མཐོ་ཚད་རྨིད2500ཡོད། ལོ་རེའི་ཆ་སྙོམས་ཀྱི་དྲོ་གྲང20℃ཡིན། ཆེས་དམའ་བའི་དྲོ་གྲང-11℃ཡིན། ཁམས་ར་རྒྱལ་ཁབ་རིམ་པའི་སྤྱི་གླིང་ནི་ས་མདོག་དམར་ཤས་ཆེ་བས་མཚམས་སྤྲིན་མདངས་ལ་འཁུ་བ་དང་། ནགས་ཚལ་གྱིས་ཡོངས་སུ་བརྒྱན་པ། ཆོས་ལུགས་རིག་གནས་དང་གློག་ཚིགས་ཆུ་རགས། བོད་ཀྱི་དམངས་སྲོལ་བཅས་ཀྱིས་ཡོངས་སུ་ལེགས་པར་གྲུབ་པ་ཞིག་ཡིན།

ལྗོངས་ཁུལ་དུ་རྒོད་པོ་རྫོང་དང་། གནས་སྤོ་རྫོང་། བ་ཤིང་རྫོང་། ཁྲ་མཆུ་ རྫོང་། ཇོ་མོ་རྫོང་། རྔ་རྫོང་། ར་གཞི་རྫོང་། མགོན་པོ་རྫོང་། ལམ་འཕྲང་རྫོང་། རྟ་རྫོང་། སྡེ་བརྒྱད་རྫོང་། འུག་རྫོང་། སྨུག་པོ་རྫོང་། ལ་རིང་རྫོང་། ནོར་རྫོང་། ལུག་རྫོང་། སེར་མོ་རྫོང་། ཟོར་རྫོང་བཅས་རྫོང་ཆེན་བཅོ་བརྒྱད་ཡོད་པ་དང་། ཨ་ཆུང་གནམ་རྫོང་།  གསར་རྙིང་གི་དགོན་སྡེ་སོགས་ཚར་དུ་བསྟར་ཡོད།

2 ཨ་ཆུང་གནམ་རྫོང་དགོན་པ།.jpg

ཨ་ཆུང་གནམ་རྫོང་དགོན་པའམ་གསང་སྔགས་དར་རྒྱས་གླིང་ནི་གཅན་ཚ་རྫོང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ45ལྷག་ཕྱིན་པའི་མཚམས་སུ་ཡོད་ལ། དེ་ནི་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་དང་། མཁས་པ་མི་གསུམ་གྱིས་འདུལ་བའི་མེ་རོ་གསོ་སའི་གནས་འགངས་ཆེན་ཞིག་ཡིན། ཨ་ཆུང་གནམ་རྫོང་རྩེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི2500ལྷག་ཡོད།

གནས་འདི་ནི་གསར་རྙིང་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་འགངས་ཆེན་ཞིག་ཀྱང་ཡིན་ཏེ།  ཀོའུ་བ་བཀའ་བཅུ་བ་ཆོས་ཀྱི་རྒྱ་མཚོ་དང་། རྒྱལ་མཆོག་སྐལ་བཟང་རྒྱ་མཚོ། རྐ་ཕུག་པཎྚི་ཏ། ཆོས་རྗེ་གསེར་ཁང་བ། དགུ་རོང་སྣ་ཚོགས་རང་གྲོལ།  འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། གཏེར་སྟོན་བསོད་རྒྱལ་རིན་པོ་ཆེ་སོགས་གནས་འདིར་ཕེབས་ཏེ་ལ་ལས་སྒྲུབ་སྦྱོང་ལ་གཞོལ་བ་དང་།  ལ་ལས་གནས་མཇལ་གྱི་ཆིབས་ཁ་བསྒྱུར་བ། ལ་ལས་གསུང་གི་འཕྲིན་ལས་སྤེལ་བ་སོགས་ཆོས་ཀྱི་བྱིན་རླབས་དཔག་ཏུ་མེད་པ་སྦྱིན་མྱོང་།

3 རྨ་འགྲམ་རྡོ་རྗེ་བྲག

རྨ་འགྲམ་རྡོ་རྗེ་བྲག་ནི་གཅན་ཚ་རྗོང་མཁར་ནས་ནུབ་ཕྱོགས་ཀྱི་སྤྱི་ལེ4མཚམས་སུ་ཡོད་ལ།  མིང་གཞན་ལ་རྣམ་དག་ཚུལ་ཁྲིམས་གླིང་དང་ཏུན་ཧོང་.jpgཆུང་བ་ཞེས་ཀྱང་འབོད།

སྔོན་ཆད་བོད་ཀྱི་བཙན་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་དུས་སུ། བོད་ཀྱི་མཁས་པ་མི་གསུམ་གསང་སྟབས་ཀྱིས་གནས་འདིར་བྲོས་ཡོང་སྟེ་བཞུགས་མྱོང་ལ། ཕྱིས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེས་བོད་ཀྱི་བཙན་པོ་གླང་དར་མ་མདའ་ཡིས་བགྲོངས་རྗེས་གནས་འདིར་བྲོས་ཡོང་སྟེ། སྦས་པའི་སྒོ་ནས་ལོ་རྡོ་རྗེ་བྲག་ཏུ་སྒྲུབ་པ་ལ་བརྩོན་པའི་སྐབས་དེར། རྒྱལ་བོ་བགྲོངས་བྱེད་ཀྱི་ལྕགས་ཀྱི་མདའ་གཞུ་གཏེར་དུ་སྦས་ཤིང་སྟེང་དུ་རྡོ་སྤུངས་མཛད་དེ་བཞག  ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་སྐུ་ཚེ་སྨད་ལ་ཡོན་རྒྱལ་རབས་ཀྱི་རྒྱལ་བོ་གོ་ཏན་གྱིས་གདན་དྲངས་བའི་ལམ་བར་དུ། གནས་འདིར་ཞབས་ཀྱིས་བཅགས་ཤིང་འབུམ་ཁང་མཆོད་རྟེན་ བཞེངས་ཡོད་ཅེས་གྲགས། གཞན་ཡང་གནས་འདིར་གྲུབ་ཆེན་ལོ་ཁོག་ཐོག་འཛིན་དང་། སྤྲེལ་ནག་སྒོམ་ཆེན་པ་འཕྲིན་ལས་ཕུན་ཚོགས། དེ་མིན་གྱི་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་བགྲང་གིས་མི་ལང་བ་དག་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་རྣམ་ཐར་ཡང་ཡོད་དོ།

4 སྣང་རའི་སྟོང་དཔོན་གཞིས་ཀ

སྣང་རའི་སྟོང་དཔོན་གཞིས་ཀ་ནི་སྤྱི་ལོ1947ལོར་འཛུགས་སྐྲུན་བྱས་པ་ཡིན་ལ། དེ་ནི་སྔོན་གྱི་གཅན་ཚའི་སྣང་རའི་སྟོང་དཔོན་གྱི་གཞིས་ཀ་ཡིན། ལོ་རྒྱུས་སུ་བཀོད་པ་ལྟར་ན། སྣང་རའི་སྟོང་དཔོན་ནི་བཙན་པོ་ཁྲི་རལ་བ་ཅན་གྱི་བློན་པོ་དགའ་ཡེ་ཤེས་ དར་རྒྱས་མདོ་སྨད་མཐའ་མཚམས་སུ་དཔྱ་ཁྲལ་བསྡུ་བར་གནས་འདིར་སླེབས་ནས་གཞིས་ཆགས་ཏེ་འཚོ་བ་རོལ་བ་དང་། རྗེས་སུ་གཅན་ཚའི་དཔོན་པོར་གྱུར་བ་རེད། སྤྱི་ལོ1657ལོ་སྟེ་ཆིན་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གི་སྐབས་སུ་ཁོའི་གདུང་རྒྱུད་རྡོ་རྗེ་སྟོང་དཔོན་དུ་དབང་བསྐུར། དབང་ཆེན་ནི་སྟོང་དཔོན་གྱི་མི་རབས་བདུན་པ་ཡིན་ལ། གཞིས་ཀ་དེ་ནི་དབང་ཆེན་སྟོང་དཔོན་དུ་བཞུགས་ནས་གསར་སྐྲུན་བྱས་པ་ཞིག་ཡིན་ལ། ད་ལྟར་མཚོ་སྔོན་ཞིང་ཆེན་གྱི་གཞིས་རྙིང་མང་དུ་ཡོད་པ་ལས་ཅུང་ཆ་ ཚང་བའི་བོད་ལུགས་རྣམ་པ་ཅན་གྱི་གཞིས་ཀ་ཞིག་ཡིན།

9 ཆོས་སྡེ་གྲགས་ཅན།

གཅན་ཚ་རྫོང་དུ་མིང་དུ་གྲགས་པའི་དགོན་པ་ལ་ནང་ཁོག་ཡུལ་ཚོ་རུ་ལ་མོ་བདེ་ཆེན་དགོན་པ་དང་། ཁམས་ར་གྲོང་རྡལ་དུ་ཨ་ཆུང་གནམ་རྫོང་། ལྷ་རི་དགོན་པ། རྫོང་ནང་དགོན་པ། དགུ་རོང་དགོན་པ། དོ་རྒྱའི་སྔགས་ཁང་། སྐྱ་རྒྱ་ཡུལ་ཚོ་རུ་གསང་འབྲོག་དགོན་པ་དང་། སྐྱ་རྒྱའི་སྔགས་ཁང་། ཚོ་དྲུག་ཡུལ་ཚོ་རུ་ཀོའུ་བ་དགོན་པ། ངང་རུང་དགོན་པ། སྔོ་སྐྱབས་སྔགས་ཁང་། ཚོ་དྲུག་སྔགས་ཁང་། སྤྲེལ་ཚོ་བ་གསུམ་པོའི་སྔགས་ཁང་། ཆེ་ཚང་མའི་སྔགས་ཁང་། སྣང་ར་ཡུལ་ཚོ་དང་སྟེང་སོ་ཡུལ་ཚོ་རུ་རྔ་སྒར་དགོན་པ། གྱེར་སྟེང་དགོན་པ། སྣང་རའི་གསེར་ཁང་། སྟེང་སོ་ཡུལ་ཚོ་རུ་ཁྲུས་ཀ་དགོན་པ། གཅན་ཚའི་ཐང་དུ་སྒར་ཁ་དགོན་པ་དང་། གཅན་ཚ་ཐང་སྔགས་ཁང་སོགས་མང་བོ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-22

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།