ཨ་མ་མཚོ་འཁྱིལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་མ་མཚོ་འཁྱིལ།
ཨ་མ་མཚོ་འཁྱིལ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་མངའ་ཁོངས་ཀྱི་གནས་རི་ཞིག་སྟེ། ཀ་རིང་ཡུལ་ཚོ་སྲིད་གཞུང་གི་བྱང་ཤར་གྱི་མཚམས་སུ་སྤྱི་ལེ3ཙམ་གྱི་མཚམས་ན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿妈措齐
ལ་ཏིང་གི་མིང་།
a ma mtsho ‘khyil
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ།
མཚོ་འཕགས།
སྨི3200
གནས་ཡུལ།
ཀ་རིང་ཡུལ་ཚོ་སྲིད་གཞུང་གི་བྱང་ཤར་ཕྱོགས་ན་ཡོད།
1 ངོ་སྤྲོད།

ཨ་མ་མཚོ་འཁྱིལ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་མངའ་ཁོངས་ཀྱི་གནས་རི་ཞིག་སྟེ། ཀ་རིང་ཡུལ་ཚོ་སྲིད་གཞུང་གི་བྱང་ཤར་གྱི་མཚམས་སུ་སྤྱི་ལེ3ཙམ་གྱི་མཚམས་ན་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3200ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད36°05′ནས36°23′ཀྱི་མཚམས་དང་། ཤར་གྱི་གཞུང་ཚད101°27′ནས101°29′ཡི་མཚམས་ན་ཡོད། བྱང་ནས་ཤར་དུ་མཆེད་འདུག   གནས་འདིར་རི་དྭགས་དང་གཅན་གཟན་གྱི་རིགས་ལ་གླ་བ་དང་།  གནའ་བ།  ཁ་ཤྭ་སོགས་ཡོད།  འདབས་ཆགས་ཀྱི་རིགས་ལ་རྒོད་ཐང་དཀར་དང་།  ཐང་ནག  གླག  ཁྲ།  བྱ་ཝང་སོགས་ཡོད།  སྐྱེ་དངོས་ཀྱི་རིགས་ལ་གསོམ་པ་དང་།  དབྱར་བ།  སྟག་པ་སོགས་ཡོད། 

རི་འདིའི་གནས་བདག་ནི་མོ་ལྷ་ཞིག་ཡིན་པར་གྲགས་ཤིང་། རི་འདིའི་ཆགས་དབྱིབས་ནི་འདིའི་བསང་ཡིག་ཏུ་ནོར་བུ་འདྲ་བའི་ཚུལ་དུ་ཆགས་ཞེས་འབྱུང་བ་ལྟར་ནོར་བུ་དགའ་འཁྱིལ་གྱི་དབྱིབས་སུ་ཆགས་ཡོད་ཅིང་། རི་མགོ་ན་སྤང་གཤོང་འགའ་རེ་ཡོད་པར་དབྱར་དུས་ཆར་ཆུ་འཁྱིལ་བའི་སྟོབས་ཀྱིས་དེ་དག་རྫིང་བུ་ཆེ་ཆུང་དུ་མར་འགྱུར་སྲིད་པ་དང་། ནམ་རྒྱུན་ཆར་ཆུ་མོད་པའི་དུས་སུ་རྫིང་བུ་ནང་དུ་འཁྱིལ་བའི་ཆར་ཆུ་ཕྱིར་ལུད་ན་ཡུལ་མི་ཚོར་ལོ་དེར་ལོ་ཡག་འབྱུང་བའི་བཤད་ཚུལ་ཡོད་ཟེར། སྔོན་གྱི་དུས་སུ་ཨ་མ་མཚོ་འཁྱིལ་གྱི་ཕྱོགས་འདིར་ཤྭ་དང་། གནའ། གླ་སོགས་ཡོད་པར་བཤད་ལ། དེང་སང་ཡང་ས་འོག་ནས་ཤྭ་ར་སོགས་རི་དྭགས་ཀྱི་རུས་པ་རྙེད་རྒྱུ་ཡོད་ཟེར། ངག་རྒྱུན་ལ་ཨ་མ་མཚོ་འཁྱིལ་གྱི་ཉེ་འཁོར་གྱི་ཤིང་སྡོང་ཐམས་ཅན་ནི་ཀླུ་སྡོང་ཡིན་ཞིང་གཅོད་མི་ཉན་པར་བཤད་པས། སྔོན་ཆད་ཡུལ་འདིའི་མི་རྣམས་ཀྱིས་གནས་འདིའི་ཤིང་རིགས་གཅོད་རྒྱུ་ཕར་ཞོག གནས་འདི་གར་འགྲོ་བ་ལའང་ཤིན་ཏུ་འཛེམ་གྱི་ཡོད་ཟེར།

2 བསང་ཡིག

ཨ་མ་མཚོ་འཁྱིལ་གྱི་གསོལ་ཁ།

བྷྱོ། གཡའ་སྤང་དཔག་བསམ་ཤིང་གི་ཕོ་བྲང་ན། ཡིད་འོང་ལྷ་མོ་མཚོ་འཁྱིལ་གཡང་སྨན་མ། །ཅི་འདོད་དངོས་གྲུབ་སྩོལ་བའི་ཡིད་བཞིན་ནོར། །བསམ་འཕེལ་དབང་གི་ལྷ་མོ་ད་ཚུར་བྱོན། །ཡུ་མོ་དཀར་མོའི་སྟེང་ན་འཛུམ་ཞིང་བཞུགས། །སྐུ་མདོག་དཀར་མོ་རིན་ཆེན་ཆས་ཀྱིས་བརྒྱན། །ཕྱག་གཡས་མདའ་དར་གཡོན་པས་ཚེ་བུམ་འཛིན། །མཚོ་སྨན་ནོར་བདག་ལྷ་མོ་ད་ཚུར་བྱོན། །མདུན་དུ་རིན་ཆེན་སྤུངས་པའི་ཁྲི་སྟེང་དུ། །དཔལ་གྱི་ལྷ་མོ་མཚོ་འཁྱིལ་གཡང་སྨན་མ། །སྔོན་ཚེ་ཨོ་རྒྱན་པདྨའི་བཀའ་བཞིན་དུ། །མ་གཡེལ་དགྱེས་བཞིན་རྟེན་ལ་བརྟན་པར་བཞུགས། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-13

གསར་སྤེལ་མཁན། :གཡུ་འབྲུག

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།