སྲོང་བཙན་སྒམ་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲོང་བཙན་སྒམ་པོ།
གནམ་རི་སྲོང་བཙན་དང་ཚེ་སྤོང་བཟའ་གཉིས་ཀྱི་སྲས་སུ་འཁྲུངས།བོད་རྒྱལ་གདུང་རབས་སོ་གསུམ་པ་འདིའི་རིང་ལ་པོ་ཏ་ལའི་རི་ལ་ཕོ་བྲང་བརྩིགས། བོད་ཡིག་གི་སྲོལ་བཏོད། སངས་རྒྱས་ཀྱི་ཆོས་ཐོག་མར་བོད་ཡིག་ཏུ་བསྒྱུར། བཀའ་ཡི་ཁྲིམས་ཡིག་ཆེན་པོ་རྣམ་དྲུག་མཛད་པ་སྟེ། དེ་ཡང་དང་པོ་བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ་བ་དང༌། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་བཅད་པ། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཕྱེ་བ། གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་ཕྱེ་བ། ཞང་གསུམ་བློན་བཅས་དབུས་ཀྱི་འདུན་ས་འཛིན་པ། དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་བ་བཅས་སྲིད་འཛིན་གནད་དྲུག་དང༌། གཉིས་པ་བཀའ་འགྲོས་ཆེན་པོ་དྲུག གསུམ་པ་ཡིག་ཚངས་དྲུག བཞི་པ་བཀའ་ཡི་ཕྱག་རྒྱ་དྲུག ལྔ་བ་རྐྱེན་དྲུག དྲུག་པ་དཔའ་མཚན་དྲུག་བཅས་དྲུག་ཚན་དྲུག་གིས་བོད་ཀྱི་ཁོས་སུམ་ཅུ་སོ་དྲུག་གཏན་ལ་ཕབ། ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཙུགས་ནས་རྒྱལ་སྲིད་བཟུང༌། བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས། ལྕགས་གླང་ལོར་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་བཙུན་མོར་བསུས། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང༌། ར་མོ་ཆེ་ཞེས་པའི་གཙུག་ལག་ཁང་བཞེངས། མི་ཆེན་གྱི་བུ་རྣམས་རྒྱ་ནག་ཏུ་ཡོན་ཏན་སློབ་ཏུ་བཏང་སྟེ་རྒྱ་ནག་ཡུལ་ནས་ཆོས་དང༌། སྨན། རྩིས། སྒྱུ་རྩལ། དཔལ་འབྱོར་སོགས་ཀྱི་སྲོལ་རྒྱུན་སྣ་ཚོགས་བོད་དུ་དྲངས། བོད་ཁམས་དར་ཞིང་རྒྱས་པར་གྱུར་ཅིང༌། རྗེ་འདི་དང་མོང་བཟའ་གཉིས་ལ་སྲས་གུང་རི་གུང་བཙན་བྱུང་ཡང་ཡབ་རྗེའི་གོང་དུ་འདས་པས་རྒྱལ་ས་དབོན་སྲས་མང་སྲོང་མང་བཙན་ལ་བསྐུར། སྤྱི་ལོ650སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
松赞干布
རྒྱལ་རབས།
རྒྱལ་རབས་སོ་གསུམ་པ།
ཕྱི་ཡིག་གི་མིང་།
srong btsan sgam po
སྲིད་ལོ།
(?-650)
ཡབ།
གནམ་རི་སྲོང་བཙན།
འཁྲུངས་འདས་ལོ་ཚིགས།
(617-650)
ཡུམ།
ཚེ་སྤོང་བཟའ།
འཁྲུངས་ཡུལ།
ཕོ་བྲང་བྱམས་པ་མི་འགྱུར།
མཛད་རྗེས།
ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཙུགས་ནས་རྒྱལ་སྲིད་བཟུང༌། ར་མོ་ཆེ་ཞེས་པའི་གཙུག་ལག་ཁང་བཞེངས།
1 འཁྲུངས་རབས།

གངས་ལྗོངས་སྐྱེ་འགྲོ་ཀུན་གྱིས་སྤྱི་བོར་བཀུར་བའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཞེས་བྱ་བའི་མི་རྗེ་འདི་ཉིད་ནི། .jpgཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཡིན་ཞིང་། བོད་པུར་རྒྱལ་དུས་སྐབས་སུ་ཁ་བའི་ལྗོངས་འདིར་དབང་བསྒྱུར་བའི་བཙན་པོ་མང་དུ་བྱུང་བའི་ནང་ནས་ཆེས་ཕུལ་དུ་བྱུང་བའི་ཆབ་སྲིད་མཁས་ཅན་དང་། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན་བཅས་ཡིན། སྲོང་བཙན་སྒམ་པོ་ཞེས་པའི་མཚན་དེ་ནི་ཁོང་གིས་སྲིད་དབང་བཟུང་རྗེས་བློན་པོ་རྣམས་ཀྱིས་གསོལ་བའི་མཚན་ཡིན་ཞིང་། དེ་ཡང་རྒྱུད་དྲང་ཞིང་སྲོང་བ། ཁྲིམས་ལ་ཉེ་རིང་མེད་པའི་བཀའ་བཙན་པ། མི་སུས་ཀྱང་ཁོང་གི་རྒྱུས་ཚོད་ལོན་མི་ཐུབ་པའི་སྒམ་པོ་ཡོད་པ་བཅས་ཀྱི་ཁྱད་ཆོས་དང་མཐུན་པའི་སྒོ་ནས་མཚན་ཡང་དེ་ལྟར་བཏགས། མི་རྗེ་འདི་ཉིད་ནི་གྲོང་ཁྱེར་ལྷ་སའི་ཤར་ཕྱོགས་སུ་རྒྱང་ཐག་ལེ་དབར་བཅུ་ཕྲག་ཙམ་ཡོད་པའི་དབུ་རུ་མལ་འགྲོ་རྒྱ་མ་ཕོ་བྲང་བྱམས་པ་མི་འགྱུར་གླིང(དེང་སྐབས་གྲོང་ཁྱེར་ལྷ་སའི་ཁོངས་ཀྱི་མལ་གྲོ་གོང་དཀར་རྫོང་རྒྱ་མ་ཤང་ཁྲི་སྒང་གྲོང་ཚོ)དུ་ཡབ་རྗེ་གནམ་རི་སྲོང་བཙན་དང་ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་གཉིས་ཀྱི་སྲས་སུ་འཁྲུངས། རྗེ་འདི་ཉིད་ཀྱི་འཁྲུངས་འདས་སྐོར་སྔོན་བྱོན་མཁས་དབང་རྣམས་ཀྱི་བཞེད་པ་གཅིག་མཐུན་མེད་ཀྱང་ཡོངས་གྲགས་རྒྱ་བོད་ལོ་རྒྱུས་ཡིག་རིགས་མང་ཆེ་བ་དང་། བོད་ཀྱི་ལོ་རྒྱུས་མཁས་དབང་ཚོའི་དགོངས་པ་ལྟར་ན་བོད་མེ་གླིང(སྤྱི་ལོ617)ལོར་འཁྲུངས་ཤིང་བོད་ལྕགས་ཁྱི(སྤྱི་ལོ650) ལོར་སྐུ་གཤེགས། ཤེས་རིག་ལྡན་ལ་བློ་སྟོབས་ཆེ་བའི་མི་རྗེ་འདིས་དང་ཐོག་རང་ཉིད་ལ་བློ་ཉེ་བའི་བློན་པོ་ཁག་དང་མནའ་འབྲེལ་བཙུགས་ནས་ཡབ་ལ་དུག་འདྲེན་མཁན་གྱི་བློན་པོ་རྣམས་ཚར་བཅད་ཅིང་། དེ་དག་གི་ཁ་རྗེ་དབང་ཐང་ཡོངས་རྫོགས་མེད་པ་བཟོས་ཐོག རྒྱལ་ཕྲན་ཁག་དང་། རུས་རྒྱུད་ཚོ་བ། རྒྱལ་བློན་བཅས་ཀྱི་བདག་དབང་ཇེ་ཆུང་དུ་བཏང་བ་དང་དབང་བསྒྱུར་རྙིང་པའི་སྟོབས་ཤུགས་མེད་པར་བཟོས་ནས་མྱང་དབས་མནོན་བཅས་ཀྱིས་གཙོ་བོ་བྱས་པའི་དབང་བསྒྱུར་གསར་པའི་སྟོབས་ཤུགས་ལ་བརྟེན་པ་དང་། དེའི་གནས་བབས་ཇེ་མཐོར་བཏང་ནས་རུས་རྒྱུད་ཚོ་བའི་སྒེར་བཙན་དབང་བསྒྱུར་སྟོབས་ཤུགས་རྩ་བརླག་ཏུ་བཏང་བ་དེར་འབངས་མི་སེར་གྱི་རྒྱབ་སྐྱོར་མཐའ་གཅིག་ཏུ་ཐོབ། མཐའ་བཞིའི་རྒྱལ་ཕྲན་ཚོ་ཡང་རིམ་བཞིན་དབང་འོག་ཏུ་བསྡུས་ཏེ་ཕྱི་ནང་ལྷིང་འཇགས་སུ་གྱུར་པ་དང་བོད་མི་རིགས་ཀྱི་ཁྱད་ཆོས་ཚང་བའི་པུར་རྒྱལ་དུས་སྐབས་ཀྱི་རྒྱལ་རབས་གསར་པ་ཞིག་བརྩམས་འགོ་ཚུགས།  

2 རྒྱལ་ས་འཛུགས་སྐྲུན་མཛད་པ། 

སྲོང་བཙན་སྒམ་པོས་ཕྱི་ནང་གི་དུས་ཟིང་ལྷིང་འཇགས་སུ་བཏང་རྗེས་རྒྱལ་ས་ལྷ་སར་སྤོས་གནང་བ་དེ་ནི་ཁོང་གི་རླབས་ཆེའི་མཛད་རྗེས་ཤིག་ཡིན། རྒྱལ་ས་ལྷ་སར་སྤོས་རྗེས་དང་ཐོག་དམར་པོ་རིའི་སྟེང་དུ་ཕོ་བྲང་མ་བཞེངས་གོང་དུ་ཕ་བོང་ཁར་ཕོ་བྲང་དགུ་ཐོག་བསྐྲུན། མོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས་ཏེ་རྒྱལ་སྲས་གུང་སྲོང་གུང་བཙན(གུང་རི་གུང་བཙན་ཡང་ཞུ)སྐུ་བལྟམས། དེ་ནས་ཞང་ཞུང་བཟའ་ལི་ཐིག་སྨན་དང་། མི་ཉག་རུ་ཡོང་བཟའ་ཁབ་ཏུ་བཞེས། དེ་ནས་བལ་བཟའ་དང་། རྒྱ་བཟའ་བཅས་བཙུན་མོར་གདན་དྲངས་རྗེས་དམང་པོ་རིའི་སྟེང་གི་ཕོ་བྲང་ཤུལ་དུ་སླར་ཡང་ཐོག་བརྩེགས་དགུ་ཡོད་པའི་བར་རྒྱ་ཆེར་བཏང་བ་དང་། ཇོ་ཁང་དང་། ར་མོ་ཆེ། དེ་བཞིན་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སོགས་དང་གྲོང་རྡལ་བཅས་རིམ་བཞིན་རྒྱ་སྐྱེད་བྱུང་བ་དེ་དག་ད་བར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་འདས་ཟིན་ཀྱང་། ངོ་མཚར་ཅན་གྱི་གནའ་བོའི་འཛུགས་སྐྲུན་གྱི་ཆ་ཤས་འགའ་ཞིག་དེང་གི་དུས་སུ་ཡང་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་དང་ལྟ་སྐོར་དུ་ཕེབས་མཁན་ཚང་མས་གནའ་རབས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་གྲོང་ཁྱེར་འདིར་ཕེབས་སྐབས་སྲོང་བཙན་སྒམ་པོའི་མཛད་རྗེས་རླབས་ཆེན་ལ་བསྟོད་བསྔགས་མི་བྱེད་མཁན་གཅིག་ཀྱང་མེད། 

3 བོད་ཡིག་གསར་གཏོད་མཛད་པ། 

དེ་ཡང་བོད་ཡིག་གསར་གཏོད་མཛད་པ་པོ་ཐོན་མི་སམ་བྷོ་ཊས་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་ལྟར་རྒྱལ་གར་འཕགས་པའི་ཡུལ་དུ་ཕེབས་ནས་དཀའ་བ་ཚད་མེད་སྤྱད་དེ་སྔོན་ཐོན་ཡིག་རིགས་མང་པོར་ཞིབ་འཇུག་བརྟག་དཔྱད་མཛད་རྗེས་བོད་རང་ཉིད་ཀྱི་སྐད་དང་མཐུན་པའི་སྒྲ་སྦྱོར་གྱི་བོད་ཡིག་གསར་གཏོད་མཛད་པ་ནི་རྗེ་བློན་འདི་གཉིས་ཀྱི་བཀའ་དྲིན་ཡིན་པ་གླེང་མི་དགོས། དེ་རྗེས་རྒྱལ་པོ་སྲོང་བཙན་རང་ཉིད་ཀྱིས་དང་ཐོག་རང་དཔེ་གཞན་སྟོན་གྱིས་ཐོན་མི་སློབ་དཔོན་དུ་བསྟེན་ནས་བོད་ཡིག་དང་རིག་པའི་གནས་ཁག་ཚང་མ་ལེགས་པར་སློབ་སྦྱོང་མཛད་པ་མ་ཟད། བོད་ཡོངས་ཀྱི་བློན་འབངས་ལ་སྐུལ་སློང་གིས་སློབ་ཏུ་བཅུག དེ་བཞིན་རྒྱ་དཀར་ནག་དང་ཁ་ཆེ་བལ་པོ་སོགས་ཀྱི་པཎྜི་ཏ་དང་ལོ་ཙཱ་བ་གདན་དྲངས་ནས་ནང་བསྟན་དང་། སྒྲ་རིག  བཟོ་རིག  གསོ་རིག སྐར་རྩིས་ལ་སོགས་པ་མང་པོ་བསྒྱུར་དུ་བཅུག་པ་དང་། བོད་མི་རིགས་རང་ཉིད་ཀྱི་མཁས་ཅན་དུ་མ་གསོ་སྐྱོང་མཛད་པས་སྐབས་དེའི་བོད་ཀྱི་ཤེས་རིག་དེ་ཐང་རྒྱལ་དང་འདྲ་བའི་གྲལ་དུ་སླེབས་ཐུབ་པ་དེ་དེང་གི་དུས་སུའང་སྤོབས་པ་བྱེད་འོས་པ་ཞིག་ཡིན་ཞིང་། མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་བོད་ཀྱི་ཕུལ་བྱུང་རིག་གནས་ཀྱི་སྲོལ་རྒྱུན་བཟང་པོ་ད་ལྟ་ཡང་གནས་ཐུབ་པ་འདི་ནི་མི་རྗེ་བཀའ་དྲིན་ཅན་འདི་ཉིད་ཀྱིས་རང་གི་མཛད་རྗེས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལོ་རྒྱུས་དེབ་ཐེར་ཁག་ཏུ་ཡོངས་སུ་གྲགས་པ་ལྟར་རོ། །

4 ཁྲིམས་སྲོལ་གཏན་འབེབས། 

སྲོང་བཙན་སྒམ་པོའི་གོང་དུ་རྗེ་བློན་འབངས་བཅས་ཕན་ཚུན་མནའ་དོན་འཇོག་པའི་སྲོལ་ལས་ཞིབ་ཆའི་ཁྲིམས་སྲོལ་གསལ་པོ་གཏན་ཁེལ་མེད་པའི་རྐྱེན་གྱིས་མངའ་འབངས་གཅིག་གྱུར་དང་བདེ་འཇགས་ལ་སྐྱོན་ཚབས་ཆེན་པོ་ཕོག་གི་ཡོད། སྲོང་བཙན་གྱིས་རུས་རྒྱུད་ཚོ་བ་ཁག་གཅིག་གྱུར་མཛད་རྗེས་གསར་དུ་བཙུགས་པའི་སྲིད་དབང་སྲ་བརྟན་དང་། མངའ་ཁོངས་བདེ་འཇགས་སུ་འཁོད་ཆེད་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་བཅས་ཀྱི་ཁྲིམས་སྲོལ་ཅུང་ཆ་ཚང་ཞིང་གོ་རིམ་ལྡན་པ་ཞིག་གཏན་འབེབས་མཛད་ཅིང་། སྐབས་དེར་ཐོག་མར་གཏན་འབེབས་མཛད་པའི་ཁྲིམས་སྲོལ་སྤྱིའི་མིང་ལ་ཁོད་སུམ་ཅུ་སོ་དྲུག་ཟེར། དེ་ཡང་བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག བཀའ་གྲོས་ཆེན་པོ་དྲུག ཡིག་ཚང་དྲུག བཀའ་ཡི་ཕྱག་རྒྱ་དྲུག རྐྱེན་དྲུག དཔའ་མཚན་དྲུག་བཅས་ཡིན། ལྔ་བ།  སྲིད་མཛིན་ས་ཁུལ་གསལ་པོར་དབྱེ་བའི་ཁར། སྲིད་དང་དམག་གི་སྒྲིག་གཞི་དང་། དཔོན་རིགས་ཁག་གི་འགན་དབང་གཏན་ལ་ཕབ་པ། བོད་ས་གནས་མངའ་ཁོངས་ཀྱི་སྤྱི་ཁྱབ་སྲིད་འཛིན་ས་ཁུལ་རྣམས་རུ་སྡེ་ཆེན་པོ་ལྔ་སྟེ་དབུ་རུ་དང་། གཡོན་རུ། གཡས་རུ། རུ་ལག་སུམ་པའི་རུ་བཅས་སུ་དབྱེ་ཞིང་། དེ་རྣམས་ལ་དབང་བསྒྱུར་བྱེད་པའི་དཔོན་རིགས་གོ་གནས་མཐོ་ཤོས་ནི་བློན་ཆེན་ཡིན། དེའི་འོག་ཏུ་དམག་དཔོན་རྒན་གཞོན་བཞི་དང་། རུ་དཔོན། སྡེ་དཔོན། སྟོང་དཔོན། སྟོང་བུ་ཆུང་གི་རྗེ། ལྔ་བརྒྱ་ཆེན་པོ་སོགས་དཔོན་རིགས་རིམ་པ་ཤིན་ཏུ་མང་། དྲུག་པ། ཞིང་འབྲོག་ཐོན་སྐྱེད་གོང་དུ་སྤེལ་བའི་བྱ་ཐབས་ལག་བསྟར་མཛད་པ། རྒྱལ་པོ་སྲོང་བཙན་སྒམ་པོས་ཞིང་འབྲོག་ཐོན་སྐྱེད་གོང་དུ་སྤེལ་བའི་བྱ་ཐབས་གཙོ་བོ་ནི་རུས་རྒྱུད་ཚོ་བར་དབང་བའི་ལམ་ལུགས་ཐད། རྒྱལ་པོ་དབང་བའི་རིགས་གཉིས། བློན་པོ་ལ་དབང་བའི་རིགས་གཉིས། རུས་རྒྱུད་ཚོ་བ་ཚོར་དབང་བའི་རིགས་གཉིས་བཅས་དྲུག་ཏུ་དབྱེ་ཡོད། བདུན་པ། སྤུན་ཟླའི་མི་རིགས་དང་ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་གྱི་འབྲེལ་བ་བཙུགས་ནས་མི་རིགས་རང་ཉིད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཆོས་ལུགས་བཅས་གོང་དུ་སྤེལ་བ། རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཆོས་ལུགས་བཅས་དར་སྤེལ་གཏོང་བའི་ཆེད་དུ་སྔ་རྗེས་སུ་བལ་བོའི་རྒྱལ་བོའི་སྲས་མོ་བལ་བཟའ་ཁྲི་བཙུན་དང་། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའེ་ཙུང་གི་ཚ་མོ་འུན་ཤིང་ཀོང་ཇོ་སོགས་སྤུན་ཟླའི་རིགས་དང་ཁྱིམ་མཚེས་རྒྱལ་ཁབ་ནས་བཙུན་མོ་བཞེས་ཏེ་ཁོང་ཚོའི་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་དང་། ཤེས་རིག རིན་ཐང་བྲལ་བའི་སྐུ་གསུང་ཐུགས་རྟེན་སོགས་རིག་དངོས་རྣམས་བོད་དུ་གདན་དྲངས་པ་དེས་གཅིག་ནས་མི་རིགས་ཕན་ཚུན་བར་དང་རྒྱལ་ཁབ་ཕན་ཚུན་བར་མཐུན་སྒྲིལ་མཛའ་བཤེས་ཀྱི་འབྲེལ་བ་བཙུགས་པ་དང་། གཉིས་ནས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཆོས་ལུགས་བཅས་གང་གི་ཐད་ལའང་སྔར་ལས་ལྷག་པའི་གོང་འཕེལ་གསར་བ་ཞིག་ཡོང་རྒྱུར་སྐུལ་མ་ཐེབས་ཡོད། 

5 མཛད་རྗེས་གཙོ་བོ།

དང་པོ། བོད་ཁམས་གཅིག་གྱུར་བྱས་ཏེ་རྒྱལ་ས་ལྷ་སར་སྤར་བ།  

གཉིས་པ། དམག་གི་སྒྲིག་གཞི་བཙུགས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བ།

གསུམ་པ། དཔོན་རིགས་བསྐོ་བཞག་བྱས་ཏེ་ནང་ཁུལ་བདེ་ལ་བཀོད་པ།

བཞི་པ། ཆོས་ཁྲིམས་སྲིད་ཁྲིམས་བཙུགས་ཏེ་རྒྱལ་ཁམས་ཁྲིམས་ཀྱིས་བསྐྱངས་པ།

ལྔ་བ། བྲེ་སྲང་གཏན་ལ་ཕབ་སྟེ་དཔལ་འབྱོར་གོང་དུ་སྤེལ་བ།

དྲུག་པ། ཡི་གེ་གསར་དུ་བཅོས་ཏེ་གཙུག་ལག་རིག་གནས་སྤེལ་བ།

བདུན་པ། རྒྱ་བལ་གཉེན་དུ་བསྡེབས་ཏེ་ཕྱི་འབྲེལ་མཛའ་མཐུན་བྱུང་བ།

བརྒྱད་པ། ཐུབ་པའི་བསྟན་པ་སྤེལ་ཏེ་བོད་འབངས་ཆོས་ལ་བསྒྱུར་བ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:5  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-04

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།