མགར་བཟོའི་ལག་ཆ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མགར་གྱི་ལག་ཆ་ལ། རྡུང་མགར་དང་ལུགས་མགར་གྱི་ལག་ཆ་གཉིས་ལས། ཐོ་བ་དང་། སྐམ་པ། ཁོལ་མོ། མས་གཞི། མས་རྡོ(མས་ཐོ)ལྕགས་ངར། མགོ་བསྐོན། གཅོད་གཟོང་། འབིགས་གཟོང་། དྲས་གཟོང་། བརྐོས་གཟོང་། མགར་འབུག མགར་གསོར། སག་བརྡར། འཇུར་མིག །ཐོ་སྤར། སྒྲིལ་སྤར། སྤར་གཟོང་། ཚ་འཁེམ། ཚ་སྤུར།ལིང་ཕོར་སོགས་ཡིན་ཞིང་། དེ་ཚོའི་ནང་གི་ཉུང་ཤས་ཕུད།དེ་མིན་རྣམས་རེ་རེ་ལའང་ཆེ་ཆུང་དང་། ལྗིད་ཡང་། བཟོ་ཁྱད་བཅས་ཀྱི་དབྱེ་བས་མི་འདྲ་བ་མང་དུ་དགོས།
1 བརྡུང་མགར་གྱི་ལག་ཆ།

མགར་གྱི་ལག་ཆ་ལ། རྡུང་མགར་དང་ལུགས་མགར་གྱི་ལག་ཆ་གཉིས་ལས། དང་པོ་རྡུང་མགར་གྱི་ལག་ཆ་ནི། ཐོ་བ་དང་། སྐམ་པ། ཁོལ་མོ། མས་གཞི། མས་རྡོ(མས་ཐོ)ལྕགས་ངར། མགོ་བསྐོན། གཅོད་གཟོང་། འབིགས་གཟོང་། དྲས་གཟོང་། བརྐོས་གཟོང་། མགར་འབུག  མགར་གསོར། སག་བརྡར། འཇུར་མིག །ཐོ་སྤར། སྒྲིལ་སྤར། སྤར་གཟོང་། ཚ་འཁེམ། ཚ་སྤུར།ལིང་ཕོར་སོགས་ཡིན་ཞིང་། དེ་ཚོའི་ནང་གི་ཉུང་ཤས་ཕུད།དེ་མིན་རྣམས་རེ་རེ་ལའང་ཆེ་ཆུང་དང་། ལྗིད་ཡང་། བཟོ་ཁྱད་བཅས་ཀྱི་དབྱེ་བས་མི་འདྲ་བ་མང་དུ་དགོས་སྟབས། ཅི་ལ་ཅི་མཁོ་མགར་བའི་ལག་ཆ་འདྲ། ཟེར་བ་དེ་ནི་དངོས་གནས་དཔེ་དོན་མཚུངས་པའི་བཤད་སྲོལ་གསོན་ཉམས་ལྡན་པ་ཞིག་སྟེ། དང་པོ།ཐོ་བའི་སྐོར་ལ།བརྡུང་སྟངས་ཀྱི་དབྱེ་བས་འཐར་རྡུང་དང་།འཁུམ་རྡུང་།ཕྱི་བཟོ་བཀོད་པ། ནང་བཟོ་བཀོད་པ། ཆེ་རྡུང་། ཞིབ་རྡུང་། བརྐོས་ཐོ་བཅས་ཁག་བདུན་དུ་དབྱེ་ཆོག་པ་དང་། དེ་ཚོའི་དབྱིབས་ཀྱང་བརྡུང་བྱའི་ཁྱད་གཞི་དང་མཐུན་པར་གྲུ་བཞི (ཤོ་ཁྲིག་མའང་ཟེར)དང་། སྒོང་གཟུགས། མགོ་ཟླུམ། གསེག་ཆེན། གསེག་ཆུང་། མཆུ་རིང་། པུ་ཤུད་མགོ ཤོག་སྒྲིལ་ཁ་བཅས་དང་། དེ་དག་རེ་རེ་ལའང་ཆེ་འབྲིང་ཆུང་བར་དབྱེ་བའི་ཉུང་མཐར་ཡང་བཅུ་ཕྲག་ཁ་ཤས་དགོས་ལ། བརྐོས་ཐོ་སྟེ་གསེར་དངུལ་སོགས་ལ་དཀྲོལ་ཚགས་རྒྱག་བྱེད་ཀྱི་ཐོ་བ་ཁོ་ནར་མ་མཐར་ཡང་ཆེ་ཆུང་གསུམ་ཙམ་དགོས་ཤིང་།ཆུང་ཤོས་ཀྱི་ལྗིད་ཚད་ཞོ་དོ་ནས་གསུམ་བར་དང་། འབྲིང་བར་ཞོ་བཞི་ནས་ལྔ་བར། ལྗིད་ཤོས་ལ་ཞོ་བདུན་ནས་སྲང་གང་བར་སོགས་དཀྲོལ་ཚགས་རྒྱག་ཡུལ་གྱི་གཞི་རྒྱ་ཆེ་ཆུང་དང་། རི་མོ་རྩིངས་ཞིབ། ཤས་སྲབ་མཐུག་སོགས་ལ་དཔག་ནས་སོ་སོར་བེད་སྤྱོད་གཏོང་དགོས་སོ། །

2 སྐམ་པའི་སྐོར།

འཛིན་སྐམ་དང་། མེ་སྐམ། ལུགས་སྐམ། མཛེར་སྐམ། འཇུར་སྐམ། གྲི་སྐམ(སྐམ་གྲི་ཡང་ཟེར)བཅས་དང་། འཛིན་སྐམ་ལ་ཡང་སྟག་མགོ་ཅན་དང་། དྲེད་མོའི་ཁ། བྱ་རོག་མཆུ། ཆུ་སྲིན་ཁ། བྱེའུ་མཆུ་ཅན།ཙོག་སོ་ཅན་སོགས་བཟོ་དབྱིབས་དང་། ཆེ་ཆུང་མི་འདྲ་བ་སྣ་ཚོགས་དགོས་ལ། སྐམ་པ་གཞན་དག་རྣམས་ཀྱང་རེ་རེར་ཆེ་ཆུང་གཉིས་ནས་གསུམ་བར་རེ་མེད་ཐབས་མེད་པ་ཡིན་ནོ། །

3 བརྐོས་གཟོང་གི་སྐོར།

བརྐོས་གཟོང་ཞེས་པ་ནི་དཀྲོལ་ཚགས་རྒྱག་བྱེད་ཀྱི་གཟོང་ཡིན་ཏེ། དེ་ལ་འཇམ་རིས་ཀྱི་གཟོང་དང་། སྐྱ་རིས་ཀྱི་གཟོང་།ནང་སྤར་གྱི་གཟོང་། བཅག་འདེད་ཀྱི(འཇམ་འདེད་ཀྱང་ཟེར)གཟོང་། ཁ་རིས་ཀྱི་གཟོང་།དམིགས་བསལ་གྱི་རི་མོའི་ཚགས་གཟོང་། གསེར་དབུག་དྲས་གཅོད་ཀྱི་གཟོང་བཅས་དབྱེ་བ་ཁག་བདུན་པོ་རེ་རེ་ལའང་ཕྲ་སྦོམ་དང་། ཁ་ཞེང་ཆེ་ཆུང་། དབྱིབས་འདྲ་མིན་སོགས་ཁ་ཤས་དགོས་སྟབས་བསྡོམས་པའི་བརྒྱ་ལྷག་ཙམ་མེད་ན་མི་འགྲིག་ལ། གཏན་འཁེལ་ངེས་པའི་གྲངས་ཚད་ནི་སུས་ཀྱང་ཁ་ཚོན་གཅོད་ནུས་པ་མ་ཡིན་ནོ། ། བཤད་མ་ཐག་པའི་ལག་ཆ་སྣེ་གྲངས་གསུམ་པོ་ཙམ་དུ་མ་ཟད། དེ་མིན་རྣམས་ཀྱང་དབྱིབས་དང་ཆེ་ཆུང་ལ་སོགས་གང་ལ་གང་དགོས་ལྟར་སྦྱར་ནས་དབྱེ་བས་མང་དུ་དགོས་ནའང་ཡི་གེར་བྲིས་ན་མང་དུ་དོགས་པ་དང་། དོན་དག་ཀྱང་ཕྱོགས་མཚོན་ཙམ་ལས་གསལ་པོར་འགོད་ཐུབ་ཐབས་བྲལ་སྟབས་བྲིར་མ་ལོངས་པས་ཞིབ་ཕྲ་མཐོང་རྒྱུན་ལ་བརྟེན་ནས་ཤེས་པར་བྱའོ། །

4 ལུགས་མགར་གྱི་ལག་ཆ།

སྤྱིར་གོང་དུ་བཤད་པའི་ཐོ་བ་དང་། སྐམ་པ་སོགས་མགར་བའི་ལག་ཆ་མང་ཆེ་བ་ལུགས་མགར་ལ་ཡང་དགོས་པའི་ཐོག ལུགས་རྒྱག་བྱེད་ཁོ་ནར་མཁོ་བའི་དམིགས་བསལ་གྱི་ལག་ཆའང་མི་ཉུང་བ་ཞིག་དགོས་ཤིང་། སྤྱིར་བཏང་གི་ལུགས་བླུག་པར་མཁོ་བའི་དམིགས་བསལ་གྱི་ལག་ཆ་ནི།བྱེ་སྤར་བཟོ་བྱེད་ཀྱི་བྱེ་མ་དང་།ལུགས་བཀོད་བཟོ་བྱེད་ཀྱི་ཞི་གའམ་ཀོ་རོ་ས་དང་།ཡང་ན་བསྐལ་བའི་བྱེ་མ(ཀོ་ལོ་སའང་ཟེར)དཀྲུག་ཆས་བཅས་གསུམ་པོ་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ། དེའི་ནང་ནས་བྱེ་སྤར་བཟོ་བྱེད་ཀྱི་བྱེ་མ་དང་། ལུགས་ཀོང་གི་ཀོ་རོ་ས་གཉིས་ནི་གཤམ་དུ་འཆད་པར་བྱ་ཞིང་། འདིར་དཀྲུག་ཆས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རྒྱུར། དེའང་དཀྲུག་ཆས་ཞེས་པ་ནི་གཙོ་བོ་ལུགས་སུ་བླུགས་པའི་མཆོད་ཀོང་དང་། མནྡལ། བུམ་པ། ཕུད་ཏིང(ཕུད་ཀོང་།)ཆུ་ཏིང་། ཏིང་ཤག  དྲིལ་བུ། སིལ་སྙན། མེ་ལོང་ལ་སོགས་པ་རོལ་མོ་དང་མཆོད་ཆས་རིགས་དང་།དེ་མིན་ད་དུང་རྟའི་གཡེར་ཀ་ཚིལ་གོར་མ(རྟའི་སྐེ་ལ་འདོགས་པའི་གཡེར་ཀའི་བྱེ་བྲག་ཅིག)དང་། དྲིལ་ཆུང་། ཏིང་ཏིང་། ཁོག་ཏིར། ཕོར་པ། སྣག་བུམ་སོགས་ལི་དང་འཁར་ཟངས་རག་རྣམས་ལས་གྲུབ་པའི་དབྱིབས་ཟླུམ་པོ་ལ་རི་མོ་མེད་པའི་འཇམ་སང་གི་རིགས་རྣམས་འཇམ་ཤས་ཐོན་པ་བྱེད་སྤྱད་ཀྱི་ལག་ཆ་ཞིག་ཡིན། དེས་ན་རི་མོ་ཡོད་པའམ་ཡང་ན་དབྱིབས་ཟུར་གསུམ་མམ་ནར་མོ། འཇོང་དབྱིབས། ཟླ་གམ། གྲུ་བཞི་སོགས་ལ་སྤྱོད་དུ་མི་བཏུབ་པས་མི་མཁོ་ཞིང་། དེ་ལ་དཀྲུག་མདའ་སྟེ་སྲོག་ཐུར་དང་། དཀྲུག་ཕུར། དཀྲུག་ཐག་འབྲེང་བ། དཀྲུག་བྱེད་ཀྱི་སྐྱུང་བུ་བཅས་དགོས་པ་དང་། སྐྱུང་བུ་ལའང་ཕྱི་ལོགས་ནས་བཞར་བ། ནང་ལོགས་ནས་བཞར་བ།གསེང་བར་བཞར་བ། ཁ་རིས་གཏོད་པ་བཅད་ཕྱོགས་བཞི་ལ་མཁོ་བས་སོ་སོའི་ཁྱད་ཆོས་ལྟར་དབྱིབས་ཀྱང་སྟ་རེ་ཁ་དང་། ཟླ་ཚེས་ཁ། སེན་དབྱིབས། སྒོང་དབྱིབས། གསེག་ཆེན། གསེག་ཆུང་། ཨབ་སོ། རྐན་རིས་བཅས་ལ་ཆེ་ཆུང་གི་དབྱེ་བས་གྲངས་བཅུ་ཕྲག་ཁ་ཤས་དགོས་པ་ཡིན་ནོ། །

གཞན་ཡང་ལུགས་སྐམ་བྱ་རོག་མཆུ་དང་། གསོར་ཆེ་ཆུང་། དཀྲུག་ཕོར། སག་བརྡར་ཆེ་ཆུང་སྣ་ཚོགས་སོགས་ནི་གོང་དུ་བཤད་པ་དང་། འདིར་ཡང་མཁོ་བ་བཅད་ཞིབ་པར་ལག་ཆའི་ བཟོ་དབྱིབས་དང་བེད་སྤྱོད་བྱེད་སྟངས་སོགས་མིག་ལྟོས་དང་ལག་ཁྲིད་ཀྱི་མཐོང་རྒྱུན་ལ་བརྟེན་ནས་ཤེས་དགོས་སོ། ། གོང་དུ་སྨོས་པའི་ལག་ཆ་དེ་དག་ཡོད་པ་ཙམ་གྱིས་མི་འགྲིག་པར་ལག་འདྲིས་པ་དང་། ངོས་ ཆོད་པ། འཇོག་ཡུལ་ངེས་གཏན་ཡོད་པ་བྱ་རྒྱུ་བཅས་ནི་ཤིན་ཏུ་གལ་ཆེ་སྟེ།དེ་མིན་གློ་བུར་དགོས་མཁོ་བྱུང་སྐབས་ལག་ཆ་ཁ་ཤད་ལམ་སང་དྲན་མི་ཐུབ་པ་དང་། ཡང་ན་བྲེལ་བ་བྱུང་བའི་རྐྱེན་གྱིས་ལག་ཆ་འདྲ་འདྲ་ཁག་གཅིག་ཕན་ཚུན་ནོར་ནས་ངོས་མི་ཟིན་པ། གང་དུ་བཞག་ཡོད་མེད་མི་དྲན་པ་སོགས་ཀྱི་གནས་ཚུལ་བྱུང་ནས་བེད་སྤྱོད་གཏོང་མི་ཐུབ་པ་ཡང་ཡོང་གི་ཡོད་དེ། དམངས་ཁྲོད་ཀྱི་ཁ་རྒྱུན་དུ། མགར་གསར་ལག་པ་ཚ་བསྲན་ཆེ། སྐམ་པ་བཞག་ནས་ལག་པས་སྙོབས། མགར་གསར་འགྲམ་པ་ཕུ་ཤུགས་ཆེ། ཁོལ་མོ་བཞག་ནས་ཁ་ཡིས་སྤུར། མགར་གསར་དཔུང་པ་སྟོབས་ཤུགས་ཆེ།ཐོ་བ་བཞག་ནས་དཔུང་པས་བཀན། ཞེས་སོགས་ཟེར་སྲོལ་ཡོད་དོ། །


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། བཟོ་རྩལ། ལག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-07

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།