ཕྱིང་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕྱིང་བ།
ཕྱིང་བ་འཇོག་བྱེད་ལ་རྒྱུ་དང་། གྲ་སྒྲིག རྒྱ་གྲངས། འཇོག་སའི་ས་ཆ། ཆེ་ཆུང་གི་ཚད། སྲབ་མཐུག གཟུགས་དབྱིབས། བརླིང་ལུགས། སྤྱོད་སྒོ་སོགས་བཤད་པ་དང་དགུ་ཡོད།
1 རྒྱུ།

ལོ་གཉིས་ཅན་གྱི་ལུག་གི་སྟོན་ཁའི་བལ་ནི་རྒྱུ་ཡག་ཤོས་ཡིན་ལ། སྤྱིར་བལ་གང་ཡིན་ཡང་ཆོག་གོ །

2 གྲ་སྒྲིག

ལུག་བལ་ཡག་པོ་བསེད་ནས་བལ་འདབ་བྱས་ནས་ཕྱར་བ་སོགས་སྣོད་ཀྱི་ནང་དུ་རྩྭ་ཤིང་རྡུལ་སོགས་མི་འགྲོ་བར་ཉར་དགོས། དེ་རྗེས་ཕྱིང་མཁན་ཞིག་བཙལ་ནས་ཕྱིང་བ་འཇོག་ཏུ་འཇུག་དགོས་ཤིང་། དུས་ཚོད་དབྱར་རམ་སྟོན་གྱི་གནམ་གཤིས་དྲོ་ཞིང་དྭངས་པའི་སྐབས་སུ་འདེམས་དགོས། ཕྱིང་བ་འཇོག་སའི་ཕྱར་བ་གསུམ་བཞི་ཙམ་གྲ་སྒྲིག་བྱ་དགོས།

3 རྒྱ་གྲངས།

ཕྱིང་བ་ཚད་ལྡན་ཞིག་ལ་བལ་རྒྱ་མ་བཅུ་ཡོད་ན་ཕྱིང་བ་སྲབ་སྲབ་ཡིན་པ་ལ་ཁ་གསབ་བྱེད་ས་བཅས་གང་ཐད་ལ་ཕན་ཐོགས་ཡོད་པས་ཤིན་ཏུ་བཟང་ངོ་ ། །

4 འཇོག་ས།

འཇོག་སའི་ས་ཆ་ནི་གསེར་སྤང་ངོས་མཉམ་ཐང་བདེར་སོང་ནས་འཇོག་དགོས།

5 ཆེ་ཆུང་།

ཆེ་ཆུང་གི་ཚད་ནི་ཕྱིང་བའི་དཀྱིལ་གོང་ནས་བརྩིས་ན་འདོམ་གང་དང་ཁྲུ་གང་ཡིད་པ་ཞིག་འཇོག་དགོས། ད་སྐབས་རྩི་སྟངས་ལྟར་ན་ལི་སྨི་ཉིས་བརྒྱ་དང་བཅུ་གསུམ་ཡོད། ཚད་ལྡན་ཞིག་འཇོག་ན་ཚད་དེ་ཡིན་ཡང་དེ་མིན་ཆེ་ཆུང་གང་འདྲ་འཇོག་ཀྱང་ཆོག་གོ །

6 སྲབ་མཐུག

དེའི་ཚད་གཞི་ནི་ཕྱིང་བ་དང་པོ་འཇོག་སྐབས་བལ་འདབ་རེ་རེ་བཞིན་འདྲ་མཉམ་བྱས་ཏེ་རྩེག་གཅིག་བཞག་ནས་བརླིང་ཚར་རྗེས་ཡང་འདམ་ཁ་ཕྱེད་ཀ་ཙམ་དཀྱིལ་ནས་རྩེ་གཅིག་བཞག་ནས་བརླིང་ན་དཀྱིལ་ཞེང་ཅུང་ཟད་འཐུག་ལ་མཐའ་ཁ་ཐམས་ཅད་སྲབ་སྲབ་ཅིག་ཡིན་པས་ཕྱིང་མཁན་ཚོས་ཤིན་ཏུ་བཟང་ཞེས་བཤད་དོ། །

7 དབྱིབས།

གཟུགས་དབྱིབས་སམ་བཟོ་ལྟ་ནི་ཕྱིང་བ་ཀོར་ཀོར་ཞིག་ཡིན་དགོས།

8 ཕྱིང་བའི་བརླིང་ལུགས།

དང་པོ་ནི་ཕྱིང་བ་བཞག་མ་ཐག་ཏུ་གཅིག་བརྒྱ་ཐལ་ཉིས་བརྒྱ་ཐལ་ཞེས་གྲངས་ཀ་གཅིག་ནས་བརྒྱའི་བར་དུ་ཕྱིང་བ་དེ་བརླིང་དགོས། དེ་རྗེས་མར་ཕྱར་བ་ཁུག་ཏུ་ཕྱིང་བ་བསྒྲིལ་ཡོད་པ་དེ་ཁ་ཕྱེས་ནས་ཁ་གསབ་བྱེད་དགོས་སར་ཁ་གསབ་ཅིང་སྔོན་མའི་སྒྲིལ་ས་མ་ཡིན་སའི་ཕྱོགས་ནས་ཡང་ཕྱར་བ་ཁུག་ཏུ་བསྒྲིལ་ནས་གྲངས་ཀ་གཅིག་ནས་བཞི་བརྒྱ་བར་དུ་བརྩིས་ནས་བརླིང་དགོས། དེ་ནས་དབྱིབས་ཀོར་ཀོར་རེད་མིན་ལ་བལྟས་ནས། ཀོར་ཀོར་ཡོང་ཆེད་དུ་ཕྱར་བའི་ཐོག་ཏུ་ཕྱིང་བ་རྐྱང་རྐྱང་ཕྱིང་དྲིལ་བས་ཏེ་གྲངས་ཀ་ཉིས་བརྒྱ་ནས་སུམ་བརྒྱའི་བར་དུ་བརླིང་དགོས།

9 སྤྱོད་སྒོ།

ཆར་གོས་ཕྱིང་ཀོར། ཕྱིང་གུར། ཕྱིང་གོས། ཕྱིང་ཞྭ། ཕྱིང་ལྷམ། ཕྱིང་སྟན་སོགས་ཡོད་དོ། །

སྤྱིར་ཕྱིང་བ་ནི་ཐགས་སུ་མ་བྱས་པར་ཆུ་ཆག་གིས་བཅགས་པའི་བལ་གོས་ལ་ཟེར། ཡང་ན་ལུག་གི་བལ་དང་ཁུལ་སོགས་གནོན་འཆག་བྱས་ནས་ཐགས་རྐུད་མེད་པར་བཟོས་པའི་དངོས་རྫས་ཀྱི་མིང་སྟེ། སྲིད་པ་རྒན་པོའི་གཏམ་དཔེ་ལ། རྡོ་ཆུང་ཡང་རི་བོ་རྩིག་ཐུབ། བལ་ཕྲ་ཡང་ཕྱིང་བ་བཟོ་ཐུབ། ། ཅེས་པ་ལྟར།

10 འཇོག་གླ།

བལ་སྟན་འཇོག་ལུགས་ཀྱང་ཕྱིང་བ་འཇོག་ལུགས་དང་རིགས་མཚུངས། སྟན་གྱི་མཐའ་ཁྲ་སྲབ་ལ་དཀྱིལ་འཐུག་དགོས། བལ་རྒྱ་མ་བདུན་དང་ཕྱེད་ཀ་ཡོད་ན་སྟན་ཚད་ལྡན་ཞིག་འཇོག་ཆོག རྒྱ་མ་བདུན་ཡིན་ཡང་འགྲིག བལ་སྟན་ཞིག་འཇོག་གླ་སྒོར་མི་བཅུ་རེ་ཡིན། སྟན་འཇོག་སྐབས་བརླིང་རོགས་བྱེད་མཁན་ཞིག་ཡོད་ན་ཉིན་རེ་ལ་སྟན་གསུམ་རེ་འཇོག་ཐུབ་ཅེས་སྟན་མཁན་རྒན་གྲས་ཚོས་བཤད་དོ། །


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། བཟོ་རྩལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-07

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།