བསམ་པ་རྒྱ་ཆེ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱ་ཆེ་བའི་རྒྱན་གྱི་ནང་གསེས་དང་པོ་བསམ་པ་རྒྱ་ཆེ་བ་ནི་གཞན་གྱིས་སྒྲུབ་པར་དཀའ་བའི་བྱ་བ་རྔམ་ཆེན་གྱི་ཁུར་ལེན་པར་བཟོད་པའི་བསམ་པའི་སྙིང་སྟོབས་རྒྱ་ཆེ་བ་སྟོན་པའི་རྒྱན་ཞིག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
志气恢宏
1 ​གོ་དོན།

བསམ་པའི་ཁྱད་པར་བླ་མེད་ཚུལ།།

བརྗོད་པ་བསམ་པ་རྒྱ་ཆེའི་རྒྱན།།

བསྔགས་པར་འདོད་པའི་ཡུལ་དེའི་བསམ་པའི་ཁྱད་ཆོས་བླ་ན་མེད་པའི་གནས་ཚུལ་གསལ་བར་བརྗོད་པའི་སྒོ་ནས་དེའི་བསམ་པ་ཧ་ཅང་རྒྱ་ཆེ་བའི་ཁྱད་ཆོས་སྟོན་པ་ཞིག་ཡིན།

2 རྩ་བའི་དཔེར་བརྗོད།

རཱ་བ་ཎ་ཡི་མགོ་གཅོད་པའི།།

བྱ་བའི་ཁུར་ཡང་བཟོད་པ་ཡི།།

ར་གྷུའི་བུ་དེས་བླ་མ་ཡི།།

བཀའ་ལས་འདའ་བར་ནུས་མ་གྱུར།།

ཅེས་པ་སྟེ། སྲིན་པོའི་རྒྱལ་པོ་རཱ་བ་ན་སྟེ་སྒྲ་སྒྲོགས་ཀྱི་བུ་ཞེས་པ་མགྲིན་པ་བཅུ་ཡོད་པ། ལྷ་དབང་ཕྱུག་ཆེན་པོས་ས་གསུམ་ལས་རྣམ་པར་རྒྱལ་པའི་དངོས་གྲུབ་བྱིན་པས། འཇིག་རྟེན་གསུམ་བྲན་དུ་བྱས་པ་དེ་ཡི་ཡང་མགོ་བོ་གཅོད་པའི་བྱ་བའི་ཁུར་ཆེན་པོ་བཟོད་ནུས་པའི་རྒྱལ་པོ་རཱ་མ་ཎ་ཞེས་ར་གྷའི་རིགས་ལས་བྱུང་བའི་བུ་དེས། རང་ཉིད་ཀྱི་བླ་མར་གྱུར་པ་རང་གི་ཕ་ཤིང་རྟ་བཅུ་པས་ཁྱོད་རྒྱལ་སྲིད་སྤོངས་ལ་ཆུང་མ་སཱི་ཏ་དང་བཅས་པ་ནགས་སུ་སོང་ཞིག་ཅེས་པའི་བཀའ་ཕབ་པ་དེས་ལས་འདའ་བར་མ་ནུས་ཏེ་ནགས་སུ་སོང་ངོ་།། ཞེས་པ་འདིར་རྒྱལ་པོ་རཱ་མ་ན་དེ་ས་གསུམ་ལས་རྒྱལ་པའི་སྲིན་པོ་ལངྒ་མགྲིན་བཅུ་ཡང་གསོད་པར་ནུས་པའི་སྙིང་སྟོབས་དེ་ལྟ་བུ་ལྡན་ཡང་རང་གི་ཕ་མའི་བཀའ་ལས་ནམ་ཡང་མི་འདའ་བའི་གུས་སེམས་དང་ལྡན་པའི་དབང་གིས། རྒྱལ་སྲིད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པ་ཡང་བློས་གཏོང་ཕོད་པའི་བསམ་པ་རྒྱ་ཆེན་པོ་དང་ལྡན་པ་ལྟ་བུའོ།།

3 རྣམ་གསལ་གྱི་དཔེར་བརྗོད།

སྡེ་སྲིད་སངས་རྒྱས་རྒྱ་མཚོས།

ཚངས་དང་ཕུར་བུའི་རྣམ་དཔྱོད་བློ་གྲོས་ཀྱིས།།

བསྒྲུན་མིན་མཚོ་སྔོན་ལར་རྒྱའི་སྤྱི་དང་སྒོས།།

སྐྱེ་འགྲོའི་བདེ་སྐྱིད་རྣམ་པ་ཐམས་ཅད་དུ།།

རྒྱས་བྱེད་གླེང་མོའི་ཉིན་བྱེད་འབུམ་དུ་ཤར།།ཞེས་པ་ལྟ་བུ།


དུང་དཀར་བས།

དགྲ་སྡེ་ལྷག་མེད་འཇོམས་ལ་སྟོབས་ལྡན་ཡང་།།

ཉམ་ཆུང་གཞན་སྲོག་འཕྲོག་པ་ཉེས་པའི་གཞིར།།

མཐོང་ནས་མི་འཇིགས་སྐྱབས་ཀྱི་སྦྱིན་པ་ཡིས།།

དབུགས་དབྱུང་རང་སྲིད་རྒྱས་པའི་ཐབས་མཁས་འཕྲུལ།།ཞེས་པ་ལྟ་བུའོ།།


རྒྱལ་དབང་ལྔ་བས།

ཕྲ་ཞིབ་དཔྱད་ཚེ་འཇམ་དབྱངས་གཞོན་ནུ་ཡིས།།

ཕྱི་རྒོལ་མཛད་ཀྱང་དགག་པར་ལེགས་ནུས་པའི།།

བློ་བཟང་གྲགས་པས་འཁྲུལ་ལྡན་བསྟན་པ་འགའ།།

རྒྱལ་བའི་རྗེས་སུ་ཞུགས་དགོངས་ལྷག་མ་བཞག །

ཅེས་གཞུང་ལུགས་ཀུན་ལ་ཕྲ་ཞིང་ཞིབ་པའི་དཔྱད་པའམ་བརྒལ་རྟགས་མཛད་པ་ན། རྗེ་བཙུན་འཇམ་པའི་དབྱངས་སྐུ་དངོས་ཀྱིས་ཕྱི་རྒོལ་མཛད་ཀྱང་དེ་དགག་པར་ནུས་པའི་བློ་གྲོས་ཀྱི་མཐུ་དང་ལྡན་པ། ཡབ་རྗེ་བློ་བཟང་གྲགས་པ་རང་ཉིད་ཀྱིས་ཀྱང་ས་རྙིང་བཀའ་ཕྱག་སོགས་གྲུབ་མཐའ་གཞན་རྩ་མེད་དུ་མ་བཏང་བར། དེ་ཀུན་སྟོན་པའི་རྗེས་སུ་ཞུགས་པ་ཁོ་ན་ཡིན་པར་དགོངས་ནས་བཏང་སྙོམས་སུ་བཞག་པའམ་ལྷག་མ་ཙམ་བཞག་ཅེས་གྲུབ་མཐའ་གཞན་རྣམས་ཀྱི་ལྟ་བ་ལུང་རིགས་ཀྱི་སྒོ་ནས་ཚར་བཅད་དེ་ལྷག་མེད་དུ་གཏོང་ནུས་ཀྱང་། དེ་དག་ཀུན་སྟོན་པའི་རྗེས་འཇུག་ཡིན་པར་དགོངས་པའི་ལྷག་བསམ་རྒྱ་ཆེ་བའི་སྟོབས་ཀྱིས་རྩ་མེད་དུ་མ་བཏང་བར་ལྷག་མ་ཙམ་བཞག་པར་སྟོན་པའི་ཚིག་ལྟ་བུའོ།།


བསེ་ཚང་བས།

མན་ངག་གསང་བ་ཟབ་མོའི་ནུས་མཐུ་དཔལ།།

ཐོབ་ནས་ཡུལ་གྲུ་སྐད་ཅིག་འཇོམས་ནུས་ཀྱང་།།

གྲུབ་མཆོག་དམ་པ་མར་བའི་བཀའ་ལུང་ལས།།

ནམ་ཡང་འདའ་མེད་སྒོམ་ཆེན་ཐོས་པ་དགའ།།ཞེས་པ་ལྟ་བུའོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-22

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།