དཀྱིལ་འཁོར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

དཀྱིལ་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ནང་བསྟན་གྱི་བརྡ་ཆད། )

དཀྱིལ་འཁོར།
སྤྱིར་དཀྱིལ་འཁོར་ནི་ལྷ་གཙོ་འཁོར་རྟེན་དང་བཅས་པའི་བཀོད་པ་སྟེ་རྒྱལ་བ་རྡོ་རྗེ་འཆང་གིས་གདུལ་བྱའི་དབང་གིས་རྒྱུད་དེ་དང་དེ་གསུང་བའི་སྐབས་སུ་ལྷ་དེ་དང་དེའི་དཀྱིལ་འཁོར་གྱི་བཀོད་པ་དངོས་སུ་སྤྲུལ་ཏེ་དབང་བསྐུར་ཅིང་རྒྱུད་བསྟན། དགོངས་གཞི་དང་དགོས་པའི་དབང་གིས་བློས་བསླངས་ཀྱི་དཀྱིལ་འཁོར། རྡུལ་ཚོན་གྱི་དཀྱིལ་འཁོར། རས་བྲིས་ཀྱི་དཀྱིལ་འཁོར། ལུས་དཀྱིལ་གྱི་དཀྱིལ་འཁོར། བསམ་གཏན་གྱི་དཀྱིལ་འཁོར་ལ་སོགས་པ་ཚོགས་གཉིས་སྒྲུབ་ཚུལ་གྱི་མན་ངག་ཞིབ་པར་རྒྱུད་སྡེ་སོ་སོ་ནས་བསྟན་ཡོད། དེ་ལྟར་བོད་དུ་བཞེངས་པའི་ཚུལ་གྱི་མགོ་འབུས་ཙམ་ཞིག་སྟོན་ན། སྲོང་བཙན་ཡབ་ཡུམ་གྱིས་ར་སའི་གཙུག་ལག་ཁང་དུ་འཇམ་དཔལ་དྲག་པོའི་དཀྱིལ་འཁོར་དང་། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་སོགས་བྲིས་བཞེངས་མཛད་པ་དང་། ཁྲི་སྲིང་གི་དུས་བསམ་ཡས་སུ་གསང་སྔགས་ཀྱི་དཀྱིལ་འཁོར་ཆ་ཚང་བཞེངས་པ་དང་། སློབ་དཔོན་ཆེན་པོས་ཕྱག་བྲིས་མཛད་པའི་དཀྱིལ་འཁོར་ཡང་མང་པར་གྲགས། ཁྱད་པར་དུ་ཕོ་བྲང་པོ་ཏ་ལ་ནི་ཕྱི་རྒྱལ་བོའི་ཕོ་བྲང་དང་། ནང་གཙུག་ལག་ཁང་། གསང་བ་བླ་མེད་ཀྱི་དཀྱིལ་འཁོར་གྱི་རྣམ་པར་བཞེངས། ས་ཆེན་གོང་མ་ན་རིམ་དང་། ཀུན་མཁྱེན་བུ་སྟོན་གྲུབ་ལ་སོགས་པའི་དཀྱིལ་འཁོར་ཆ་ཚང་བ་རེ་བཞེངས་པར་བརྟེན་བོད་ཁམས་ཡོངས་སུ་རྡུལ་ཚོན་དང་རས་བྲིས། ལོགས་བྲིས་སོགས་དཀྱིལ་འཁོར་བགྲང་ལས་འདས་པ་བཞེངས་དང་བཞེང་བ་ལྟར་དང་། ཁྱད་པར་དུ་རྗེ་ཐམས་ཅད་མཁྱེན་པས་དགའ་ལྡན་དུ་ཕྱག་ལེན་ཕྲ་ཞིབ་ཀྱིས་བདེ་གསང་ལ་སོགས་པའི་དཀྱིལ་འཁོར་དང་བློས་བསླངས་ངོ་མཚར་བ་བཞེངས་པའི་བཀའ་སྲོལ་ད་ལྟ་འཕེལ་བཞིན་པ་དང་། གཞན་རིན་པོ་ཆེའི་དཀྱིལ་འཁོར་དང་། གསེར་དངུལ། ཟངས། མུ་ཏིག ཙན་དན། སའི་རྒྱུ་སྣ་ཚོགས་ཀྱི་བསྒྲུབས་པའང་ཤིན་ཏུ་མང་བ་ཕལ་ཆེ་བ་དུས་དབང་གིས་འཇིག་ཀྱང་ད་ལྟའང་མངོན་དུ་གྱུར་བ་མང་བོ་ཞིག་བཞུགས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
坛城 轮圆 本尊坛城
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 ​དབྱེ་བ།

དཀྱིལ་འཁོར་ལ་དབྱེ་བ་ཕྱེས་ན་རིགས་མང་དུ་ཡོད་བློས་བསླངས་ཀྱི་དཀྱིལ་འཁོར། རྡུལ་ཚོན་གྱི་དཀྱིལ་འཁོར། རས་བྲིས་ཀྱི་དཀྱིལ་འཁོར། ལུས་དཀྱིལ་གྱི་དཀྱིལ་འཁོར། བསམ་གཏན་གྱི་དཀྱིལ་འཁོར་སོགས་ཡོད་པ་ལས་བློས་བསླངས་ཀྱི་དཀྱིལ་འཁོར་ནི་བསྒོམ་བྱའི་གཞས་ཡས་དང་ལྷ་ཚོགས་ཀྱི་འཛུགས་སྐྲུན་གྱི་བཀོད་པའི་ས་ཁྲ་ལངས་གཟུགས་ཅན་དང་མཚུངས་པ་ཡིན། དེ་སྔོན་བོད་དུ་གདན་ས་ཆེན་པོ་བཞི་དང་། ལྷ་ས་གཙུག་ལག་ཁང་དང་། སྐུ་འབུམ། བཀྲ་ཤིས་འཁྱིལ། ས་སྐྱ། ངམ་རིང་སོགས་དགོན་སྡེ་ཆེ་བ་ཕལ་ཆེ་བའི་ནང་དཀྱིལ་འཁོར་བློས་བསླངས་ཆེ་ཆུང་སྣ་ཚོགས་འཇིམ་པ་དང་ཤིང་ཙན་དན། གསེར་དངུལ་སོགས་ལས་བཞེངས་པ་མང་བོ་ཡོད་ཅིང་། དེང་སང་མཐོང་རྒྱུ་ཡོད་པ་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགོངས་རྫོགས་སུ་བཞེངས་བའི་དུས་འཁོར་བློས་བསླངས་དེང་སང་པོ་ཏཱ་ལ་ཕོ་བྲང་དམར་བོའི་དུས་འཁོར་ལྷ་ཁང་དུ་ཡོད་པ་དེ་དང་། ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་དགུང་ལོ་ཞེ་གཉིས་སུ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ས་སྦྲུལ(1749)ལོར་དབེན་ས་སྙན་རྒྱུད་དང་། སྨད་རྒྱུད། སྲད་རྒྱུད་པ་རྣམས་ཀྱི་བློས་བསླངས་ཕྱག་སྲོལ་རྣམས་གུང་བསྒྲིགས་ཐོག་དགའ་ལྡན་དུ་རྗེ་ཙོང་ཁ་བ་ཆེན་པོས་གསར་བཞེངས་གནང་བའི་གསང་བ་འདུས་པ་དང་། བདེ་མཆོག རྡོར་དབྱིངས་བཅས་ཀྱི་བློས་བསླངས། འབྲས་སྤུངས་སྔགས་ཁང་གི་བློས་བསླངས་བཅས་ལ་ཞིབ་གཟིགས་མཛད་དེ་རྒྱུ་གསེར་ཟངས་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཁྲ་བཏབ་པའི་བདེ་མཆོག་དང་། གསང་བ་འདུས་པ། འཇིགས་བྱེད་བཅས་ཀྱི་བློས་བསླངས་བཟོ་བཀོད་འགྲན་ཟླ་བྲལ་བ་རིམ་བཞིན་བཞེངས་གནང་མཛད་པ་སོགས་མང་དུ་མཆིས་པའོ།།

2 མཚོན་བྱ།

དཔལ་དུས་ཀྱི་འཁོར་ལོའི་རྟེན་གཞལ་ཡས་ཁང་གི་དག་པའམ་མཚོན་བྱ་ནི། ཚད་མེད་བཞི་རྣམས་ཀྱི་དག་པས་ནི་རྡོ་རྗེ་རྩ་ཐིག་བཞི། དྲན་པ་ཉེར་བཞག་བཞིའི་རྟོགས་རིགས་མཐར་ཐུག་པ་རྣམས་ཀྱི་དག་པས་སྐུའི་རྩིག་པའི་རྒྱ་ཚད་དང་དཔངས་ཚད་ཕྱིར་ཚད་མཉམ་དུ་བྱས་པའི་ཀུན་ནས་གྲུ་བཞི་བ། ཀུན་ཉོན་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགོག་བའི་ཡེ་ཤེས་ཀྱི་རྟོགས་རིགས་མཐར་ཐུག་པ་རྣམས་ཀྱི་དག་པ་ཡིས་དཀྱིལ་འཁོར་གསུམ་ག་བསྡོམས་པའི་སྒོ་ནི་བཅུ་གཉིས། ས་བཅུ་གཉིས་ཀྱི་རྟོགས་རིགས་མཐར་ཐུག་པ་རྣམས་དག་པས་དཀྱིལ་འཁོར་གསུམ་གའི་རྟ་བབས་མཛེས་པ་བཅུ་གཉིས། འཕགས་ལམ་ཡན་ལག་བརྒྱད་པོ་རྣམས་ཀྱི་རྟོགས་རིགས་མཐར་ཐུག་པ་རྣམས་ཀྱི་དག་པས་ཕྱོགས་བརྒྱད་དུ་ནི་དུར་ཁྲོད་བརྒྱད། སྟོང་ཉིད་བཅུ་དྲུག་རྟོགས་པའི་ཡེ་ཤེས་ཀྱི་རྟོགས་རིགས་མཐར་ཐུག་པ་རྣམས་ཀྱི་དག་པས་བདེ་ཆེན་འཁོར་ལོའི་ཀ་བ་བཅུ་དྲུག ཁམས་ལྔ་རྣམས་ཀྱི་དག་པས་ཀྱང་གཞལ་ཡས་ཁང་སྟེང་འོག་ཕྱི་ནང་ཀུན་ནས་བརྩེགས་པ་དང་། རྣམ་ཐར་བརྒྱད་ཀྱི་རྟོགས་རིགས་མཐར་ཐུག་པ་རྣམས་ཀྱི་དག་པས་སྒོ་ཁྱུད་བརྒྱད། གཟུགས་ཅན་བརྒྱད་དྲི་མས་དག་པ་རྣམས་ཀྱིས་སྒོ་འགྲམ་བརྒྱད། ཡོན་ཏན་བརྒྱད་དྲི་མས་དག་པ་རྣམས་ཀྱིས་སྒོ་ལོགས་བརྒྱད་དེ། སྒོ་འགྲམ་རྣམས་དང་ནི་སྒོ་ལོགས་རྣམས་ཉིད་ཀྱི་དག་པ་རྣམས་སོ།། ཕུང་བོ་ལྔས་མཚོན་པའི་ཁ་དོག་ལྔ་ནི་རྣམ་པར་སྦྱངས་པ་སྟེ་དག་པ་དང་། དག་པ་གསུམ་གྱི་རྟོགས་པ་མཐར་ཐུག་གི་དག་པས་ཐུགས་ཀྱི་ར་བ་གསུམ། དབང་བོ་ལྔ་རྣམས་ཀྱི་དག་པས་གསུང་གི་ར་བ་ལྔ་དང་། སྟོབས་ལྔ་རྣམས་ཀྱི་རྣམ་དག་གིས་སྐུའི་ར་བ་ལྔ་སྟེ། དེ་དག་ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ལ་དེ་ལྟར་སྦྱོར་དགོས་པའོ།། གཟུངས་རྣམས་ཀྱི་དག་པས་དཀྱིལ་འཁོར་གསུམ་ག་ལ་ཡོད་པའི་ཁ་ཁྱེར་ཞེས་བྱ་བ་སྟེགས་བུ་བཞི་ཚན་གསུམ་སྟེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པ་དག་པ་ཡིས་རིན་པོ་ཆེའི་སྣམ་བུ་རིན་པོ་ཆེའི་འཚར་བུ་རྣམ་པར་བཀྲ་བ་དང་། སྤྱོད་པས་བསྡུས་པ་དྲུག་དང་། རྟོགས་པས་བསྡུས་པ་དྲུག འཕྲིན་ལས་ཀྱིས་བསྡུས་པ་གསུམ། ཡེ་ཤེས་ཀྱིས་བསྡུས་པ་གསུམ་སྟེ་མ་འདྲེས་པའི་ཆོས་ནི་བཅོ་བརྒྱད་ཀྱི་དག་པས་དོ་ཤལ་དང་དོ་ཤལ་ཕྱེད་པ་དཀྱིལ་གསུམ་པོ་དེ་རྣམས་ལ་ཡོད་པ་ཉིད་དང་། དབང་བཅུ་བོ་རྣམས་ཀྱི་དག་པས་ཀྱང་བ་ཀུ་ལི་ཤར་བུ། དགེ་བ་བཅུ་དག་པས་ཀྲ་མ་ཤར་བུ་སྟེ་མདའ་ཡབ་ཀྱི་ཕྲེང་བ། རྣམ་ཐར་གྱི་དག་པས་དྲིལ་བུའི་སྒྲ་ནི་རྫོགས་པར་སྒྲོགས་པ། རྫུ་འཕྲུལ་གྱི་རྐང་བ་བཞི་དག་པས་མདའ་ཡབ་ཀྱི་བར་རྒྱལ་མཚན་སྣ་ཚོགས་པས་གཏམས་ཤིང་དཀྲིགས་པ། ཡང་དག་སྤོང་བ་བཞི་དག་པས་མེ་ལོང་འོད་རབ་ཏུ་འབར་བ། བྱང་ཆུང་ཡན་ལག་བདུན་གྱི་དག་པས་རྔ་ཡབ་སྣ་ཚོགས་གཡོ་བ། གསུང་རབ་ཡན་ལག་དགུ་ཡི་དག་པས་མེ་ཏོག་གི་ཕྲེང་བ་སྣ་ཚོགས་པས་བརྒྱན་པ། བསྡུ་བའི་དངོས་པོ་བཞི་བོ་རྣམས་ཀྱི་དག་པས་ནི་གཞལ་ཡས་ཁང་གི་ཟུར་དུ་སྣ་ཚོགས་རྡོ་རྗེས་བརྒྱན་པ། བདེན་པ་བཞིའི་དག་པས་རིན་ཆེན་བཞི་རྣམས་ཀྱིས་སྒོ་དང་སྒོ་ཁྱུད་མཚམས་སུ་སྤྲས་པ། མངོན་ཤེས་ལྔ་ཡི་དག་པས་རྟག་ཏུ་ནི་འོད་ཕྲེང་གི་ཟླུམ་སྐོར་ཆེན་པོ་ལྔ་ཡིས་བསྐོར་བ། སྐུ་བཞིའི་བདག་ཉིད་རྣམ་པ་ཀུན་མཁྱེན་བྱང་ཆུབ་པ་དག་པས་ཕྱི་རོལ་ཏུ་རྡོ་རྗེ་ཕྲེང་བས་ལེགས་པར་བསྐོར་བ། ཟག་མེད་ཀྱི་བདེ་བ་གཅིག་པུའི་རང་བཞིན་དུ་གནས་པ་དག་པས་ལྕགས་རི་ཡིས་བསྐོར་བ་སྟེ་ཁོར་ཡུག་ཏུ་རྡོ་རྗེའི་ཕྲེང་བ། ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེའི་མེ་ལྕེ་འབར་བས་བསྐོར་བ། ཤེས་རབ་དང་ཐབས་གཉིས་ཀྱི་ཆ་ཡི་དག་པས་ནི་ཟླ་བ་ནུབ་བཞིན་པ་དང་། ཉི་མ་རྟག་ཏུ་འཆར་བཞིན་པ། རྡོ་རྗེ་བཞི་དག་པ་ནི་སྐུ་དཀྱིལ་གྱི་རྟ་བབས་ཀྱི་ཆོས་ཀྱི་འཁོར་ལོ་དང་། བུམ་པ་ཆེན་པོ་དང་། རྔ་བོ་ཆེ་དང་། བྱང་ཆུབ་ཤིང་བཞི། ཡང་རྡོ་རྗེ་བཞི་བོ་དེ་དག་དག་པ་ནི་བདེ་ཆེན་གྱི་འཁོར་ལོའི་གྲྭ་བཞིར་གནས་པའི་ཡིད་བཞིན་ནོར་བུ། དཔག་བསམ་གྱི་ཤིང་། ཆོས་ཀྱི་གཎྜི། ཆོས་ཀྱི་དུང་རྣམས་ཏེ་དེ་ལྟར་ཤེད་པར་བྱའོ།།

3 ཕྱི་ནང་གི་ཁྱད་པར།

ཕྱིའི་དཀྱིལ་འཁོར་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་དང་རས་བྲིས་ཀྱི་དཀྱིལ་འཁོར། ནང་ལུས་ཀྱི་དཀྱིལ་འཁོར་བཅས་ཡིན། དེ་ཡང་བསྒོམ་བྱའི་དཀྱིལ་འཁོར་གྱི་གྲུབ་གཞི་ཕྱིའི་རྡུལ་ཚོན་དང་། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པ་ཡིན་པས་ན་ཕྱིའི་དཀྱིལ་འཁོར་བརྗོད་པ་དང་། ནང་ལུས་ཀྱི་དཀྱིལ་འཁོར་ནི་བསྒོམ་བྱའི་དཀྱིལ་འཁོར་གྱི་གྲུབ་གཞི་རང་གི་ལུས་ཀྱི་ཆ་ཤས་རྣམས་ལ་བརྟེན་ནས་གཞལ་ཡས་ཁང་དང་ལྷ་ཚོགས་རྣམས་བསྐྱེད་པ་ཡིན་པས་ན་ནང་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ཞེས་བརྗོད་པའོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-02

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།