ཞིག་པོ་བདུད་རྩི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་གསང་སྔགས་རྙིང་མའི་བླ་མ་མཚན་སྙན་ཤིན་ཏུ་ཆེ་བ་ཞིག་ཡིན་ཞིང་རབ་བྱུང་གསུམ་པའི་ནང་དུ་བྱོན། སྐུ་ན་ཆུང་དུས་ནས་ཞང་པོ་དམ་པ་སེ་སྦྲག་པའི་དྲུང་དུ་རྫོགས་ཆེན་རོང་ལུགས་ཀྱི་ཆོས་སྐོར་རྣམས་གསན་ཞིང་གཞན་དམ་པ་མང་པོའི་ཞབས་ལ་གཏུགས་ནས་གསན་སྦྱོང་དང་གདན་ས་སེ་སྦྲུག་ཏུ་སྒྲུབ་པ་ཉམས་ལེན་རྟག་ཏུ་གནང་པའི་མུར། ཡུལ་ཕྱོགས་སོ་སོར་ཕེབས་ཏེ་སྐལ་ལྡན་མང་པོའི་དོན་མཛད་པ། སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1149—1199)
ཡབ།
སངས་རྒྱས་དྭགས་ཆུང་།
གྲུབ་མཐའ།
རྙིང་མ་བ།
1 ངོ་སྤྲོད།

ཞིག་པོ་བདུད་རྩི་ནི་རབ་བྱུང་གསུམ་པའི་ས་སྦྲུལ་སྤྱི་ལོ1149ལོར་ཡབ་སངས་རྒྱས་དྭགས་ཆུང་གི་སྲས་སུ་སྐུ་འཁྲུངས། དགུང་ལོ་གཉིས་ཙམ་ནས་ཡབ་གཤེགས་ཏེ་ཡུམ་གྱིས་བསྐྱངས། ཆེར་སྐྱེས་པ་དང་གོས་བཅོས་པ་ཐམས་ཅད་ལམ་ཟན་པ་སྙིང་རྗེ་བ་ཞིག་ཡོད་པ་ལ་བྱིན། ཡུམ་གྱིས་འབར་བས་ཀྱང་མ་ཕན། ཞང་པོ་དམ་པ་སེ་སྦྲག་པའི་སར་ལོ་གསུམ་ཙམ་སློབ་གཉེར་གནང་ནས་རྫོགས་ཆེན་རོང་ལུགས་ཀྱི་ཆོས་སྐོར་རྣམས་གསན། ཁྱད་པར་སྒང་དྲིལ་མཁས་པར་མཁྱེན་ཞིང་གབ་ཕྱུང་ཡང་ལེགས་པར་ཐོས།

2 སློབ་གཉེར་མཛད་ཚུལ།

ཁོང་དགུང་ལོ་བཅུ་དྲུག་བཞེས་པའི་ཚེ་ཞིང་པོ་དམ་པ་སྐུ་གཤེགས་ནས་སྐྱི་མཁར་ལྷ་ཁང་པ་ཡོན་ཏན་གཟུངས་ཀྱི་ཞབས་ལ་གཏུགས།  དེར་ལོ་མང་བཞུགས་ནས་གསན་པ་བསྐྱེད་རྫོགས་གསུམ་ག་ལ་ཐུགས་ཐག་ཆོད་པ་མཛད། དེ་ནས་ཆོས་མགོ་ཐོན་ཏེ་གྲགས་པས་ཁྱབ་ཀྱང་དགུང་ལོ་སུམ་ཅུ་མན་ཆད་སློབ་གཉེར་མཛད་དེ་བླ་མ་ལྷ་ཁང་པའི་ཞབས་དྲུང་དུ་ལོ་བཅུ་བཞི་བཞུགས། བར་སྐབས་ཀུན་ཏུ་ཞང་པོའི་གདན་ས་སེ་སྦྲུག་ཏུ་བཞུགས་ཏེ་སྒོམ་སྒྲུབ་དང་བཤད་པ་བག་རེ་ཡང་མཛད། འུག་སྐད་དགོན་པ་དང༌། གཙང་དུ་སེ་སྦྲག་དང་ཆོས་སྡིངས་ལ་སོགས་པ་མང་དུ་བཟུང༌།

3 འགྲོ་དོན་མཛད་པ།

དེ་ལྟ་སྐུ་བསོད་རྒྱས་ཤིང་ཐུགས་དགོངས་ནམ་མཁའ་ལྟ་བུ་ལ་ཐུགས་རྗེའི་ཉི་མ་ཟླ་ལྟ་བུར་ཤར་ནས་སྙན་པའི་གྲགས་པས་ཕྱོགས་མཚན་ཐམས་ཅད་དུ་ཁྱབ་ཅིང༌། གདུལ་བྱའི་ཚོགས་བསམ་གྱིས་མི་ཁྱབ་པ་འདུས་ནས་བླ་མའི་ཞབས་ཏོག་དང་འགྲོ་བའི་དོན་རྒྱ་ཆེན་པོ་དཔག་ཏུ་མེད་པ་མཛད། སྐྱེས་བུ་ཆེན་པོ་འདིས་བྱང་ཕྱོགས་ཀྱི་རྒྱུད་གངས་རིའི་ཁྲོད་འདིར་ཡུལ་ཕྱོགས་ཐམས་ཅད་དུ་བྱོན་ནས་སྐྱེ་རྒུ་རྣམས་ཆོས་ལ་བསྒྱུར་ནས་ཐར་པའི་ལམ་ལ་བཀོད། གཞན་ཡང་བསྟན་པའི་བྱ་བ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང༌། གསོ་བ་དང༌། གཞན་དག་བཞེངས་པ་ལ་ཡོ་བྱད་གཏོང་བ་སོགས་དཔག་ཏུ་མེད་པ་མཛད། རྡོ་རྗེ་གདན་ལ་མཆོད་པ་ལན་གསུམ་བསྐྱལ་བ་དང༌། ལྷ་སའི་ཇོ་བོ་རྣམ་གཉིས་ཀྱི་ཞབས་ཏོག་ལན་བཞི་མཛད། ལྷ་སའི་རྡོ་རགས་ལན་བཞི་མཛད་པའི་ཕྱི་མར་སྐུ་གཤེགས། དེ་སྐབས་དགུང་ལོ་ལྔ་བཅུ་ང་གཅིག་པ་རབ་བྱུང་གསུམ་པའི་ས་ལུག་སྤྱི་ལོ1199ལོ་ཡིན།

4 བུ་སློབ།

བཙན་པོ་དང༌། དབོན་པོ། སློབ་མར་གྱུར་པ་རྣམས་ཀྱིས་སྐྱེས་བུ་ཆེན་པོ་འདིའི་གདན་སར་དགོངས་ནས་གཟད་ཐང་སྐྱའི་གཙུག་ལག་ཁང་བཞེངས་ཤིང༌། ཆོས་གསུངས་པ་དང་བཞུགས་སའི་གདན་ས་ཆེ་ཆུང་ཀུན་ཏུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངས་སོ། །ཞིག་པོ་ལ་སློབ་མ་མང་ཡང་ཐུགས་སྲས་སུ་གྱུར་པ་ནི། རྟ་སྟོན་ཇོ་ཡེས་དང༌། མ་ཧཱ་ལྷུན་པོ། མཁས་པ་ཇོ་མན། དབུས་པ་ཇོ་བསོད། བཟང་སྟོན་ཧོར་གྲགས། གཉོས་སྟོན་བླ་མ་དང་དྲུག་གོ །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-01

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།