སྟག་ལོའི་སྡེ་གཟར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྟག་ལོའི་སྡེ་གཟར་ཞེས་པ་ནི་སྤྱི་ལོ1434ལོར་སྤྱན་སྔ་རིན་པོ་ཆེ་སྐུ་གཤེགས་རྗེས་ཡང་ཡབ་ཀྱི་རང་ཉིད་སྡེ་སྲིད་ཀྱི་ཁྲི་ཐོག་ཡོང་རྒྱུའི་རེ་བ་གནང་བའི་མཛད་སྒོ་མ་ལེགས་པའི་རྐྱེན་གྱིས་འཁྲུག་རྩོད་རྒྱ་ཆེན་པོ་ལངས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
虎年大乱
འཁྲུགས་ལོ།
སྤྱི་ལོ1434ལོ།
ངོ་བོ།
སྲིད་དབང་འཕྲོག་རྩོད།
འཁྲུགས་རྐྱེན།
སྤྱན་སྔ་རིན་པོ་ཆེ་སྐུ་གཤེགས་རྗེས་ཡང་ཡབ་ཀྱི་རང་ཉིད་སྡེ་སྲིད་ཀྱི་ཁྲི་ཐོག་ཡོང་རྒྱུའི་རེ་བ་གནང་བའི་མཛད་སྒོ་མ་ལེགས་པ།
1 ​ནང་འགལ་འཁྲུག་རྩོད།

སྤྱིར་ཡུལ་སྡེ་གང་འདྲ་ཞིག་ཡིན་ཀྱང་མཐུན་སྒྲིལ་ནི་རྒྱལ་ཁ་ཐོབ་པའི་རྨང་གཞི་ཡིན་ལ།  ནང་འགལ་གྱི་འཁྲུག་རྩོད་ནི་སྡེ་བ་སྤྱིའི་དབང་ཤུགས་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་འཇིན་རྟེན་ན་ཡོངས་སུ་གྲགས།  བོད་ཀྱི་ལོ་རྒྱུས་ཐོག་དུས་རབས་རིམ་བྱུང་གི་སྲིད་དབང་ཉམས་རྒུད་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡང་ནང་འགལ་དང་ནང་འཁྲུག་ཁོ་ནས་བྱས་ཡོད།  དེ་ཡང་གཞུང་གི་བློན་ཆེན་ཁག་དང་།  ཡུལ་གྲུ་སོ་སོའི་སྡེ་དཔོན་ཁག་གིས་དབང་ཆ་ཕྲན་ཚེགས་ལ་དམིགས་ཏེ་ས་ཕྱོགས་དང་ས་ཕྱོགས་བར་འགལ་བ་སློང་བ་དང་།  ཆོས་ལུགས་གྲུབ་མཐའི་བར་དུ་འགལ་བ་བསླངས་ནས་དེ་དག་གི་སྟོབས་ཤུགས་བེད་སྤྱོད་བྱས་ཏེ་རང་གི་ས་ཁོངས་དང་དབང་ཆ་རྒྱ་བསྐྱེད་བྱས་ཡོད་པ་འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཆག་སྒོ་ཆེ་ཤོས་ཤིག་ཡིན་པ་ཀུན་གྱི་རྟོགས་འོས།  གནད་དོན་འདིས་བོད་ཀྱི་ཆབ་སྲིད་དང་།  དཔལ་འབྱོར།  དམག་དོན།  སློབ་གསོ་བཅས་ཀྱི་བྱ་བཞག་གོང་འཕེལ་འགྲོ་བའི་བཀག་རྡོ་གཙོ་བོ་ཞིག་ཏུ་གྱུར་ཡོད།  

དེས་ན་ཕག་གྲུ་སྡེ་སྲིད་ཀྱི་སྲིད་དབང་ཉམས་རྒུད་དུ་ཕྱིན་པ་ཡང་རྒྱུ་རྐྱེན་དེ་ལས་མ་འདས།  ཕག་གྲུ་དང་རིན་སྤུངས་པ་གཉེན་བསྲེས་པའི་ཐོག་མ་ནི་ཆེ་ས་སངས་རྒྱས་རྒྱལ་མཚན་གྱིས་རིན་སྤུངས་པའི་ལྕམ་མོ་ཀུན་དགའ་དཔལ་འཛོམས་ཁབ་ཏུ་བཞེས་པ་དེ་ཡིན་ཞིང་།  དེ་གཉིས་ཀྱི་སྲས་གྲགས་པ་འབྱུང་གནས་དགུང་ལོ་བཅུ་དགུ་པར་སྲིད་ཁྲིར་ཕེབས་སྐབས།  དྲུང་འཁོར་ནང་བློན་ཁག་གཅིག་གིས་སྲས་སྐུ་ན་ཆུང་བ་ལ་ཁ་གཡར་ནས་ཁྲི་ཐོག་ཏུ་ཡབ་ཆེ་ས་སངས་རྒྱས་རྒྱལ་མཚན་བཞུགས་དགོས་པའི་གྲོས་འགོ་བཏོན་ཀྱང་།  ཏྰ་སི་བྱང་ཆུབ་རྒྱལ་མཚན་གྱིས་རྩ་ཁྲིམས་ནང་དུ་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་མི་སྐྱ་ཕལ་བ་བཀོད་མི་ཆོག་པའི་གཏན་འབེབས་གནང་ཡོད་སྟབས།  སྤྱན་སྔ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་གྱི་ཞལ་ནས།  ཁྲི་ཐོག་ཏུ་བུ་ཆུང་ལས་འོས་མེད།  ཁྱིམ་པ་རྒད་པོ་ཞིག་གིས་ཁྲི་པ་མི་འོང་གསུངས་པ་བཞིན་རབ་བྱུང་བདུན་པའི་ཆུ་བྱ་སྤྱི་ལོ1432ལོར་སྲས་གྲགས་པ་འབྱུང་གནས་སྡེ་སྲིད་ཀྱི་ཁྲིར་འཁོད།

2 སྟག་ལོའི་སྡེ་གཟར་ཆེན་མོ།  

རབ་བྱུང་བདུན་པའི་ཤིང་སྟག་སྤྱི་ལོ1434ལོའི་ཟླ་བ་དང་པོའི་ཚེས་ཉེར་གཉིས་ཉིན་སྤྱན་སྔ་རིན་པོ་ཆེ་སྐུ་གཤེགས་རྗེས་ཡང་ཡབ་ཀྱི་རང་ཉིད་སྡེ་སྲིད་ཀྱི་ཁྲི་ཐོག་ཡོང་རྒྱུའི་རེ་བ་གནང་བའི་མཛད་སྒོ་མ་ལེགས་པའི་རྐྱེན་གྱིས་ནང་འཁྲུག་རྒྱ་ཆེན་པོ་ཞིགས་ལངས་པས།  ཡབ་ཆེ་ས་སངས་རྒྱས་རྒྱལ་མཚན་སྣེའུ་གདོང་དུ་བཞུགས་ཐབས་བྲལ་ནས།  ཡར་རྒྱབ་ཏུ་ཕེབས་ཏེ་ལོ་ངོ་བཅུ་གཅིག་ཙམ་བཞུགས་དགོས་བྱུང་བ་ལོ་རྒྱུས་དེབ་ཐེར་ཁག་ནས་གསལ་ཡང་།  སྐབས་དེར་ཕྱོགས་སོ་སོའི་འགོ་པ་གང་གིས་བྱས་པ།  བུ་རྟ་གང་བརླགས།  ཡུལ་དུས་གང་འཁྲུག་སོགས་ཀྱི་ཡིག་ཆ་ཁ་གསལ་བ་ཞིག་ད་ཕན་མ་མཐོང་།  སྡེ་འཁྲུག་འདི་ནི་སྟག་ལོའི་སྡེ་གཟར་ཞེས་འབོད་ཀྱི་ཡོད་ལ་ལོ་རྒྱུས་ཐོག་སྐད་གྲགས་ཆེ་ཤོས་ཀྱི་སྡེ་འཁྲུག་ཅིག་ཡིན་པར་མ་ཟད།  ཕག་མོ་གྲུ་པའི་སྲིད་དབང་ཡང་འདི་ནས་ཉམས་འགོ་ཚུགས།

འདིའི་སྐོར་ལ《དེབ་ཀུན་གསལ་མེ་ལོང》ལས།  ནང་འཁྲུག་དེ་ལ་བོད་ཀྱི་ལོ་རྒྱུས་མཁས་ཆེན་རྣམས་ཀྱིས་སྟག་ལོའི(1434)སྡེ་གཟར་ཆེན་པོ་ཟེར།  མཐར་ཡབ་སངས་རྒྱས་རྒྱལ་མཚན་དང་ཁོ་པའི་ཕྱོགས་ཁག་བཀའ་བློན་ཚོ་ཡར་རྒྱབ་ཏུ་བཏང་སྟེ་འཚོ་རྟེན་གཞིས་ཀ་འགའ་ཞིག་སྤྲད།  ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཅེས་པའི་དཔེ་ལྟར།  དུས་དེར་ཕག་གྲུའི་གདུང་རྒྱུད་སྣེའུ་གདོང་གི་སྲིད་དབང་འཛིན་མཁན་དང་།  ཞལ་ངོ་སོགས་གདན་ས་མཐིལ་དང་རྩེད་ཐང་གི་གདན་ས་འཛིན་མཁན་བཙུན་པ།  གདུང་རྒྱུད་ཁྱིམ་པ་བཅས་བར་འགལ་བ་ཆེས་ཆེར་ཕྱིན།  དབང་གྲགས་པ་འབྱུང་གནས་ཆོས་སྲིད་གཉིས་ཀའི་དབང་ཆ་བཟུང་བ་དེར་ཁ་གཡར་ནས་ཡབ་དང་གདུང་རྒྱུད་ཁྱིམ་པ་རྣམས་ཀྱིས་ངོ་རྒོལ་ཡང་ཡང་བྱས་པར་མ་ཟད།  ཕྱོགས་མཚུངས་གཙང་ཁུལ་གྱི་ཕག་གྲུའི་མངའ་འབངས་དཔོན་རིགས་ལ་ལས་རང་ཚུགས་སྒེར་བཙན་ཡོང་ཆེད་ཕག་གྲུར་ངོ་རྒོལ་བྱེད་འགོ་ཚུགས།  དེ་སྔ་ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚན་ལ་དཔོན་འབངས་དེ་རིགས་ཀྱིས་རྒྱབ་སྐྱོར་རོགས་རམ་བྱས་ཏེ་ས་སྐྱའི་ལག་ནས་སྲིད་དབང་འཕྲོག་པའི་དམིགས་ཡུལ་གཙོ་བོ་ནི།  སྲིད་དབང་ཐོབ་རྗེས་ཁོ་ཚོར་ས་ཁོངས་ས་ཞིང་དང་།  འབངས་འཁོར་གཡོག་དང་སྲིད་དབང་གོ་གནས་སོགས་སྔར་ལས་མང་བ་འཐོབ་པའི་ཆེད་དུ་ཡན།

འོན་ཀྱང་ཏཱ་སི་བྱང་ཆུབ་རྒྱལ་མཚན་ལ་སྲིད་དབང་ཐོབ་རྗེས་དབང་ཆ་གཅིག་སྡུད་ཆེ་བས་ཁོ་ཚིའི་དམིགས་ཡུལ་མངོན་དུ་འགྱུར་མ་ཐུབ་པས་ཕག་གྲུའི་གདུང་རྒྱུད་བར་འགལ་བ་བྱུང་བའི་གོ་སྐབས་དེ་དང་བསྟུན་ནས་ཝང་གྲགས་པ་འབྱུང་གནས་སོགས་ལ་ངོ་རྒོལ་བྱས། རབ་བྱུང་བདུན་པའི་ཤིང་ཡོས1435ལོར། ས་སྐྱའི་དཔོན་རིགས་ལ་ལས་སྐུལ་མ་བྱས་པའི་འོག་རིན་སྤུངས་པ་དོན་གྲུབ་རྡོ་རྗེས་གཞིས་ཀ་བསམ་འགྲུབ་རྩེ་བླངས། ཆབ་སྲིད་ཀྱི་ལྟེ་གནས་རིན་སྤུངས་ནས་གཞིས་རྩེར་སྤོས། གཙང་ཁུལ་གྱི་མི་དྲག་འགོ་པ་མང་པོས་རིན་སྤུངས་པའི་ཕྱོགས་སུ་ལངས་ནས་བོད་ཀྱི་སྲིད་དབང་གི་ལྟེ་གནས་དེ་སླར་ཡང་གཙང་ཁུལ་དུ་བྱེད་པའི་རེ་བ་བཅངས། དེ་ནས་བཟུང་ཕག་གྲུའི་དབང་སྒྱུར་གྱི་གོ་གནས་ཉམས་རྒུད་དུ་འགྲོ་བའི་འགོ་ཚུགས། ཞེས་འབྱུང་།

རིན་སྤུངས་པས་དབུས་སུ་དམག་དྲངས་པ་ཡང་ཞྭ་དམར་ཆོས་གྲགས་ཡེ་ཤེས་ཀྱིས་སྐུལ་མ་བྱས་ཚུལ་གསུངས་པ་དེ་དག་ནི་རང་ཕྱོགས་ཀྱི་གྲུབ་མཐའི་ཁ་འཛིན་ཙམ་དམུ་ཟད་པས། ཕྱི་རབས་གཞོན་ནུ་རྣམས་ཀྱིས་རང་གི་རིག་པས་ལན་བརྒྱར་དཔྱད་ནས་གོ་བ་ལེན་དགོས་སོ། ། རིན་སྤུངས་པས་དབང་ཆ་འཛིན་པ་ལ་ཟེར་འབྲས་དགེ་གསུམ་གྱིས་མ་རངས་ཏེ་བྱ་ཐབས་འགའ་ཞིག་སྤེལ་བའི་རྐྱེན་གྱིས། སྤྱི་ལོ1498ལོར་དཔོན་ཚབ་ཐེལ་གཏོང་གི་སྐབས་དེར་རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེས་ལྷ་སའི་སྨོན་ལམ་ཆེན་མོའི་ནང་དུ་སེར་འབྲས་དགེ་གསུམ་གྱི་དགེ་འདུན་པ་ཕེབས་མི་ཆོག་པ་བཟོས་ཏེ།  དེའི་ཚབ་ཏུ་ཉེ་སྐོར་གྱི་བཀའ་བརྒྱུད་པ་དང་། ས་སྐྱ་པའི་དགེ་འདུན་རྣམས་ཕེབས་དགོས་པ་སོགས་དབུས་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་གྲྭ་ཚང་རྣམས་ལ་མགོ་གནོན་ཅུང་ཟད་ཐེབས་འདུག  

དེ་རྗེས་སྡེ་སྲིད་དག་དབང་བཀྲ་ཤིས་གྲགས་པའི་སྲིད་དབང་སྐྱོང་སྐབས་སྤྱི་ལོ1518ལོར་སླར་ཡང་སེར་འབྲས་དགེ་གསུམ་གྱི་དགེ་འདུན་པ་ཚོགས་ཕེབས་གནང་རྒྱུ་སྔར་སྲོལ་བཞིན་བསྐྱར་གསོ་བྱས།  གནས་ཚུལ་འདི་ལ་བཀའ་དགེའི་འཁྲུག་པ་ཞེས་ཟེར་ཡང་། དོན་དུ་དབུས་གཙང་གི་དཔོན་རིགས་རྣམས་སྲིད་དབང་ལ་རྩོད་པའི་ཤུགས་རྐྱེན་གྱིད་དགོན་སྡེའི་གྲྭ་ཚང་བར་ཆགས་སྡང་གི་འཁྲུག་རྩོད་ཅུང་ཟད་རེ་བྱུང་ཡོད་ཀྱང་།  གཙོ་བོ་དབུས་གཙང་གི་དཔོན་རིགས་རྣམས་ཀྱིས་སོ་སོའི་དབང་ཤུགས་ལ་བརྟེན་ནས་རང་དང་འབྲེལ་བ་ཡོད་པའི་དགོན་སྡེ་ཁག་ལ་གུས་བཀརུ་དང་རོགས་སྐྱོར་གནང་གི་ཡོད་པ་དང་། རང་གི་ཁ་གཏད་དུ་གྱུར་པའི་དཔོན་རིགས་རྣམས་དང་འབྲེལ་བ་ཡོད་པའི་དགོན་སྡེ་ཁག་ལ་ཁ་གཏད་དང་མགོ་གནོན་བྱེད་གང་ཐུབ་བྱེད་ཀྱིན་ཡོད་པ་དེ་ནི་སྐབས་དེའི་དཔོན་རིགས་རྣམས་ཀྱི་སྲིད་དབང་འཕྲོག་རྩོད་ཀྱི་བྱ་ཐབས་ཤིག་ཡིན་པ་ལས།  ཆོས་ལུགས་གྲུབ་མཐུན་པའི་ཆོས་ཕྱོགས་ཀྱི་རྩོད་པ་གཏན་ནས་མིན་པ་ནི་གཟུར་གནས་མཁས་པ་རྣམས་ཀྱི་དགོངས་དབྱིངས་ན་བདེན་རྫུན་གྱི་གོ་མཚམས་གསལ་བ་སྨོས་ཅི་འཚལ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-12

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།