ནོར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ནོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཕྱུགས་རིགས།)

ནོར།
ནོར་ནག་ནི་མདོ་དབུས་མཐོ་སྒང་གི་ཁྱད་ནོར་ཞིག་ཡིན་ཞིང་འཛམ་གླིང་གི་ཡུལ་གཞན་གང་དུའང་མེད་པའི་གངས་ཅན་ལྗོངས་ལ་གནས་འཆའ་བའི་སྒོ་ཕྱུགས་ཁྱད་པར་བ་ཞིག་ཡིན་ལ། བོད་མིའི་འཚོ་རྟེན་གཙོ་བོ་དང་ཐོན་ཁུངས་ཀྱི་འབྱུང་རྩ་གཙོ་བོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
牦牛
ལ་ཏིང་གི་སྐད།
Bos mutus
ཕྱི་ཡིག་གི་མིང་།
wild yak
ཁམས།
སྲོག་ཆགས་ཁམས།
སྐོར།
འོ་འཐུང་སྐོར།
སྡེ།
རྨིག་པ་ཁ་དབྲག་སྡེ།
ཚན།
གླང་ཚན།
ཁོངས།
གླང་ཁོངས།
རིགས།
ནོར།
ཁྱབ་ཡུལ།
མདོ་དབུས་མཐོ་སྒང་།
1 ངོ་སྤྲོད།

QQ截图20160531132257.png.png

སྒོ་ཕྱུགས་ནོར་ནག་ནི་རྩྭ་གཟན་སྐྱུགས་ལྡད་བྱེད་པའི་སྲོག་ཆགས་ཤིག་ཡིན་ལ། རི་སྐྱེས་འབྲོང་ལ་སོགས་པ་གཡུང་ལ་ཕབ་ནས་བྱུང་བ་ཡིན། རྨིག་པ་ཁ་དབྲག་ཅན་ཡིན།  ནོར་ནག་གི་གཟུགས་གཞི་ཅུང་ཟད་ཆེ་བ་དང་མགོ་ན་རྭ་ཟུང་རྒྱས་པ་ནི་དགྲ་ལ་འཛིང་བྱེད་ཡིན། རྔ་མ་རིང་པོ་ཞིག་ཡོད་པ་ནི་རྟག་པར་ཕར་གཡུག་ཚུར་གཡུག་བྱས་ནས་སྦྲང་འབུ་སོགས་སྐྲོད་ཀྱི་ཡོད། ལུས་ཀྱི་སྤུ་མདོག་ནི་ཕལ་ཆེར་ནག་པོ་ཡིན་མོད། ནོར་དཀར་པོའང་ཡོད། དཔེར་ན་དཔའ་རིས་ཀྱི་ནོར་དཀར་ལྟ་བུ། རི་སྐྱེས་འབྲོང་ལས་གཟུགས་གཞི་ཆུང་།

ནོར་ནག་ནི་མདོ་དབུས་མཐོ་སྒང་གི་ཁྱད་ནོར་ཞིག་ཡིན་ཞིང་འཛམ་གླིང་གི་ཡུལ་གཞན་གང་དུའང་མེད་པའི་གངས་ཅན་ལྗོངས་ལ་གནས་འཆའ་བའི་སྒོ་ཕྱུགས་ཁྱད་པར་བ་ཞིག་ཡིན་ཞིང་། གདོད་མའི་དུས་ནས་བཟུང་རང་རེ་བོད་མིས་འདུལ་སྐྱོང་བྱས་ཏེ་ད་ལྟའི་བོད་མི་རིགས་ཀྱི་ཁྱད་ཆོས་ཀུན་ལྡན་གྱི་འབྲོག་ལས་ཐོན་སྐྱེད་ཀྱི་རྣམ་པ་འདི་གསར་གཏོད་བྱས་པ་ཡིན། ནོར་ནག་གི་མགོའི་རྭ་ནས་བཏང་བའི་ལྕི་བའི་བར་བཀོལ་མི་རུང་བ་གཅིག་ཀྱང་མེད་དེ། ཁུལ་རྩིད་དང་རྭ་ཅོ། རུས་པ་དང་ཤ་ཁྲག ཀོ་བ་དང་ཁོག་རྒྱུ་ལ་སོགས་པ་བོད་ཀྱི་འཚོ་རྟེན་ལ་མེད་དུ་མི་རུང་བའི་ཐོན་རྫས་གཙོ་བོ་དག་ཡིན།

2 སྐྱུག་ལྡད་སྲོག་ཆགས།

ནོར་གྱིས་རྩྭ་ཟ་དུས་ཐོག་མར་ལྡད་ཙམ་བྱས་ཏེ་འཁྱུར་མིད་བཏང་རྗེས་འབྲས་གྲོད་དང་དྲ་གྲོད་ནང་དུ་ཉར་ནས་མཉེན་མོ་བཟོ་བ་ལས་ཐད་ཀར་འཇུ་བར་མི་བྱེད་པ་ཡིན། དེ་ནས་ངལ་གསོ་རྒྱག་དུས་དྲ་གྲོད་ནང་གི་གཟན་ཕྱིར་ཁ་ནང་དུ་སྐྱུགས་ནས་ཡང་བསྐྱར་ལྡད་མུར་བྱས་ཏེ་ཞིབ་ཞིབ་བཟོས་རྗེས་མར་མིད་དེ་ཕོ་སུལ་དང་གཉེར་གྲོད་ནང་དུ་ཡོངས་སུ་འཇུ་བར་བྱེད་པ་རེད། ནོར་གྱི་སྣང་ཚུལ་དེ་ལ་སྐྱུགས་ལྡད་ཟེར་བ་དང་། ནོར་མ་གཏོགས་ར་ལུག་དང་ཤྭ་བ་དང་རྔ་མོང་སོགས་ལ་ཡང་སྐྱུག་ལྡད་བྱེད་སྲོལ་ཡོད་ལ། སྲོག་ཆགས་དེའི་རིགས་ལ་སྐྱུག་ལྡད་སྲོག་ཆགས་ཟེར།

སྐྱུག་ལྡད་བྱེད་པ་ནི་དེ་དག་གི་རི་སྐྱེས་མེས་པོའི་དགྲ་ལས་གཡོལ་བའི་ཐབས་ཤེས་ཤིག་ཡིན་པ་སྟེ། སྲོག་ཆགས་དེ་དག་ཟ་ཤུགས་ཆེ་བ་དང་དགྲ་མང་པོ་ཡོད་ལ་རང་སྲུང་གི་ནུས་པ་ཆུང་བར་བརྟེན། སྐྱུག་ལྡད་བྱས་པ་ཡིན་ན་དུས་ཡུན་ཐུང་ཙམ་གྱི་ནང་དུ་རྩྭ་འབོར་ཆེན་ཟ་ཐུབ་པ་དང་། དེ་ནས་བདེ་འཇགས་ཡིན་སར་བསྡད་དེ་ག་ལེར་ལྡད་མུར་བྱས་ཆོག་པར་བརྟེན། ལྟོ་བ་འགྲངས་ཐུབ་པས་མི་ཚད་དགྲ་ལས་ཀྱང་གཡོལ་ཐུབ་པའི་གོ་གཉིས་ཆོད་ཡིན་པ་དེ་ནི་འཚོ་གནས་ལ་བསྟུན་པའི་ཐབས་ཤེས་ཤིག་ཡིན།

3 མིང་འདོགས་ཚུལ།

སྤུ་མདོག་གི་ཁྱད་ཆོས་ལས་བཏགས་པའི་མིང་།

འབྲོག་པས་རང་གི་སྒོ་ཟོག་ནོར་གྱི་སྤུ་མདོག་ལ་བརྟེན་ནས་མིང་སྣ་ཚོགས་འདོགས་སྲིད་དེ་དཔེར་ན། སྤུ་རྟིང་ནག་པོ་དང་སྤུ་ཁ་སེར་པོ་ཡིན་པའི་གཡག་གམ་འབྲི་མོ་རྭ་ཅན་ལ་རྒྱ་རྒྱ་དང་རྭ་མེད་པ་ལ་རྒྱ་ཐོ། ལོ་ཚོད་ཀྱིས་དབྱེ་ནས་གཡག་ལ་རྒྱ་ལྡང་། འབྲུ་ལ་རྒྱ་ཆེན་མ། རྒྱ་ཆུང་མ་ལྟ་བུ། ཡང་ནོར་རྒྱ་རྒྱ་ཁའི་སྤུ་མདོག་སྐྱ་བོ་ལ་རྒྱ་སྐྱ་དང་རྒྱ་སྐྱ་མ། སྤུ་མདོག་རྒྱ་རྒྱའི་ནང་ལ་སྔོ་ཤ་ཅུང་འདྲེས་པ་ལ་རྒྱ་སེ། སྤུ་མདོག་རྒྱ་རྒྱའི་ནང་ལ་དཀར་པོའི་ཆ་ཅུང་འདྲིས་པ་ལ་རྒྱ་ཁྲ། སྤུ་མདོག་རྒྱ་རྒྱ་གདོང་ལ་དཀར་ཤ་ཅན་ལ་རྒྱ་གྭ་དང་། སྤུ་མདོག་རྒྱ་རྒྱ་གདོང་ལ་དཀར་ཐིག་ཅན་ལ་རྒྱ་འཛི། སྤུ་མདོག་རྒྱ་དམར་ཤས་ཆེ་བ་ལ་རྒྱ་དམར། སྤུ་མཐུག་ཅིང་རིང་བ་ལ་རྒྱ་སྟུག་མ་དང་རྒྱ་སྟུག་ལྟ་བུ།

སྤུ་མདོག་ནག་པོ་ལས་བཏགས་པའི་མིང་།

ནོར་གྱི་གཟུགས་གཞི་ཧྲིལ་པོའི་སྤུ་མདོག་ནག་པོ་ཅན་ལ་གཡག་རོག་རོག་དང་འབྲི་རོག་རོག་ལྟ་བུ། སྤུ་མདོག་ནག་པོ་ལ་སེར་ཤས་འདྲེས་པ་ལ་རོག་སེར་དང་རོག་སེར་མ། རོག་རོག་གདོང་ན་དཀར་ཤ་ཅན་ལ་རོག་གྭ་དང་གཡག་གྭ་ལོ་ཞིག་གམ་འབྲི་གྭ་ལོ་ཞེས་ཟེར། སྤུ་མདོག་ནག་པོ་གདོང་ལ་དཀར་ཐིག་ཅན་ལ་རོག་འཛི་དང་རོག་འཛི་མ། སྤུ་མདོག་རོག་རོག་ལ་དཀར་ཤས་དང་སྔོ་ཤས་ཅན་ལ་རོག་སེ་དང་རོག་སེ་མ་ཟེར། དེ་བཞིན་གྭ་གྭ་དང་རྒྱ་གྭ རོག་གྭ འཛི་འཛི། ཁམ་གྭ་དང་གྭ་གཟི། རྒྱ་གྭ་མ། རོག་གྭ་མ། ཁམ་གྭ་མ། གྭ་མདོང་མ། གྭ་ཁྲ་མ། གྭ་སེ་མ། སྔོ་གྭ་དང་སྔོ་གྭ་མ་སོགས་མང་ངོ་།།

སྤུ་མདོག་ལ་དཀར་ཐིག་འདྲེས་པ་ལས་བཏགས་པའི་མིང་།

གཡག་ཁྲ་ཁྲ་དང་གྭ་ཁྲ། འབྲི་ཁྲ་ཁྲ་དང་གྭ་ཁྲ་མ། འབྲུ་གཡག་ཁྲ་ནག་དང་རྒྱ་ཁྲ་དང་རྒྱ་ཁྲ་མ། རོག་ཁྲ་དང་རོག་ཁྲ་མ། ངང་ཁྲ་དང་ངང་ཁྲ་མ། སེ་ཁྲ་དང་སེ་ཁྲ་མ། ཁྲ་རིས་མ་དང་ཁྲ་དབོར་ན། སེ་ཁྲ་མ་དང་འཛི་ཁྲ་མ། ཧྲེ་ཁྲ་མ་དང་སྔོ་ཁྲ་མ་སོགས་མང་། གཞན་ད་དུང་ནོར་གྱི་ལུས་མི་འདྲ་བར་ཁ་དོག་མི་འདྲ་བ་ཡོད་པར་བལྟས་ནས་སོག་དཀར་མ་དང་གཡག་སོག་དཀར། སྙིང་དཀར་དང་སྙིང་དཀར་མ། སྔོ་ཧྲེ་མ་དང་ཁམ་ཧྲེ་མ། བྲ་དཀར་མ། དཔྱི་དཀར་མ་དང་དམུ་སྣ་མ། ཞོ་ཁ་མ་དང་སྟོད་དཀར་དང་སྟོད་དཀར་མ། སེ་ཆེན་དང་སེ་ཆུང་མ། རྔ་སྐྱ་མ་དང་རྔ་རིང་མ། རྔ་སེ་མ་དང་རྔ་ལོ་མ། རོག་རོག་རྔ་སྐྱ་དང་རྒྱ་རྒྱ་རྔ་སྐྱ་སོགས་མང་ངོ་།།

རྭ་ཅོའི་དབྱིབས་ལས་བཏགས་པའི་མིང་།

ནོར་གྱི་རྭ་ཅོའི་སྐྱེ་དབྱིབས་དང་ཁྱད་ཆོས་ལ་བརྟེན་ནས་མིང་འདོགས་པ་དཔེར་ན། རྭ་ཅོ་མདོང་མདོང་ཅན་རྭ་རྩེ་རྣོན་པོ་ཅན་ལ་གཡག་རྒྱ་མདོང་དང་རྒྱ་མདོང་མ། རོག་མདོང་དང་རོག་མདོང་མ། གྭ་མདོང་དང་གྭ་མདོང་མ། འཛི་མདོང་དང་འཛི་མདོང་མ་སོགས་མང་། ཡང་རྭ་ཅོའི་སྐྱེ་སྟངས་སྒོར་སྒོར་ཅན་ལ་ཁ་སྐད་ལས་དབོར་ཟེར་བས་རྒྱ་དབོར་དང་རྒྱ་དབོར་མ། རོག་དབོར་དང་རོག་དབོར་མ། ཡང་ན་རོག་གོར་མ། འཛི་དབོར་དང་འཛི་དབོར་མ། རྭ་དབོར་མ་སོགས་སུ་འབོད། ཡང་རྭ་ཅོའི་སྐྱེ་སྟངས་ཅུང་མི་ལེགས་པར་ཕར་འདའ་བའམ་གཡོན་ནས་ཡོད་པ་ལ་རྒྱ་འདའ་མ་དང་རྒྱ་འདའ། རོག་འདའ་མ། ཁྲ་འདའ་མ། རྭ་གཡོན་དང་རྭ་གཡོན་མ། རྭ་དྲུད་མ་ལྟ་བུ། ཡང་རྭ་ཅོ་ཆག་ནས་ཡོད་པ་ལ་རྭ་ཆག་དང་རྭ་ཆག་མ། རྭ་ལོ་དང་རྭ་ལོ་མ་ལྟ་བུ་སོགས་ཧ་ཅང་མང་། རྭ་ཅོ་མེད་པ་དང་སྐྱེས་སྣ་ཐུང་བ་ལ་སྤུ་ཁ་དང་སྐྱེས་གཟུགས་ཀྱི་སྟེང་དུ་ཐོ་དང་རིས་སྦྱར་བ་སྟེ། དཔེར་ན། རྒྱ་རིས་དང་རྒྱ་ཐོ། སྔོ་ཐོ་དང་སྔོ་རིས། ཁྲ་ཐོ་དང་ཁྲ་རིས། འཛི་རིས་དང་འཛི་ཐོ་ཞེས་འདོགས་པ་ཡིན།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-07

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།