- སྲོག་ཆགས།
- དག་ཡིག
ར་མ་ནི་གཟུགས་གཞི་ལུག་ལས་ཆུང་ཞིང་སྤུ་གྲ་མ་ལྟ་བུ་རྩུབ་ཅིང་ཕྲ་ལ་རིང་བ་མདོག་སྐྱ་བོ་དང་། སྔོ་ནག་ཁམ་སྐྱ། ནག་པོ་སོགས་མ་ངེས་བ་མཆིས་ཤིང་། རྭ་ཕྲ་ལ་རིང་བར་ཉག་ཕྲན་དྲང་པོར་སྐྱེ་བ་རྩེ་རྣོན་པོ་ཡོད། དེ་ཡང་ཕོ་ལ་ར་ཕོ་དང་མོ་ལ་ར་མོ་ཟེར་ཞིང་། ར་ཐུག་ཅེས་འབྲས་བུ་མ་ཕྱུང་བའི་ར་ཕོ་སྟེ་རྒྱུད་སྤེལ་བྱེད་ཡིན། དེ་མིན་རྒྱ་ར་ཞེས་ཤིན་ཅང་སོགས་ནས་བྱུང་བའི་གཟུགས་ཕྲ་ལ་འོ་མ་བཟང་པོ་ཡོད། རྒྱུན་དུ་འཚོ་གནས་བྱེད་ཡུལ་ལུག་དང་མཚུངས་ཤིང་། མིའི་འཚོ་བར་མཁོ་བས་ཞིང་འབྲོག་ས་ཁུལ་ཕལ་ཆེ་བར་གསོ་ཉར་བྱེད་ཀྱི་ཡོད། དེའི་སྤུའི་རྟིང་པའི་གསེབ་དང་སྐེ་ཨོག་མ་སོགས་ལ་མཁོ་བས་རིན་གོང་ཆེ་ཙམ་ཡོད། །
སྨན་ལ་མཆིན་པ་དང་། ཁྲག ཀླད་པ། ཐུག་པོའི་རྨིངས་སྤུ། ཤ འོ་མ། མཆེར་བ། པགས་པ། རིལ་མ། དྲི་ཆུ། ར་དཀར་པོའི་རྭ། དཔྱི་རུས། སློ། མཁྲིས་པ། ཚིལ། འབྲས་བུ་སོགས་དགོས་ཤིང་། མཆིན་པ་དང་ཁྲག་ཤ། མཁྲིས་པ་དཔྱི་རུས་མཚེར་བ་བཅས་བསིལ་སར་མ་རུལ་བར་སྐམ་ནས་གསར་པ་སྤྱོད་དགོས། ཀླད་པ་མི་རུལ་བའི་ཆེད་རིགས་མཐུན་སྨན་དང་བསྲེས་ནས་སྐམ་པའམ་ཡང་ན་སྐབས་ཕྲལ་སྤྱོད་པ། རྨོངས་སྤུ་གཞོབ་བསྲེགས་བཏང་ནས་སྤྱོད་དགོས། འོ་མ་ནི་ལྷག་ཙམ་སྐོལ་ནས་སྐབས་ཕྲལ་སྤྱོད་རྒྱུ། སློ་ལ་དུག་འདོན་བྱེད་མི་དགོས་པར་ལུམས་ནང་སྤྱོད་པ། རྭ་རྩི་ཧྲོག་བསྲེགས་ནས་སྤྱོད་རྒྱུ། འབྲས་བུ་ར་འོའི་ནང་བཙོས་ནས་འོ་མ་རང་འཐིམ་བྱས་ཏེ་སྐམ་ནས་སྤྱོད་དགོས། པགས་པ་སྐབས་ཕྲལ་རློན་པར་སྤྱོད་དགོས་སོ། །
མཆིན་པ་དང་ཁྲག་དཔྱི་རུས་ཐུག་འབྲས་འོ་མ་པགས་པ་རྣམས་རོ་མངར་བ་དང་། ཞུ་རྗེས་མངར་བ། ནུས་པ་བསིལ་བ། སློ་རོ་ཚ་བ་དང་། ཞུ་རྗེས་ཁ་བ། ནུས་པ་ཅུང་དྲོ་བ། མཁྲིས་པ་རོ་ཁ་བ། ནུས་པ་བསིལ་ལ་རྣོ་བ། རྭ་རོ་ལན་ཚྭ་བ་དང་། ཞུ་རྗེས་ཁ་བ། ནུས་པ་དྲོ་བའོ།།
(1)མཆིན་པ་མིག་ནད་སེལ་ལ་སྲིན་གསོད་པར་བྱེད། (2)མཁྲིས་པས་སྲིན་གསོད་ཅིང་དུག་ནད་ཚིགས་ལ་བྱེར་བ་སེལ། (3)མཆེར་པས་བྱིས་པའི་ཁ་ལྐུགས་འབྱེད་པ་དང་མཆེར་ནད་སེལ་བར་བྱེད། (4)རུས་པས་མདེའུ་འབྱིན་ཞིང་རུས་འཛེར་འདོན་པར་བྱེད།དཔྱི་རུས་བསྲེགས་ཐལ་གྱིས་གག་པ་སེལ། (5)ཚིལ་བུས་སྲིན་ནད་དང་རེག་དུག་གི་རྨ་ལ་ཕན། (6)ཀླད་པས་ཆུ་རྒྱུས་ཆད་པ་གསོ་བར་བྱེད། (7)ར་ལྤགས་རློན་པས་སྲིན་དང་རེག་དུག་སེལ། (8)ཐུག་གི་རྨོངས་སྤུས་ལྷོག་པའི་ནད་འཛོམས་ཤིང་ཐེའུ་རང་སྲུང་བར་བྱེད། (9)ར་སྤུས་རྨ་རེད་འདུལ་ཞིང་ཨོག་ཚོམ་བདུག་པས་དམུ་མུའི་ནད་བདག་སྐྲོད། (10)རིལ་མའི་ལུམས་ཀྱིས་མཛེ་ནད་དང་དུག་ནད་སེལ།(11)ར་ཁྲག་གང་རུང་གིས་རེག་དུག་དང་འབྲུམ་ནད་འཇོམས་པར་བྱེད། (12)ཤ་ཡིས་ག་ཚོད་ནད་སེལ་ལ་འབྲས་ནད་འཇོམས་པར་བྱེད། (13)ར་ཐུག་གི་དྲི་ཆུས་སྣ་ནད་སེལ། (14)འབྲས་བུས་རོ་ཙ་འཕེལ། (15)འོ་མས་རིམས་ནད་དང་། དབུགས་མི་བདེ་བ། ཁྲག་མཁྲིས་པ། ཚ་བའི་ནད་སོགས་སེལ་བ་དང་། དངུལ་ཆུ་བཙོ་བཀྲུ་ཆེན་མོ་བཟོ་སྐབས་བསྲེགས་རྫས་ཀྱི་ཁུ་བ་ལའང་དགོས་སོ།།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2016-07-05
གསར་སྤེལ་མཁན། :འཕགས་མོ་སྐྱིད།