ཨོའུ་ཝུན་སི།

ཅེ་ཞི་ཨོའུ་ཝུན་སི་ནི་ཨ་རིའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་ཞིག་ཡིན་ཞིང་། ཁོང་སྤྱི་ལོ1913ལོའི་ཟླ9བའི་ཚེས12ཉིན་ཨ་རིའི་ལྷོ་ཕྱོགས་ཨ་ལ་པ་མ་ཀྲོའུ་རུ་མི་ནག་བྲན་གཡོག་ཞིག་གི་ཁྱིམ་དུ་སྐྱེས་ལ། སྤྱི་ལོ1980ལོའི་ཟླ3པའི་ཚེས31ཉིན་ཨ་རིའི་ཡ་ལི་སང་ན་ཀྲོའུ་རུ་སྐུ་གཤེགས། ཁོང་ཆུང་དུས་ནས་སྐྱུ་རུའི་སྤོ་ལོ་དང་རྐང་གྲུག་ལ་ཤིན་ཏུ་མཉེས། ཁོང་ནི་དེང་རབས་ཨོ་རྩལ་འགྲན་ཚོགས་ལོ་རྒྱུས་སྟེང་ཆེས་རླབས་ཆེ་བའི་ལུས་རྩལ་བ་ཞིག་ཡིན་ལ། “དུས་རབས་འདིའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་བ་རྩེ་ཕུད”ཅེས་པའི་མཚན་ལྡན་ཡོད།
སྤྱི་ལོ1933ལོའི་འབྲིང་རིམ་སློབ་མའི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་འགྲན་སྡུར་དུ་ཁོང་གིས་སྨི100ཅན་གྱི་འཛམ་གླིང་ཟིན་ཐོ་གཏོར་ཞིང་། སྤྱི་ལོ1935ལོའི་ཨན་ཨ་པའོ་ཨ་རིའི་རྒྱལ་ཡོངས་སློབ་ཆེན་གྱི་ལུས་རྩལ་འགྲན་ཚོགས་སུ་ཁོང་གིས་སྐར་མ45ཡི་ནང་དུ་ཐེངས་ལྔ་ལ་འཛམ་གླིང་ཟིན་ཐོ་རྣམ་གྲངས་བཞི་བརྒལ་བས་གྲགས་པས་ཁྱབ། སྤྱི་ལོ1936ལོའི་སྐབས་བཅུ་གཅིག་པའི་ཨོ་རྩལ་འགྲན་ཚོགས་སུ་ཁོས་ལྟད་མོ་བ་ཁྲི་ཚོ11གི་མདུན་ནས་སྨི100ཅན་དང་སྨི200ཅན། རྒྱང་མཆོང་། 4×100སྨི་ཅན་གྱི་མཐུད་རྒྱུག་བཅས་རྣམ་གྲངས་བཞིའི་གསེར་གྱི་རྟགས་མ་བླངས་བ་དང་། ལྷག་པར་མཐོ་མཆོང་འགྲན་སྡུར་དུ་ཁོས་ཤེ་ཐི་ལིའི་མདུན་ནས་འཇར་མན་གྱི་ལུས་རྩལ་བ་ཕམ་པར་བཏང་ནས་གསེར་གྱི་རྟགས་མ་བླངས། སྐབས་བཅུ་གཅིག་པའི་ཨོ་རྩལ་འགྲན་ཚོགས་ཀྱི་རྗེས་སུ་འཚོ་བའི་དབང་གིས་ཁྱི་དང་རྟ་སོགས་ལའང་འགྲན་སྡུར་བྱས་མྱོང་། ཁོང་སྤྱི་ལོ1937ལོར་སློབ་ཆེན་མཐར་ཕྱིན་པ་དང་། སྤྱི་ལོ1955ལོར་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལུས་རྩལ་དབུ་འཛིན་ཆེན་མོའི་འགན་བཞེས། སྤྱི་ལོ1976ལོར་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཁོང་ལ་དངུལ་གྱི་ཨོ་ལིན་ཕིག་གཟེངས་རྟགས་གནང་། ཁོང་གླིང་ལྔའི་ལུས་རྩལ་སྙན་སྒྲོན་མང་བོས་དུས་རབས20བའི་ཆེས་ཕུལ་དུ་བྱུང་བའི་ལུས་རྩལ་པར་བདམས་པ་དང་། ཨ་རིའི་ལུས་རྩལ་ལས་ཁུངས་ཀྱིས་ཁོང་ལ་རྗེས་དྲན་བྱ་བའི་ཆེད་དུ“ཅེ་ཞི་ཨོའུ་ཝུན་སི་རྟགས་མ”ཞེས་པའི་གཟེངས་རྟགས་གསར་འཛུགས་བྱས་ཤིང་། གཟེངས་རྟགས་དེ་ལུས་རྩལ་འགྲན་སྡུར་ཁྲོད་ཀྱི་ཆེས་ཕུལ་དུ་བྱུང་བའི་མི་སྣར་གནང་རྒྱུ་བྱས། སྤྱི་ལོ1996ལོའི་ཟླ6པར་རྒྱལ་སྤྱིའི་ལུས་རྩལ་གསར་འགོད་པའི་མཐུན་ཚོགས་དབུ་བརྙེས་ནས་ལོ་འཁོར75འགོར་བའི་རྗེས་དྲན་བྱ་འགུལ་ཁྲོད། ཁོང“དུས་རབས20བའི་ཕུལ་བྱུང་ལུས་རྩལ་བ25” ཡི་གྲས་སུ་བདམས་པ་ཡིན།