ཚན་རིག་རང་བཞིན་གྱི་བསམ་གཞིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚན་རིག་གི་བསམ་གཞིགས་ལ་རྣམ་པ་བཞི་ཡོད་དེ། སྤྱི་ཁྱབ་རང་བཞིན་གྱི་བསམ་གཞིགས་དང་། བྱེ་བྲག་རང་བཞིན་གྱི་བསམ་གཞིགས་དང་། མཉམ་འབྲེལ་རང་བཞིན་གྱི་བསམ་གཞིགས་དང་མུ་འབྲེལ་རང་བཞིན་གྱི་བསམ་གཞིགས་བཅས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
科学性思维
1 གོ་དོན།

ཚན་རིག་གི་བསམ་གཞིགས་ནི་སྤྱི་མཚན་གྱི་བསམ་གཞིགས་ཤིག་དང་ཚན་རིག་མ་ཡིན་པའི་བསམ་གཞིགས་ནི་དེ་ལས་ལྡོག་སྟེ་བྱ་དངོས་བྱེ་བྲག་ལ་འཇུག་པའི་བསམ་གཞིགས་རགས་པ་ཞིག་གོ། ཚན་རིག་གི་བསམ་གཞིགས་ཀྱིས་དོན་སྤྱི་ལ་གཞོལ་ཕྱིར་ལྟ་བའི་མཐོང་ཡངས་ཤིང་ཁེབས་ཆེ་ལ། གཏན་ཚིགས་སུ་གྲུབ་ཀྱང་། བསམ་གཞིགས་རགས་པ(具象性思维)ནི་ཤེས་པའི་རྒྱ་ཆུང་ཞིང་ཕུགས་དོག་ལ། རིགས་པའི་གཏིང་མ་ཆོད་ཅིང་། གཏན་ཚིགས་སུ་བགྲང་པའང་གནས་ལུགས་ལས་ལྟོས་བཅས་ཀྱི་བདེན་ལུགས་མིན། མཚན་ཉིད་རིག་པ་དང་རྩིས་རིག་ནི་སྤྱི་མཚན་གྱི་རིགས་པར་བརྟེན་ཏེ། མཚན་ཉིད་རིག་པར་ངོ་བོ་གཏན་འབེབས་ཀྱི་རང་བཞིན་དང་རྩིས་རིག་ལ་གྲངས་ཚད་གཏན་འཁེལ་གྱི་རང་བཞིན་ཡོད་ཅིང་། རིག་པ་དེ་གཉིས་ཟུང་སྦྲེལ་གྱི་བསམ་གཞིགས་ལ་སྤྱི་མཚན་གྱི་ཁྱད་ཆོས་ཡོད་སྟབས་སྐད་ཆའི་རང་བཞིན་རྐྱང་བ་ལས་གྲུབ་པའི་བསམ་གཞིགས་རགས་པ་ལས་ཡང་དག་གོ།

2 སྤྱི་ཁྱབ་རང་བཞིན་གྱི་བསམ་གཞིགས།

ཚན་རིག་གི་སྤྱི་ཁྱབ་རང་བཞིན་གྱི་བསམ་གཞིགས་ཞེས་པ་ནི་མཚན་ཉིད་རིག་པའི་ཤེས་རྟོགས་སམ་རྩ་བའི་ལྟ་གྲུབ་དེ་གང་ཟག་ཕལ་མོ་ཆེས་མྱོང་ཡུལ་དུ་གྲུབ་པའི་དོན་དངོས་དང་ཚན་རིག་གི་སྣང་ཚུལ་ཐུན་མོང་བའམ། ཚན་རིག་གི་གཞུང་དངོས་དང་སྦྲེལ་ཏེ་མཚན་ཉིད་རིག་པའི་ལྟ་བར་མ་འགལ་བའི་ལྟོས་བཅས་ཀྱི་བློ་ཞིག་འབྱུང་བ་དེར་ངོས་འཛིན་ནོ།།

སྤྱིར་བཏང་གི་བདེན་པ

སྤྱིར་བཏང་གི་བདེན་པ(一般性的事实)ཞེས་པ་ནི་ཐུན་མོང་གི་ཁྱད་ཆོས་ལྡན་པའི་དོན་དངོས་བྱེ་བྲག་པ་མང་པོའི་སྤྱིར་བཏང་ངམ་ཐུན་མོང་གི་ངོ་བོར་ངོས་འཛིན་དགོས་ཏེ། བདེན་པ་བྱེ་བྲག་པས་དོན་སྤྱིར་གཞོལ་ལ། འཇིག་རྟེན་གྱི་ཁམས་འདིར་སྤྱིར་བཏང་གི་བདེན་པ་རྨང་ལ་བཞག་སྟེ་གསར་དུ་ཐོབ་པའི་མྱོང་བ་དང་མཚན་ཉིད་རིག་པའི་ལྟ་གྲུབ་མང་པོ་ཞིག་སྤྱི་ཁྱབ་བསམ་གཞིགས་ཀྱི་གྲས་སུ་ཚུད་དེ། དཔེར་མཚོན་ན་ཀྲུང་གོའི་གནའ་བའི་བསམ་བློ་བ་ཚོས་ཤེས་རྟོགས་བྱུང་བའི་མཚན་ཉིད་རིག་པའི་ལྟ་བ་དང་གསུང་བཤད་མང་པོ་ཞིག་བསམ་གཞིགས་འདི་རིགས་ཡིན་ལ། གཙོ་སྒྲུབ་རིགས་པས་སྤྱིར་བཏང་གི་བདེན་པའི་མྱོང་ཡུལ་དུ་མ་གྱུར་བའི་རྩ་བའི་བློ་གྲོས་མང་པོ་ཞིག་སྔོག་འདོན་བྱས་ཏེ་རྩལ་དུ་བཏོན་པ་དང་། རང་བྱུང་ཚན་རིག་གི་གཞུང་ལུགས་མཚན་ཉིད་རིག་པའི་བསམ་གཞིགས་སུ་བསྒྱུར་བའང་བསམ་གཞིགས་དེ་ག་ཉིད་ཡིན། མདོར་ན་སྤྱི་ཁྱབ་ཀྱི་བསམ་གཞིགས་ཞེས་པ་ནི་བྱེ་བྲག་གི་བརྗོད་བྱ་ཡོད་པའི་མཚན་ཉིད་རིག་པའི་ལྟ་བ་ཞིག་གོ།

3 བྱེ་བྲག་རང་བཞིན་གྱི་བསམ་གཞིགས།

ཚན་རིག་གི་བྱེ་བྲག་རང་བཞིན་གྱི་བསམ་གཞིགས་ཞེས་པ་ནི་རྩིས་རིག་གི་ཐབས་སམ་རྩིས་རིག་གི་གཞུང་ལུགས་དེ(ཚོགས་རིག(群论)གི་རྩིས་རིག་གི་གཞུང་ལུགས་དང་ལི་མན་གྱི་དབྱིབས་རྩིས(黎曼几何) ལྟ་བུའི་རྩིས་རིག་གི་མ་ལག)བདེན་པ་བྱེ་བྲག་པའམ་ཡང་ན་ཚོད་ལྟའི་སྣང་ཚུལ་ལམ་འགྲོ་ལུགས་དང་མཉམ་སྦྲེལ་གྱིས་གྲུབ་པའི་རྩིས་རིག་རང་བཞིན་གྱི་ཚན་རིག་གི་ཐབས་ཤིག་གོ།

བདེན་པ་བྱེ་བྲག་པ།

བདེན་པ་བྱེ་བྲག་པ་ཞེས་པ་ནི་དཔེ་གཞི་ལ་གོ་སྟེ། ཚད་དུ་བགྲང་ནུས་པའི་རྨང་གཞིའི་སྣང་ཚུལ་ཞིག་གོ ། སྤྱིར་བཏང་གི་བདེན་པས་དོན་སྤྱི་དང་སྤྱི་མཚན་གྱི་ངོ་བོ་ལ་གཞོལ་བས་ཚད་གཞལ་དཀའ་སྟེ། ཉུའུ་ཏུན་གྱིས་ཕྲ་བའི་རྩི་ཐབས(微积分) ལ་བརྟེན་ནས་ཤུགས་རིག་པའི་སྣང་ཚུལ་བློར་ཆུད་དེ་ཉུའུ་ཏུན་ཆོས་ཉིད་བཏོན་ཞིང་། མའེ་ཀེ་སི་ཝེ་ཡིས་ཕྲ་བའི་རྩི་ཐབས་ཀྱིས་ཧྥ་ལ་དྷིའི་མྱོང་བ་རྟོགས་ཏེ་མའེ་ཁུ་སི་ཝེའི་རྩིས་ཕྲེང་(麦克斯韦方程)བཟོས། དེ་བཞིན་དུ་ཨའེ་ཡིན་སེ་ཐན་གྱིས་ལི་མན་དབྱིབས་རྩིས་ཀྱིས་ཁྱག་འཁྱོག་གི་དུས་དང་བར་སྟོང་གི་འབྲེལ་བ་བཀྲལ་ནས་ལྟོས་བཅས་སྨྲ་བ་གསར་དུ་བཏོད་ལ། འདི་དག་ཚང་མ་བྱེ་བྲག་གི་བསམ་གཞིགས་ལ་བརྟེན་པ་ཤ་སྟག་ཡིན། མདོར་ན་བྱེ་བྲག་རང་བཞིན་གྱི་བསམ་གཞིགས་ཀྱིས་གྲངས་ཚད་ལོང་བའི་བདེན་པ་ལ་རྩིས་རིག་གི་འབྲེལ་བ་བཟོའོ།།

4 མཉམ་སྦྲེལ་རང་བཞིན་གྱི་བསམ་གཞིགས།

མཉམ་སྦྲེལ་རང་བཞིན་གྱི་བསམ་གཞིགས་ཞེས་པ་ནི་འབྲེལ་མེད་ཀྱི་བྱ་དངོས་བར་ལ་མཚུངས་ཆ་འཚོལ་བའི་རིགས་པ་ཞིག་སྟེ་ཕྱོགས་མཚུངས་ཀྱི་བསམ་གཞིགས (类比思维)ལ་གོ།

ཕྱོགས་མཚུངས་ཀྱི་བསམ་གཞིགས།

ཕྱོགས་མཚུངས་ཀྱི་བསམ་གཞིགས་ཞེས་པ་ནི་འབྲེལ་བ་མེད་པའམ་བར་ཁྱད་མངོན་གསལ་དུ་ཡོད་པའི་བྱ་དངོས་བར་ལ་འབྲེལ་བ་འཚོལ་བའི་བསམ་བློ་གཏོང་སྟངས་ཤིག་ཡིན་ལ། ཁྱད་པར་ཆེ་ཞིང་འབྲེལ་བ་མེད་པའི་བྱ་དངོས་བར་ལ་རྒྱུན་མཐུད་བྱེད་ཅིག་མེད་དེ། དཔེར་ན། Aམ་ལག་ལa b c dབཞི་ཡི་རང་ཆོས་ཡོད་པ་དང་། Cམ་ལག་ལa* b* c* d*་བཞི་ཡི་རང་ཆོས་ཡོད་པར། ང་ཚོསAདངCཡི་ཁྱད་ཆོས་རྣམས་ཕྱོགས་གཅིག་ཏུ་བཞག་ནས་བསྡུར་བ་བྱས་ཚེ། མ་ལག་དེ་གཉིས་རྒྱུན་མཐུད་ནུས་པའི་གྲུབ་ཆ་གང་ཡང་མེད། ཕྱོགས་མཚུངས་ཀྱི་བསམ་གཞིགས་ལ་གཙོ་སྒྲུབ་ཆ་མཚུངས་པའི་བསམ་གཞིགས(辩证对应思维)ཟེར་ལ། དེ་ནི་གཙོ་སྒྲུབ་ཀྱི་མཛེས་ཉམས་དང་ཟུང་དུ་སྦྲེལ་ཞིང་ཆ་འཕྲིན་བརྗེ་རེས་བྱ་བའི་བསམ་གཞིགས་ཤིག་སྟེ། རིགས་པའི་ཁུངས་བཅོལ་ས་ནི་བྱ་དངོས་མཐའ་དག་ལ་ངོ་བོ་གཉིས་ལྡན་གྱི་འགལ་བ་གྲུབ་པའི་ལྟ་བ་ཡིན། འགལ་བའི་ཕྱོགས་གཉིས་ལ་ཆ་མཚུངས་པའི་རང་བཞིན་ཡོད་ལ། རང་བཞིན་དེ་རིགས་ལ་སྤྱི་ཆོས་དང་ཕྲལ་དུ་མེད་པའི་ངོ་བ་གཉིས་ཡོད། འགལ་བའི་ཕྱོགས་གཉིས་ཀྱི་ཁ་གཏད་ཀྱི་གྲུབ་ཆ་ཕན་ཚུན་བར་གྱི་ཕྲད་མེད་ཀྱི་ངོ་བོ་ལ་ཀུན་གསལ་གྱི་རང་བཞིན་ནམ། འོད་འཕྲོའི་རང་བཞིན་ཟེར་ལ། མཛེས་ཉམས་རིག་པའི་ངོས་ནས་སྙོམ་བཀོད་རང་བཞིན་ཟེར། མདོར་ན་གཙོ་སྒྲུབ་ཆ་མཚུངས་པའི་བསམ་གཞིགས་ཞེས་པ་ནི་བྱ་དངོས་ཀྱི་འགལ་བའི་ཕྱོགས་གཉིས་ཀྱི་ཁ་གཏད་རང་བཞིན་ངོས་བཟུང་རྗེས། བློའི་ཡུལ་དུ་ཤོང་སླ་བའི་འགལ་བའི་ཕྱོགས་གཅིག་གཞི་རུ་བཟུང་ནས་ཕྱོགས་ཅིག་ཤོས་ཕྱོགས་མཚུངས་ཀྱིས་སྒྲུབ་པའོ།། 

5 མུ་འབྲེལ་རང་བཞིན་གྱི་བསམ་གཞིགས།

མུ་འབྲེལ་རང་བཞིན་གྱི་བསམ་གཞིགས་ཞེས་པ་ནི་རྒྱུན་མཐུད་དེ་རིགས་འདེད་བྱ་བ་ལ་གོ་ཞིང་། མུ་འབྲེལ་བསམ་གཞིགས་སྟབས་བདེ་ཤོས་ནི་ཕྱི་ཚུལ་གཏན་ཚིགས(形式逻辑)ཀྱི་རྣམ་པ་གསུམ་པོ་ཡིན་ཏེ། A=BདངC=Bཡིན་པས། A=Cཡིན། མུ་འབྲེལ་བསམ་གཞིགས་ལ་རྒྱུན་མཐུད་བྱེད་ཅིག་ཡོད་དེ། AདངCཡི་རྒྱུན་སྐྱོང་བྱེད་ནིBཡིན། ཚན་རིག་གི་མུ་འབྲེལ་བསམ་གཞིགས་ནི་རྩིས་རིག་པའི་རིགས་འདེད་ཅིག་ཡིན་ལ། རྩིས་རིག་པའི་རིགས་འདེད(数学推理)ཅེས་པ་ནི་གཙོ་བོ་གྲངས་ངེས་པའི་བརྗེ་རེས་ ཀྱི(定量代换式)བསམ་གཞིགས་ཤིག་ཡིན་པ་དང་། གྲངས་ཀྱི་བསམ་གཞིགས་ལ་མུ་འབྲེལ་གྱི་རང་བཞིན་ཡོད། (ངོ་བོ་ངེས་པའི(定性)རིགས་པ་བྱེ་བྲག་པའང་རྩིས་རིག་གིས་སྒྲུབ་ཆོག) རྩིས་རིག་གི་རྣམ་པའི་འགྲོ་ལུགས་ཤིག་ལ་རྩིས་རིག་རྐྱང་བའི་བརྗེ་རེས་བྱས་ཚེ། རྣམ་པ་མི་འདྲ་བའི་ལུགས་སྣ་མང་དུ་གཟུགས་འགྱུར་ཏེ། གཟུགས་སྒྱུར་འདི་རིགས་ལ་མུ་འབྲེལ་རང་བཞིན་གྱི་བསམ་གཞིགས་ཟེར། བསམ་གཞིགས་འདིའི་རིགས་ལ་རྩིས་རིག་གི་རྣམ་པའི་ཆོས་ཉིད་མི་འདྲ་བ་གཉིས་ཟུང་དུ་སྦྲེལ་ནས་རྩིས་རིག་གི་བརྗེ་སྤོར་བྱས་ཆོག་ལ། དེ་ལྟར་བྱས་པའི་འབྲས་བུར་རྩིས་རིག་གི་རྣམ་པའི་ཆོས་ཉིད་གསར་བ་འབྱུང་ཐུབ། གྲངས་ངེས་པའི་མུ་འབྲེལ་རང་བཞིན་གྱི་བརྗེ་རེས་བྱས་ཚེ། ང་ཚོས་དངོས་ལུགས་རིག་པའི་ཆོས་ཉིད་རྣམས་རྫས་འགྱུར་རིག་པ་དང་གནམ་རིག་པ། སྐྱེ་དངོས་རིག་པའི་ཁྱབས་ཁོངས་སུ་རྒྱ་བསྐྱེད་ཆོག་ལ། གོང་བཤད་ཀྱི་གཞུང་ལུསག་སོ་སོ་དངོས་ལུགས་རིག་པའི་གཞུང་ལུགས་སུའང་བསྒྱུར་ཆོག



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།