བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

2009ལོར་བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་ཀྱི་ཞིབ་འཇུག་གསར་སྤེལ་བྱ་བའི་མགོ་བརྩམས་ཤིང2013ལོའི་མཇུག་ཏུ་ཡོངས་སུ་གྲུབ། བོད་ཡིག་འཇུག་ཐབས་ཀྱི་ཞིབ་སྤེལ་བྱ་བ་འདིར་ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གིས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་དང་། དགེ་རྒན། སློབ་གྲོགས། གྲོགས་པོ་མང་པོས་རྒྱབ་རོགས་དང་སྐུལ་མ་གལ་ཆེན་གནང་། 2014ལོའི་ལོ་དཀྱིལ་ནས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ་སོགས་ནས་ཆེད་དོན་འཆད་ཁྲིད་བརྒྱུད་ནས་བོད་རིག་པ། རྩིས་འཁོར། བརྡ་འཕྲིན་ལག་རྩལ་ཁྱབ་ཁོངས་སོགས་ཀྱི་ཆེད་མཁས་པ། རིག་པ་བ། དགེ་རྒན་ཆེན་མོར་བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་ཀྱི་མཚམས་སྦྱོར་དང་རིམ་སྟོན་ཞུས་ཤིང་གཏིང་ཟབ་ཀྱིས་དགོངས་འཆར་བརྗེ་རེས་དང་ཉམས་མྱོང་སྤེལ་རེས་ཞུས་ནས་བོད་ཡིག་འཇུག་ཐབས་འདི་ཇེ་ཚང་ཇེ་ལེགས་སུ་བཏང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
简捷多功能藏文输入法
1 ངོ་སྤྲོད་མདོར་བསྡུས།

ད་ལམ་བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་འདིར་རྒྱལ་ཁབ་པར་དབང་ཅུའུ་ཡིས་རྩིས་འཁོར་མཉེན་ཆས་རྩོམ་གྱི་བདག་དབང་ཐོ་འགོད་དཔང་ཡིག་ཐོབ། བོད་ཡིག་འཇུག་ཐབས་ཀྱི་གསར་གཏོད་ལག་རྩལ་ཆེད་ཕན་བདག་དབང་ཐོབ་འདུན་ཞུས་པར་རྒྱལ་ཁབ་ཤེས་ཡོན་ཐོན་དངོས་བདག་དབང་ཅུའུ་ཡིས་བདག་བཞེས་གནང་ཞིང་ཐོག་མའི་ཞིབ་བཤེར་བརྒྱུད་ནས་དོན་དངོས་ཞིབ་བཤེར་གྱི་དུས་རིམ་ལ་བསླེབས།

བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་འདི་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་སྒྲིག་འཛུགས་བྱས་པའི་ཆེད་མཁས་པའི་དབྱེ་གཅོད་བརྒྱུད་པས། ཚན་རྩལ་གྲུབ་འབྲས་འདི་རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་དུ་ཐོན་པར་གདེང་འཇོག་བྱས།

2 ཁྱད་ཆོས།

བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་འདིར་བོད་ཡིག་འཇུག་ཐབས་གཞན་ལས་ལྷག་པའི་དམིགས་བསལ་ཁྱད་ཆོས་བརྒྱད་ཡོད་དེ།

1.མཐེབ་གཞོང་འགྲེམས་སྟངས་ཚན་རིག་དང་མཐུན་ལ་འོས་སུ་འཚམ་པ།

བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་འདིDUORAKམཐེབ་གཞོང་འགྲེམས་སྟངས་ཀྱི་ཚན་རིག་འདུ་ཤེས་བཀོལ་སྤྱོད་བྱས་ནས། བོད་ཡིག་ཡིག་འབྲུའི་བེད་སྤྱོད་མང་ཉུང་། མཛུབ་ཤེད་ཆེ་ཆུང་དང་བདེ་ཞན་ལྟར་མཐེབ་གཞོང་དུ་རིམ་བཞིན་འོས་མཚམས་ཀྱིས་འགྲེམས་ཤིང་བཀོད། སྔོན་རྗེས་མིང་གསུམ་ལ་འཇུག་པ་རྣམས་གཞི་རྩའི་དཀྱིལ་མཐེབ་ཏུ་བཀོད་ཅིང་། ཚེག་སོགས་ཤིན་ཏུ་བཀོལ་ཆེ་བ་རྣམས་གནད་མཐེབ་ཏུ་བཀོད་པས་མཛུ་གུ་ཡར་མར་གནས་སྤོ་གྲངས་ཉུང་ཞིང་ལས་ཀ་འབོར་ཆེན་གཞི་རྩའི་མཐེབ་ནས་གྲུབ་པས་ཡིག་འབྲུ་མྱུར་འཇུག་ཀྱི་ཕན་ནུས་ངེས་པར་ལྡན།

2.བོད་ཡིག་དང་སྔགས་ཡིག་གི་འབྲུ་རྐྱང་དང་ཚིག་ཚོགས་དག་ཁྱད་མེད་འདྲ་མཉམ་དུ་འཇུག་ཐུབ།

བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་འདིས་བོད་ཡིག་དང་སྔགས་ཡིག་གི་འབྲུ་རྐྱང་གཅིག་མཚུངས་སུ་འཇུག་ཐུབ་ལ། བོད་ཡིག་དང་སྔགས་ཡིག་གི་འཇུག་ནུས་བཅད་བསྒྱུར་བྱེད་པའམ་ཐོག་མར་མཐེབDདང་མཐེབfདང་། མཐེབmམནན་ནས་བོད་ཡིག་དང་སྔགས་ཡིག་འཇུག་པའི་ཁྱད་པར་འབྱེད་མི་དགོས་པར་གཅིག་མཚུངས་སུ་འཇུག་ཐུབ་ལ། བོད་སྔགས་ཀྱི་ཚིག་ཚོགས་དག་ཀྱང་འདྲ་མཉམ་དུ་འཇུག་ནུས། ད་ལམ་ཡི་གེའི་འཇུག་ཐབས་འདིར་རྒྱ་བོད་ཚིག་མཛོད་ཆེན་མོ། དག་ཡིག་གསར་བསྒྲིགས། རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད། བོད་ཡིག་ཚིག་གཏེར་རྒྱ་མཚོའི་མིང་ཚིག་མཐའ་དག་ཡོངས་སུ་འདུས་ཤིང་། ས་ཁུལ་རིམ་པའི་བོད་སྨན་ཁང་གི་རྒྱུན་བཀོལ་བོད་སྨན་མིང་གྲངས་༢༢༠ལྷག་གསར་སྣོན་བགྱིས། བོད་སྔགས་འབྲུ་རྐྱང་འཇུག་ཐབས་ནི་བོད་ཡིག་འབྲུ་འདེད་སྦྱོར་ཀློག་དང་སྨྱུག་ཁའི་གོ་རིམ་དང་གཅིག་མཚུངས་ཡིན། ཚིག་ཚོགས་འཇུག་སྐབས་ཐོག་མའི་ཡིག་འབྲུ་ཆ་ཚང་དུ་འཇུག་ཅིང་རྗེས་མའི་མིང་གཞི(རེ་ཟུང་ལ་འདོག་ཅན་ནམ་དབྱངས་སམ་རྗེས་འཇུག་མནན་པས་འཐུས)ཁོ་ན་མནན་པས་ཚིག་ཚོགས་དག་ཆ་ཚང་དུ་འཇུག་ཐུབ།

3.ཚིག་ཚོགས་འབྲེལ་དྲན་གྱི་བྱེད་ནུས་མངོན་དུ་གྱུར།

ད་ཡོད་ཀྱི་མིག་ཚིག་ལ་ཚོད་དཔག་བརྒྱུད་ནས་ཐེངས་དང་པོར་བོད་ཡིག་འཇུག་ཐབས་ནང་དུ་ཚིག་ཚོགས་འབྲེལ་དྲན་གྱི་བྱེད་ནུས་མངོན་དུ་གྱུར། རིགས་འདིའི་ཚིག་ཚོགས་འབྲེལ་དྲན་གྱི་བྱེད་ནུས་ཀྱིས་ཡི་གེའི་འཇུག་ཚད་ཇེ་མྱུར་དུ་བཏང་། ཚིག་མཛོད་གྲངས་ཚད་ཇེ་མང་དུ་སོང་རྗེས། ཚིག་ཚོགས་འབྲེལ་དྲན་གྱིས་ཡིག་མཇུག་བདེ་མྱུར་བྱེད་ནུས་ལྷག་པར་དུ་གསལ་དུ་མངོན་ཐུབ།

4.ཤེས་ནུས་ཀྱི་ཚོད་དཔག་གིས་ཡིག་ནོར་འཇུག་པ་འགོག་པ་དང་། ཚེག་ཤད་སོགས་སྒྲིག་སྲོལ་བཞིན་ཚད་ལྡན་དུ་འཇུག་པ།

བོད་ཡིག་མིང་ཚིག་ལ་ཤེས་ནུས་ཀྱིས་ཚོད་དཔག་བརྒྱུད་དེ་ཡིག་ནོར་འཇུག་པར་ཉེན་བརྡ་བཏང་ཞིང་རྩོམ་སྒྲིག་ཁུལ་དུ་ཡིག་འབྲུ་སྐྱེལ་བ་ཚད་འཛིན་བྱེད། གཞན་ཡང་སུམ་རྟགས་དགོངས་དོན་དང་སྡེ་དགེའི་ཤིང་པར་ནང་བཞིན་ཀ་ག་ཤ་གསུམ་རྗེས་སུ་ཤད་འཇུག་མ་ཐག་ཡིག་འབྲུ་གཅིག་གི་སྟོང་ཆའི་རྗེས་སུ་ཤད་རང་ཤུགས་ཀྱིས་འཇུག་པ་དང་། ང་ངི་ངུ་ངེ་ངོ་ལྔའི་རྗེས་སུ་ཆིག་ཤད་དམ་ཉིས་ཤད་འཇུག་མ་ཐག་ཤད་ཀྱི་སྔོན་དུ་ཚེག་རང་ཤུགས་ཀྱིས་ཐོན་ཐུབ་ལ། ཤད་དང་གཏེར་ཚེག་འཇུག་མ་ཐག་དེའི་རྗེས་སུ་འབྲུའི་སྟོང་ཆ་གཅིག་རང་ཤུགས་ཀྱིས་ཐོན་ཐུབ། ཤེས་ནུས་ལག་རྩལ་འདི་དག་གིས་ཡིག་འཇུག་ནོར་བ་ཉུང་བས་ཞུ་དག་དཀའ་ཁག་ཆུང་ཞིང་འཇུག་ཚད་མྱུར་ལ་སྤུས་ཚད་ལེགས་པ་བཅས་ཀྱི་དགེ་མཚན་ལྡན་ནོ།།

5.སྟབས་བདེ་སློབ་མྱུར་བཀོལ་བདེ་བ།

བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་འདིའི་ཡི་གེ་འཇུག་ཐབས་བོད་ཡིག་འབྲུ་དེད་སྦྱོར་ཀློག་དང་སྨྱུག་ཁའི་གོ་རིམ་དང་མཐུན་པས་ཡིག་འབྲུ་སྔོན་རྗེས་གང་མནན་པར་བསམ་གཞིག་དང་སྦྱོང་གོམས་མི་དགོས་པར་སྟབས་བདེ་མོ་དང་སློབ་སླ་བ་ཡིན། མཐེབ་གཞོང་མནན་མ་ཐག་གསལ་སྟོན་ཁུལ་དུ་སྒྲིག་ཨང་མཚུངས་པའི་ཡི་གེ་དག་ཚིག་མཛོད་སྒྲིག་སྟངས་བཞིན་གོ་རིམ་ལྟར་འཆར་བས་འགྲིག་མིན་བལྟ་བདེ་ཞིང་ཚིག་འབྲུ་འདེམ་བདེ་ལ་ཚིག་མཛོད་ཀྱི་ཕན་ནུས་ཀྱང་མཆིས་སོ། །བོད་ཀྱི་རྩིས་གཞུང་སོགས་སུ་མཁོ་བའི་རྡོ་རྗེ། དྲིལ་བུ། ནོར་བུ། ཕུར་པ། དགའ་འཁྱིལ། རྡེའུ་དཀར་ནག་ལྟ་བུའི་རྟགས་འདྲ་མིན་རྣམས་སྙི་མཐེབ་མནན་ནས་འཇུག་སླ་ལ་སྟབས་བདེས་ཐད་ཀར་དུ་འདེམ་འཇུག་ཀྱི་ཁྱད་ནུས་ལྡན། མཐེབ་གཞོང་གསལ་སྟོན་གྱི་ནུས་པས་བློ་གསར་འཇུག་བདེ་ལ། ཡན་ལག་སྐྱོན་ཅན་སླེ་པོ་དག་གིས་ཀྱང་ཙིག་བརྙན་མནན་པ་ཁོ་ནས་བོད་ཡིག་མྱུར་འཇུག་ཐུབ་པའི་ཕན་ནུས་ཁྱད་པར་འཕགས་སོ།།

6.ཚད་བརྒལ་ཚིག་ཚོགས་རིང་པོ་ཅིག་ཅར་དུ་འཇུག་ཐུབ་པ།

བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་འདིས་རྒྱུན་བཀོལ་གཟུངས་སྔགས་(དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་སྔགས་ཀྱི་བཀླག་ཐབས་ནང་དུ་ཡོད་པའི་གཟུངས་སྔགས་ཆ་ཚང)རིང་བ་རྣམས་སྔགས་ཀྱི་མིང་ངམ་སྔགས་ཀྱི་མགོ་མའི་ཡིག་འབྲུ་འགའ་མནན་པས། Wordཡིས་ཐེངས་གཅིག་ལ་རྒྱ་ཡིག་འབྲུ128ལས་འཇུག་མི་ནུས་པའི་ཚད་འགོག་ལས་བརྒལ་ནས་གཟུངས་སྔགས་ཆ་ཚང་འཁྲུལ་མེད་དུ་འཇུག་ཐུབ། གཞན་ཡང་ལུང་སྟོན་པ་རྩ་བ་སུམ་ཅུ་པ། ལུང་སྟོན་པ་རྟགས་ཀྱི་འཇུག་པ། ལེགས་བཤད་ལྗོན་པའི་དབང་པོ། རྟེན་འབྲེལ་བསྟོད་པ་སོགས(རྗེས་སུ་དགོས་མཁོ་ལྟར་མུ་མཐུད་ནས་ཁ་གསབ་བཟོ་ཆོག)མིང་ཙམ་གྱིས་ཅིག་ཅར་དུ་མྱུར་འཇུག་ཐུབ། ཕན་ནུས་འདིས་སྔགས་ཡིག་འཇུག་པའི་དཀའ་ཚད་སེལ་ཞིང་ཡིག་འཇུག་མྱུར་ཚད་མཐོར་བཏེག་ཅིང་ཡིག་ནོར་ཡོང་མི་སྲིད་ལ། བོད་ཡིག་འཇུག་ཐབས་འདིར་བསྟེན་ནས་ཡུལ་དུས་གང་ནས་ཀྱང་དཔྱད་ཡིག་འཚོལ་གཟིགས་དང་བོད་ཀྱི་རིག་གནས་སྦྱོང་བདེའི་ཕན་ནུས་ཁྱད་དུ་འཕགས་སོ།།

7མ་ལག་ཀྱི་འདྲེས་འགྲིག་རང་བཞིན་ལེགས་པ།

བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་འདིMicrosoft WindowsXPདངWindowsVistaདང་། Windows7དངWindows8དང་། Windows8.1དངMicrosoft Office2007 Office2010 Office2013བཅས་བཀོལ་སྤྱོད་མ་ལག་དང་གཞུང་ལས་མཉེན་ཆས་འདྲ་མིན་ནང་དུ་མཁོ་སྤྱོད་ཆོག་ལ། ཧྥང་ཀྲིང་མྱུར་བསྐྱོད་། ཧྭ་ཀྭང་དཔེ་ཚལ། AdobeInDesignཔར་སྒྲིག་མཉེན་ཆས་ནང་དུ་མཁོ་སྤྱོད་ཆོག་པ་དང་། Adobe Photoshopསོགས་པར་རིས་བཟོ་སྣོན་དངQQ MSNསོགས་ཁ་བརྡ་སྤྲོད་བྱེད་མཉེན་ཆས་སུ་མཁོ་སྤྱོད་ཆོག་ཅིང་། གཞན་ཡངInternet Explorer(པར་གཞི་འདྲ་མིན)དང་གཞན་དག་གི་བཤར་ཆས་སོགས་སུ་མཁོ་སྤྱོད་ཆོག་པས་ཁྱབ་རྒྱ་ཡངས་པའི་འདྲེས་འགྲིག་རང་བཞིན་ལྡན་ནོ།།

8.ཡི་གེ་འཇུག་ཐབས་གཅིག་གིས་སྒྲིག་ཨང་མི་མཚུངས་པའི་བོད་ཡིག་དག་བདེ་བླག་ངང་འཇུག་ཐུབ་པ།

བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་འདིས་ཝའེ་རོནHimalayaདང་ཧྭ་ཀང་། ཧྥང་ཀྲིང་། དོན་ཡོད། པཎྜི་ཏ་སོགས་སྒྲིག་ཨང་གཅིག་མཚུངས་མིན་པའི་བོད་ཡིག་དག་ལ་གཞིགས་ནས། ཡི་གེ་འཇུག་ཐབས་འདིར་སྒྲིག་འཇོག་བརྒྱུད་རྗེས་སྒྲིག་ཨང་མི་མཚུངས་པའི་བོད་ཡིག་འཇུག་ཐབས་གཞན་པར་སློབ་སྦྱོང་དང་བྱང་གོམས་མི་དགོས་པ། སྒྲིག་ཨང་མི་མཚུངས་པའི་བོད་ཡིག་འཇུག་ཐབས་གཞན་སྒྲིག་འཇོག་ཀྱང་མི་དགོས་པར་བདེ་མྱུར་ནུས་མང་བོད་འཇུག་ཐབས་ཀྱི་མཐེབ་གཞོང་འགྲེམས་རིས་གཅིག་གིས་སྒྲིག་ཨང་མི་མཚུངས་པའི་བོད་ཡིག་དག་བདེ་མྱུར་གྱིས་འཇུག་ཐུབ་པས། བོད་ཡིག་འཇུག་ཐབས་གཞན་པ་དག་ལས་ཁྱད་དུ་འཕགས་པའི་དཀའ་འགག་ལས་བསྒྲོལ་ཅིང་། མིག་སྔརWindowsXPངལ་གསོ་རུ་འཇུག་རྗེས་སྔོན་གྱི་བོད་ཡིག་འཇུག་ཐབས་མང་ཤོས་པར་གཞི་མཐོ་བའིWindowsབཀོལ་སྤྱོད་རྒྱུད་ཁོངས་སུ་འདྲེས་འགྲིག་མི་ནུས་པའི་དཀའ་གནད་ཡོངས་སུ་སེལ།

བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་ཀྱི་ཞིབ་འཇུག་གསར་སྤེལ་གྱིས་བོད་ཁུལ་གྱི་ཚན་རིག་ལག་རྩལ་དང་རིག་གནས་ཤེས་བྱ་ཁྱབ་གདལ་ལ་སྐུལ་སྤེལ། བོད་ཁུལ་གྱི་རྩིས་འཁོར་མཁོ་སྤྱོད་དང་ཁྱབ་སྤེལ། དཔེ་རྙིང་བསྡུ་སྒྲིག བོད་རིག་པ་ཞིབ་འཇུག་སོགས་ཀྱི་ཐད་ལ་ལག་རྩལ་གྱི་འདེགས་སྐྱོར་གྱི་ཕན་ནུས་མཆིས། བཀོལ་སྤྱོད་ཀྱི་རིན་ཐང་གལ་ཆེན་ལྡན་པས། བོད་ཁུལ་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་ལེགས་པོ་འབྱུང་ངེས།



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།