- ཕྱུགས་རིགས།
- དག་ཡིག
བྱི་ལ་ནི་བྱི་ལ་ཚན་གྱི་སྲོག་ཆགས་ཡིན་ཞིང་། བོད་དུ་དབུས་གཙང་སྐད་ལ་བྱི་མི་དང་ཁམས་པའི་སྐད་ལ་ལི་ཕོ་དང་ཨ་མདོའི་སྐད་ལ་མི་ལིའོ་ཞེས་སོགས་མིང་མི་འདྲ་བ་ཡོད། ཁྱིམ་གྱི་བྱི་ལ་ནི་རི་སྐྱེས་བྱི་ལ་གཡུང་ཕབ་ནས་བྱུང་བ་སྟེ། ཡོ་རོབ་ཀྱི་ཁྱིམ་གྱི་བྱི་ལ་ནི་ཨ་ཧྥེ་རི་ཁའི་རི་བྱི་ལས་བྱུང་བ་དང་། ཨེ་ཤ་ཡའི་ཁྱིམ་གྱི་བྱི་ལ་ནི་རྒྱ་གར་གྱི་བྱེ་ཐང་རི་བྱི་ལས་བྱུང་བ་ཡིན།
བྱི་ལའི་སུག་མཐིལ་ཏུ་ཤ་སྟན་མཐུག་པོ་ཞིག་ཡོད་པ་དེ་ནི་འཇབ་ནས་འགྲོ་བར་ཕན་པ་དང་། སྡེར་མོ་རྣོན་པོ་ཡོད་པ་ནི་ཙི་གུ་སོགས་རྔོན་ཤ་འཛིན་པར་ཕན་པ་རེད། བྱི་ལའི་མིག་གི་རྒྱལ་མོ་ནི་འོད་ཀྱི་དྲག་ཞན་མི་འདྲ་བར་བསྟུན་ནས་ནར་མོའམ་སྒོར་མོར་འགྱུར་གྱི་ཡོད་པ་དེ་ནི་དམིགས་ཡུལ་གསལ་པོར་མཐོང་རྒྱུར་ཕན་པ་རེད། བྱི་ལའི་རྣ་ཤེས་གསལ་པོ་ཡོད་པ་དེས་སྐད་སྒྲ་ཕྲན་བུ་ཙམ་ཡང་ཚོར་ནས་དེའི་ཁ་ཕྱོགས་དང་བར་ཐག་འབྱེད་ཐུབ་པ་རེད། མཆུ་འགྲམ་ན་དབང་སྤུ་དུ་མ་སྐྱེས་ཡོད་པ་དེས་རེག་པའི་དངོས་པོའི་ཆེ་ཆུང་དང་སྲ་མཉེན་ཤེས་ཐུབ་པ་རེད། བྱི་ལའི་སོ་རྣོན་པོ་ཡོད་པ་དང་མཆེ་བ་ལྷག་ཏུ་རྣོ་བ་དང་། དེ་མིན་ལྕེ་ངོས་རྩུབ་པོ་ཡོད་པ་དེ་དག་ནི་ཤ་ཟ་བར་བེད་ཆེ་བ་རེད།
བྱི་ལར་རིགས30ཙམ་ཡོད་པ་ལ། ཅུང་ཟད་སྐད་གྲགས་ཆེ་བ་ནི་ཨ་རིའི་བྱི་ལ་སྤུ་ཐུང་དང་། ཨུ་རུ་སུའི་བྱི་ལ་སྔོན་པོ། ཧི་མ་ལ་ཡའི་རི་བྱི། འབར་མའི་བྱི་ལ། སུ་ཀོ་ལནྡའི་གཉེར་རིས་བྱི་ལ། པར་ཟིག་བྱི་ལ་སོགས་ཡིན། བྱི་ལར་སྤུ་ཐུང་ཅན་སྤུ་རིང་ཅན་གཉིས་ཡོད་ཅིང་། སྤུ་ཁ་དཀར་སེར་ནག་ཁམ་སྔོན་དམར་སྐྱ་ལ་སོགས་མང་པོ་ཡོད།
བྱི་ལ་ནི་མཚན་མོར་འགུལ་སྐྱོད་བྱ་རྒྱུར་དགའ་བའི་གཅན་གཟན་ཉམ་ཆུང་ཞིག་ཡིན་ཞིང་། བྱི་ལའི་ལུས་སྟེང་གི་ཉིའུ་ཧོང་སོན་ནི་མཚན་མོར་མིག་དབང་གི་མཐོང་ནུས་ཇེ་གསལ་དུ་གཏོང་བའི་རྫས་གལ་ཆེན་ཞིག་ཡིན། ཏན་ཏན་ཉ་དང་བྱི་བའི་ལུས་སྟེང་ན་ཉིའུ་ཧོང་སོན་འདུས་པ་མང་བས། བྱི་ལར་ཟུངས་བཅུད་ཉིའུ་ཧོང་སོན་ཁ་སྣོན་བྱ་ཐུབ། དེར་བརྟེན། མཚན་མོར་རྒྱུ་བའི་བྱི་བ་རང་བཞིན་སྒོས་བྱི་ལའི་ཁ་ཟས་སུ་འགྱུར་ངེས།
བྱི་ལ་བཙས་མ་ཐག་ནས་ཁ་འགྲམ་དུ་ཁ་སྤུ་རིང་བོ་འགལ་སྐྱེས་ཡོད་ཅིང་། དེའི་རིང་ཚད་ཕལ་ཆེར་བྱི་ལ་རང་ཉིད་ཀྱི་གཟུགས་གཞིའི་ཞེང་ཚད་དང་གཅིག་འདྲ་ཡིན། ཁ་སྤུ་ཐར་ཐོར་དེའི་ནུས་པ་ནི་མཚན་མོར་ཙིག་ཁུང་གི་ཆེ་ཆུང་ལ་བརྟག་དཔྱད་བྱས་ཏེ། ཙི་གུ་བཟུང་ཐུབ་མིན་ལ་བརྡར་ཤ་གཅོད་པ་དེའོ། །
བྱི་ལ་ཤིན་ཏུ་ཧ་ལས་པའི་ནུས་རྩལ་ཞིག་ཡོད་དེ། མཐོ་ས་ནས་མར་མཆོང་སྐབས། ལྷུང་ནས་མི་ཤི་བར་མ་ཟད། ད་དུང་བརྟན་པོར་ས་ངོས་སུ་འབབ་ཐུབ། དེའི་མཐུ་རྩལ་ཕུལ་དུ་བྱུང་བ་ནི་བར་སྣང་ནས་ཨ་ལོག་རྒྱག་ཐུབ་པ་རེད། བྱི་ལ་མར་འགྱེལ་སྐབས། ད་དུང་སྒལ་པ་ས་ངོས་ཕྱོགས་ལ་གཏད་དེ་རྐང་ལག་བཞི་བོ་གནམ་འཁོར་མོད། འོན་ཀྱང་དེ་ས་ངོས་སུ་འབབ་པའི་སྐད་ཅིག་ཉིད་དུ་སྒལ་བ་གོང་ཕྱོགས་སུ་འཁོར་ཞིང་རྐང་ལག་བཞི་བོ་མར་ས་ངོས་ཕྱོགས་ལ་འཁོར་བར་མ་ཟད་དེའི་རྐང་ལག་ལ་ཤ་གདན་མཐུན་པོ་ཡོད་ཅིང་རྐང་ལག་དང་སྐེད་པར་ལྡེམ་གཤིས་ལྡན་པས། དེ་བརྟན་པོ་སྒོས་བདེ་འཇགས་ངང་ས་ཐོག་ཏུ་འབབ་ཐུབ་པ་རེད།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2017-07-11
གསར་སྤེལ་མཁན། :འཕགས་མོ་སྐྱིད།