མདོ་སྨད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མདོ་སྨད།
མདོ་སྨད་ཅེས་པའི་ས་མིང་དེ་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་སྐབས་ནས་ཡོད་པ་ཞིག་ཡིན་པར་མ་ཟད། བོད་བཙན་པོའི་རྒྱལ་ཁབ་ཀྱིས་འདུན་མ་བསྡུ་སའི་མངའ་ཁོངས་གལ་ཆེན་ཞིག་ཡིན་ལ། སྐབས་དེར་མདོ་ཁམས་ཀྱི་ཡུལ་གྲུ་སྤྱི་ལ་གོ། ས་སྐྱ་བའི་སྐབས་སུ་ཧོར་སེ་ཆེན་རྒྱལ་པོས་བོད་ཡུལ་ཆོལ་ཁ་གསུམ་ལས་རྨ་ཆུ་ཁུག་པ་ནས་མཆོད་རྟེན་དཀར་པོ་ཡན་ལ་མདོ་སྨད་རྟའི་ཆོལ་ཁ་ཞེས་ཡུལ་ཁོངས་གཏན་ལ་ཕབ། དེང་སང་མདོ་ཁམས་སྟོད་སྨད་གཉིས་སུ་ཕྱེ་བ་ལས་སྨད་ཀྱི་ཆ་ནི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་གྲུ་ཕལ་ཆེ་བོ་དང་ཀན་སུའུ་ཞིང་ཆེན་གྱི་ཡུལ་གྲུ་ཁ་ཤས་ལ་ངོས་འཛིན་གྱིན་ཡོད། མིང་གི་རྣམ་གྲངས་ལ་གཡར་མོ་ཐང་ངམ་གཡེར་མོ་ཐང་དང་ཨ་མདོ་ཞེས་འབོད་དོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安多、朵思麻、脱思麻
མིང་གཞན།
ཨ་མདོ། གཡེར་མོ་ཐང་།
ཕྱི་ཡིག་གི་མིང་།
mDo smad
ཁོངས་གཏོགས།
ཆོལ་ཁ་གསུམ་གྱི་ཡ་གྱལ།
ཆགས་ཡུལ།
ཀྲུང་གོའི་ནུབ་བྱང་ཕྱོགས།
ཡུལ་ཁོངས།
རྨ་ཆུ་ཁུག་པའི་མན་ཆད་ནས་མཆོད་རྟེན་དཀར་པོའི་ཡན།
1 ཡུལ་ཁོངས།

མདོ་སྨད་སཱ་ལའི་སྨན་ལྗོངས་ཞེས་ཡོངས་སུ་གྲགས་པ་དེ་ནི་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་བསིལ་ལྡན་ཁ་བའི་ལྗོངས་ཀྱི་སའི་བྱེ་བྲག་ཅིག་ཡིན་ཞིང་། དེ་ལ་ཨ་མདོའམ་མདོ་སྨད་ཅེས་འབོད་སྲོལ་དུ་གྱུར་བ་ནི་བཻ་སེར་དང་རྗེ་ཙོང་ཁ་བའི་རྣམ་ཐར་སོགས་ལས་གསུངས་ཚུལ་ལྟར་ན། མདོ་སྨད་ཀྱི་ཡུལ་འདི་ནི་བོད་རྒྱལ་ཁམས་ཀྱི་མཐའ་ན་ཡོད་པའི་རྒྱུ་མཚན་གྱིས་ཡུལ་དེ་ལ་ཁམས་ཞེས་པ་དང་། ཁམས་དང་ཨ་མདོ་གཉིས་བསྡོམས་པའི་ཡུལ་བྱིངས་ལ་མདོ་ཁམས་ཞེས་བྱ། དེ་ལ་སྟོད་སྨད་གཉིས་སུ་ཕྱེ་བའི་སྨད་ཀྱི་ཆ་ལ་མདོ་སྨད་དུ་འདོད། ཁམས་དང་ཨ་མདོ་ཞེས་པ་ཡང་སྨད་མདོ་ཁམས་སྒང་གསུམ་དུ་ཕྱེ་བ་ལས་གཡར་མོ་ཐང་དང་ཙོང་ཁ་གྱི་ཐང་བཏགས་པའི་ཁམས་གཉིས་ནི་ཨ་མདོ་དང་། སྨར་ཁམས་ནི་བར་ཁམས་ལ་ངོས་འཛིན་དགོས་པ་དེབ་ཐེར་རྒྱ་མཚོ་སོགས་ལས་གསུངས་སོ།། ཡུལ་དེ་ལ་མགོ་ནག་མིའི་ལོ་རྒྱུས་ཀྱི་བྱུང་བ་དང་ཡུལ་ལུགས་གོམས་སྲོལ་གྱི་རྣམ་པ་མི་འདྲ་བ་ཡོད་པ་མ་ཟད། བོད་བྱིངས་ལ་ཤེས་རིག་གི་བྱུང་བ་ཡོད་པ་ལྟར་ཡུལ་དེ་ལའང་ཤེས་རིག་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཡོད་པ་དང་། རང་བྱུང་ཁོར་ཡུག་གི་རྣམ་པ་མཛེས་ཤིང་ཕུན་སུམ་ཚོགས་པའི་ཐོན་ཁུངས་སྣ་མང་ཡོད་པའི་ཡུལ་ཁྱད་པར་ཅན་ཞིག་ཡིན།

《དུང་དཀར་ཚིག་མཛོད་ཆེན་མོ》ལས། མདོ་སྨད་ཅེས་པར(ཨ་མདོ)སྨད་མདོ་ཁམས་སྒང་གསུམ་གྱི་ནང་ནས་མདོ་སྨད་ལ་གཡེར་མོ་ཐང་བཏགས་པ་ཁམས་གཅིག་ཏུ་བགྲངས་པ་དེང་སང་ཨ་མདོ་ཟེར་བ་དེ་ཡིན་ཞིང་། དེ་ཡང་འབྲི་ཆུའི་སེ་བོ་ལུང་རིང་བརྒལ་བའི་བ་ཡན་ཧ་རའི་ཤར་ངོས་ཨ་ཆེན་གངས་རྒྱབ་ཀྱི་རི་དང་། མདོ་ལ་གཉིས་ཀྱི་མིང་བསྡོམས་པའི་མིང་ཞིག་སྟེ། དེའི་མན་ཆད་ལ་ཨ་མདོ་ཟེར་རོ།།

《བོད་རྒྱ་ཚིག་མཛོད་ཆེན་མོ》ལས། (1)ད་ལྟ་ཆབ་མདོ་ས་ཁུལ་གྱི་མིང་གཞན་ཞིག  (2)མིང་གཞན་གཡར་མོ་ཐང་སྟེ་ད་ལྟ་མཚོ་སྔོན་ཞིང་ཆེན་ཁོངས་མཚོ་སྔོན་པོའི་ལྷོ་ནུབ་རྒྱུད་དང་རྨ་ཆུ་ནས་ལྷོ་ཕྱོགས་སུ་ཕྱིན་པའི་ས་རྒྱུད་སྤྱིའི་མིང་།

《བོད་ཡིག་ཚིག་གཏེར་རྒྱ་མཚོ》ལས། གནའ་དུས་བོད་བཙན་པོའི་སྐབས་སུ་མདོ་ཁམས་ཡུལ་གྲུ་སྤྱི་ལ་མདོ་སྨད་ཅེས་འབོད་སྲོལ་ཡོད་པ་ཏོང་ཧུང་ཡིག་ཆའི་ནང་གསལ། བྱེ་བྲག་མདོ་སྨད་ཅེས་པའི་མིང་འདི་སོག་རྒྱལ་ཁུ་པེ་ལེའི་སྐབས་སུ་འགྲོ་མགོན་ཆོས་འཕགས་ལ་ཕུལ་བའི་བོད་ཆོལ་ཁ་གསུམ་ཞེས་པའི་ནང་གི་མདོ་སྨད་ཀྱི་ས་ནི། རྒྱ་བོད་ཡིག་ཚང་ལས། རྨ་ཆུ་ཁུག་པ་མན་ཆད་ནས། རྒྱ་མཆོད་རྟེན་དཀར་པོ་ཡན་ཆད་བར་ལ་མདོ་སྨད་ཟེར། 1690

《སྨོན་ལམ་ཚིག་མཛོད》དུ། མདོ་ཁམས་ལ་སྟོད་སྨད་གཉིས་སུ་ཕྱེ་བའི་ནང་གི་སྨད་ཀྱི་ཆར་གཏོགས་པའི་ས་ཁོངས་ཏེ། ཤར་རྒྱུད་ནི་ས་སེར་མཐོ་སྒང་དང་། ལྷོ་རྒྱུད་ནི་ཁྲ་ལ་རི་བོ་དང་། ནུབ་རྒྱུད་ནི་གདང་ལ་རི་རྒྱུད་དང་། བྱུང་རྒྱུད་ནི་ཝུ་སའོ་རི་རྒྱུད་བཅས་ཀྱི་ནང་ཁོངས་ཀྱི་ས་ཆ་ལ་གོ་བ་དང་། བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་ཡིན། 

2 ཡུལ་དེའི་མི་རྒྱུད།         

ཡུལ་དེར་གནས་པའི་མི་རྒྱུད་ནི། ཆེས་སྔ་མོའི་དུས་ནས་ས་དེར་གནས་པའི་མི་རྒྱུད་ཁག་ཅིག་དང་། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་ཡོངས་རྫོགས་གཅིག་གྱུར་བྱས་པ་ནས་བཟུང་། ཆོས་རྒྱལ་མེས་དབོན་རྣམས་ཀྱི་སྐུ་རིང་ལ་རྒྱ་ནག་དང་དམག་འཁྲུག་ཐེངས་མང་བརྒྱབ་པའི་ནང་མཐའ་མཚམས་སྲུང་སྐྱོབ་ཆེད་བོད་དམག་ཁྲི་ཕྲག་མང་པོ་མདོ་སྨད་ཀྱི་ས་ཁུལ་སོ་སོར་གཏན་སྡོད་བྱས་པ་ལས་མཆེད་པའི་མི་རྒྱུད་ཕན་ཚུན་འདྲེས་ནས་བྱུང་བ་ལོ་རྒྱུས་ཁག་ན་གསལ་ཡོད། དེ་ཡང་སྒ་དང་། འབྲུ། བསེ། རྨུ། ལྡོང་། སྟོང་བཅས་བོད་ཀྱི་རྩ་བའི་རུས་ཆེན་དྲུག་ལས་མཆེད་པའི་བཙན་པོའི་གདུང་རྒྱུད་ཤ་སྟག་ཡིན། 

དཔེ་མཚོན་ཙམ་ཞུས་ན། དེང་སྐབས་མདོ་སྨད་ཁུལ་གྱི་རུ་སྡེ་མང་པོ་ཞིག་གི་མིང་གི་འདོགས་སྟངས་ཡང་སྔོན་བཙན་པོའི་སྐབས་ཀྱི་རུ་དཔུང་གི་མིང་དང་དེ་བཞིན་རྩ་བའི་རུས་ཆེན་དྲུག་གམ་བཞི་ལྟར་བཏགས་ཡོད། དེ་ལ་རུ་དཔུང་གི་མིང་བཏགས་ཡོད་པ་ནི སྒ་རུ། གཡས་རུ། གཡོན་རུ། རྨོག་རུ། འཁྱམ་རུ། འབྲོག་རུ། ཁེར་རུ། རུ་མང་། རྟ་མང་སོགས་དང་། དེ་བཞིན་དུ་ལྡོང་ཤུལ་ཆེན་བཅོ་བརྒྱད་དུ་འབོད་པ་ལ་ཡང་དཔལ་ཤུལ་དང་། དམེ་ཤུལ། མགོན་ཤུལ། བདུལ་ཤུལ། རྫ་ཤུལ། ཁྱོ་ཤུལ། རག་ཤུལ། བན་ཤུལ། ཐར་ཤུལ། སྨན་ཤུལ། ཕྱག་ཤུལ། འཕན་ཤུལ་སོགས་དང་། ཚ་ཆེན་བཅོ་བརྒྱད་དུ་གཏོགས་པར་གཅན་ཚ། རྐང་ཚ། གཟི་ཚ། ལྡི་ཚ། གཡུ་ཚ། ཕྱག་ཚ། རེབ་ཚ། དམུ་ཚ། ཁྲོམ་ཚ། རྒོད་ཚ། སྟག་ཚ། རག་ཚ། འཚམ་ཚ། ཟམ་ཚ། ཧུར་ཚ། ཏོག་ཚ། འགག་ཚ། མགོ་ཚ་བཅས་དང་། གཞན་ཡང་ཁ་གྱ་དང་། རྒན་གྱ། སྐྱ་གྱ། དོ་གྱ། ཤ་གྱ་སོགས་མང་པོ་དང་། 

སའི་ཆགས་དབྱིབས་ཀྱི་ཆ་ནས་དགུ་རོང་དང་། རྒྱལ་རོང་བཅས་རོང་ཆེན་བཞིའི་ཁྱབ་ཁོངས་སུའང་གནས་ཡོད། ཞིབ་ཕྲའི་ལོ་རྒྱུས་དེབ་ཐེར་རྒྱ་མཚོ་དང་མདོ་སྨད་ཀྱི་ལོ་རྒྱུས་ཆེན་མོ་སོགས་སུ་38-279067-13.JPG.jpgབཀོད་ཡོད། སྤྱི་ལོ2000ལོར་ཀྲུང་གོས་མི་འབོར་ཞིབ་བཤེར་གྲངས་ཐོ་ལྟར་མདོ་སྨད་ཀྱི་ཡུལ་གྲུ་ཁག་ཏུ་བོད་རྒྱའི་མི་གྲངས་ཀྱི་གནས་སྟངས་ནི། མཚོ་སྔོན་ཞིང་ཆེན་ནང་ཁྱོན་བསྡོམས་མི་གྲངས་ས་ཡ་བཞི་འབུམ་བརྒྱད་ཁྲི་གཉིས་སྟོང་གཉིས་དགུ་བརྒྱ་དྲུག་ཅུ་རེ་གསུམ(4822963)ཡོད་པ་ལས། བོད་མི(1086592)ས་ཡ་གཅིག་དང་ཁྲི་བརྒྱད་སྟོང་དྲུག་ལྔ་བརྒྱ་གོ་གཉིས་ཡོད་པ་དང་རྒྱ་རིགས(2606050)ས་ཡ་གཉིས་དང་དྲུག་འབུམ་དྲུག་སྟོང་ལྔ་བཅུ་ཡོད། 

ཀན་སུའུ་ཞིང་ཆེན་དུ་ཁྱོན་བསྡོམས་མི་གྲངས་བྱེ་བ་གཉིས་དང་ས་ཡ་ལྔ་ཆིག་འབུམ་ཉིས་ཁྲི་བཞི་སྟོང་ཉིས་བརྒྱ་གྱ་གཉིས(25124282)ཡོད་པ་ལས། བོད་མི(443228)བཞི་འབུམ་བཞི་ཁྲི་སུམ་སྟོང་ཉིས་བརྒྱ་ཉེར་བརྒྱད་ཡོད་པ་དང་རྒྱ་རིགས(22925063)བྱེ་བ་གཉིས་དང་ས་ཡ་གཉིས་དགུ་འབུམ་ཉིས་ཁྲི་ལྔ་སྟོང་དྲུག་ཅུ་རེ་གསུམ་ཡོད་ལ། 

སི་ཁྲོན་ཞིང་ཆེན་འོག་གི་ཨ་མདོ་རྔ་བ་ཁུལ་དུ་བརྒྱད་འབུམ་བཞི་ཁྲི་བདུན་སྟོང་བཞི་བརྒྱ་རེ་ལྔ(847465)ཡོད་པ་ལས། བོད་མི(455238)བཞི་འབུམ་ལྔ་ཁྲི་ལྔ་སྟོང་ཉིས་བརྒྱ་སོ་བརྒྱད་ཡོད་པ་དང་། རྒྱ་རིགས(209270)ཉིས་འབུམ་དགུ་སྟོང་ཉིས་བརྒྱ་བདུན་ཅུ་བཅས་ཡོད།

3 ཡུལ་གྱི་བཀོད་པ།

ཡུལ་འདིའི་ཕྱི་སྣོད་ཀྱི་བཀོད་པ་ནི་ས་དབྱིབས་ཆགས་ཚུལ་གྱི་ཐོག་ནས་མདོ་ལ་རིང་མོའི་རི་རྒྱུད་དང་། ཚྭ་འདམ་གཤོངས་ས། ལྷོ་ཕྱོགས་མཐོ་སྒང་བཅས་གསུམ་དུ་དབྱེ་ནས་བརྗོད་ན་མདོ་སྨད་བྱིངས་ཀྱི་རི་ལུང་གི་རྣམ་པ་ཐམས་ཅད་རི་རྒྱུད་དེ་དག་དང་འབྲེལ་ཆགས་སུ་ཡོད་པ་དང་། ཆེས་མཐོ་ཤོས་ཀྱི་རི་བོ་རྒྱ་མཚོའི་ངོས་ནས་མི་ཊར་དྲུག་སྟོང་བརྒྱད་བརྒྱ་དྲུག་ཅུས་མཐོ་བ་དང་། ཆེས་དམའ་ཤོས་རྒྱ་མཚོའི་ངོས་ལས་མི་ཊར་ཆིག་སྟོང་དྲུག་བརྒྱ་ཡས་མས་ཡིན། དེ་དག་ལས་མཐོ་ཚད་ལྔ་སྟོང་ཡན་གྱི་རི་རྒྱུད་ཡོངས་ལ་དུས་བཞིར་དབྱེ་བ་མེད་པར་ཁ་བས་གཡོགས་ཡོད་པས་གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་ཞེས་བརྗོད་པ་དོན་ལ་གནས་པ་ཞིག་ཡིན། 

རི་རྒྱུད་དེ་དག་ལས་འབབ་པའི་ཆུ་ཀླུང་གྲངས་མེད་པས་རེ་རེ་བཞིན་བརྗོད་དཀའ་ཡང་། ཕྱིའི་རྒྱ་མཚོར་འབབ་པས་ཕྱིར་འབབ་ཆུ་བོ་སྟེ་འཛམ་གླིང་ལ་གྲགས་པའི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་སོགས་དང་། ཕྱིའི་རྒྱ་མཚོར་མི་འབབ་ཀྱང་ནང་གི་མཚོ་དང་བྱེ་ཐང་སོགས་ལ་སིམ་པས་ནང་འབབ་ཆུ་བོ་ཞེས་ཤིན་ཏུ་མང་། ད་དུང་འཛམ་གླིང་ཕྱི་ན་ཁོ་ཁོ་ནོར་དུ་གྲགས་ཆེ་བའི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་གཙོས་མཚོ་དང་མཚེའུ་སུམ་བརྒྱར་ཉེ་བ་ཡོད་པ་དང་། རི་རྐེད་ཕལ་ཆེ་བ་རྩི་ཤིང་ནགས་ཀླུང་གིས་བཏུམས་པའི་ཁྲོད་དུ་བྱ་བྱེའུ་དང་གཅན་གཟན་སོགས་སེམས་ཅན་སྣ་ཚོགས་ཀྱི་གྲངས་མང་བ་དང་། མཐའ་ཡས་gejia_m_02.jpg.jpgཔའི་རྩྭ་ཐང་ཀུན་ཏུ་ཕྱུགས་ཟོག་གི་འཕེལ་ཁ་རྒྱས་ཤིང་རི་དྭགས་སྣ་ཚོགས་ཀྱི་བང་མཛོད་དུ་གྱུར་ཡོད། རྨ་ཆུ་དང་འཇུ་ལག་ཆུ་བོ། ཙོང་ཆུ། མང་ཆུ། འབའ་ཆུ། བུ་ཧཱ་ཆུ་བོ། རྫ་ཆུ། ཀླུ་ཆུ། བསང་ཆུ། དགུ་ཆུ། འབྲུག་ཆུ། རྔ་ཆུ། རྒྱལ་རོང་རྒྱལ་མོའི་རྔུལ་ཆུ། ཟུང་ཆུ་སོགས་འབབ་པའི་སྨད་རྒྱུད་དུ་གནམ་གཤིས་ཀྱི་ཚ་གྲང་ཅུང་སྙོམས་པས་འབྲུ་རིགས་སྣ་ལྔའི་ཞིང་ལས་ཐོན་སྐྱེད་དང་། ཤིང་ཏོག་འདྲ་མིན། རྩ་ཆེའི་སྨན་རྩྭའི་རྣམ་གྲངས་སོགས་ཀྱི་ཐོན་ཁུངས་ཧ་ཅང་ལེགས་ཤིང་། རང་བྱུང་གཏེར་དངོས་ཀྱི་ཐོན་རྫས་དང་གཏེར་ཁའི་རྣམ་གྲངས་ཤིན་ཏུ་མང་བས་དེང་སྐབས་རྒྱལ་ཡོངས་ཀྱི་རང་བྱུང་གཏེར་དངོས་ཀྱི་བརྒྱ་ཆའི་ཚད་མཐོ་བོར་བཟུང་ཡོད། ཡུལ་འདིའི་ས་ཁྱོན་ཆེ་ཆུང་ནི་དེང་རབས་ཀྱི་བཤད་ཚུལ་ལྟར་སའི་གོ་ལའི་ཤར་གྱི་གཞུང་ཐིགLongitudes89།13ནས104། 44བར་དང་། བྱང་གི་འཕྲེད་ཐིགlatitudes31ནས39། 21བར་གནས་ཡོད་པས། བོད་གངས་ཅན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་ལྔ་ལྷག་ཡོད་པ་དེ་ལས་མདོ་སྨད་ཀྱི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་དྲུག་འབུམ་བདུན་ཁྲི་བཞི་སྟོང་ལྷག་ཡོད་པས་ཡུལ་ཁམས་ཧ་ཅང་ཆེ།

4 བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས།          

དེ་ཡང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གསེར་ཆེན་དང་། ཁྲི་ཀ  མང་རྫོང་། བྲག་དཀར་རྫོང་། འབའ་རྫོང་བཅས་རྫོང་ཁག་ལྔ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་ན་གོར་མོ་གྲོང་ཁྱེར་དང་། བོས་ལའམ་དབུས་ལམ་རྫོང་། ཐེམ་ཆེན་རྫོང་། དུར་ལམ་རྫོང་། གཏེར་ལེན་ཁ་གྲོང་རྡལ་བཅས་ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་རྨ་ཆེན་དང་། རྨ་སྟོད། དགའ་སྡེ། དར་ལག པད་མ། གཅིག་སྒྲིལ་བཅས་རྫོང་ཁག་དྲུག་ཡོད།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་དཔའ་རིས་རྒྱ་ལྡོག་དང་སེམས་ཉིད་སོགས་ཡོད་སའི་རྒྱ་རྡོར་ཁ་ཆེ་རིགས་རང་སྐྱོང་རྫོང་དང་། མདོ་ལ། རྐང་ཚ། མདའ་གཞི་བཅས་རྫོང་ཁག་བཞི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁོངས་སུ་རེབ་གོང་དང་། གཅན་ཚ། རྩེ་ཁོག མདའ་ཚན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་བཅས་ཁྱོན་གྲོང་ཁྱེར་དང་། རྫོང་། གྲོང་རྡལ་ཉེར་བཞི་ཙམ་ཡོད། མཚོ་ཤར་ས་ཁུལ་གྱི་ཁོངས་སུ། ཚེ་ཏན་དང་བཀའ་མ་ལོག་སོགས་མེན་ཧོ་རྫོང་དང་། གྲོ་ཚང་སོགས་ལུའུ་ཏུའུ་རྫོང་། སྟག་འཚེར་དང་སྐུ་འབུམ་ཚོ་དྲུག་སོགས་ཕེན་ཨན་རྫོང་། ཆུ་བཟང་དང་དགོན་ལུང་སོགས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། བཱ་ཡན་དང་ད་འདུག  བྱ་ཁྱུང་སོགས་གཅན་ཚའི་ཉིན་ཕྱོགས་ལ་དཔའ་ལུང་ཁ་ཆེ་རིགས་རང་སྐྱོང་རྫོང་། རྡོ་སྦིས་དང་བསེ་ཆང་ཀ་རིང་སོགས་ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་། སྐུ་འབུམ་ཉེ་འཁོར་ཕལ་ཆེ་བ་ཡོད་སའི་ཧོང་ཀྲུང་རྫོང་། སྟོང་འཁོར་དང་ཉི་ཟླ་སོགས་ཧོང་ཡོན་རྫོང་། ཙོང་ཁ་རྒྱལ་པོའི་རྒྱལ་ས་སྟེ་ཟི་ལིང་གྲོང་ཁྱེར་ཁོངས་སུ་གསེར་ཁོག་སོགས་ཏཱ་ཐུན་རྫོང་བཅས་ཁྱོན་རྫོང་ཁག་དགུ་ཡོད། 

ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་སུ་བསང་ཆུ་དང་། ཀླུ་ཆུ། རྨ་ཆུ། ཅོ་ནེ། བ་ཙེ་དང་གཡེར་པ་སོགས་ཀྱི་ལིན་ཐན་རྫོང་། འབྲུག་ཆུ། ཐེ་བོ། དཔའ་རིས་བཅས་ཁྱོན་རྫོང་ཁག་བརྒྱད་ཡོད། 

སི་ཁྲོན་ཞིང་ཆེན་དུ། རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་རྔ་བ་རྫོང་དང་། མཛོད་དགེ། རྐ་ཁོག འཛམ་ཐང་། ཆུ་ཆེན། འབར་ཁམས། བཙན་ལྷ། བཀྲ་ཤིས་གླིང་། ལུང་དགུ། ཁྲོ་ཆུ། ཟུང་ཆུ། རྣམ་འཕེལ། རྟ་དམག(དེང་སྐབས་རྒྱའི་སྐད་དུ་ཆང་རིགས་སུ་འབོད་པ)རང་སྐྱོང་བཅས་རྫོང་ཁག་བཅུ་གསུམ་ཡོད། 

འདི་ལྟར་མདོ་སྨད་ཀྱི་ཡུལ་ལུང་རྣམས་རྫོང་རིམ་པ་ལྔ་བཅུ་ང་གཉིས་ཀྱི་ཁོངས་སུ་བགོས་ཡོད་ཀྱང་གོང་གསལ་རྫོང་ཁག་ཁོངས་སུ་མ་ཚུད་པའམ་མི་རིགས་གཞན་གྱི་མིང་བཏགས་པའང་ཧ་ཅང་མང་། དཔེར་ན། བོད་ཀྱི་ས་ཆ་ཁ་ཤས་ནི་ཀན་སུའུ་ཞིང་ཆེན་ནང་ཀན་སུའུ་སུའུ་པེ་སོག་རིགས་རང་སྐྱོང་རྫོང་དང་། སུའུ་ནན་ཡུ་གུར་རིགས་རང་སྐྱོང་རྫོང་། ཝུའུ་ཏུའུ་རྫོང་དང་ཝུན་ཞན་རྫོང་བཅས་ཀྱི་ཁོངས་སུ་བཅུག་ཡོད་པ་དང་། དེ་བཞིན་སི་ཁྲོན་ཞིང་ཆེན་ནང་ཕེན་ཝུའུ་རྫོང་དང་། པེ་ཁྲོན་རྫོང་། ཞིན་རྫོང་བཅས་ཀྱི་ཁོངས་སུ་བཅུག་ཡོད་པས་ཞིབ་ཕྲ་ལོ་རྒྱུས་དག་ལས་ཤེས་པར་བྱའོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-16

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།