ཡང་སྲིད་ཁྲི་འདོན་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡང་སྲིད་ཁྲི་འདོན་ལམ་ལུགས།
བོད་རབ་བྱུང་ལྔ་པའི་ཤིང་སྤྲེལ(1284)ལོ་ཀརྨ་པ་རང་བྱུང་རྡོ་རྗེ་སྐུ་འཁྲུངས་ནས་དགུང་ལོ་ལྔ་ལ་ཕེབས་སྐབས་གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་ཀརྨ་པཀྵི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས། དེ་ནི་བོད་དུ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་ཐོག་མ་དེ་ཡིན། དེ་ནས་རིམ་བཞིན་རྒྱལ་བ་སྐུ་ཕྲེང་རིམ་བྱོན་རྣམས་དང༌། པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས་དགོན་སྡེ་སོ་སོའི་སྤྲུལ་སྐུ་ངོས་འཛིན་ཞུ་བའི་ལམ་སྲོལ་དར་ཁྱབ་བྱུང་ཡོད། བླ་མའི་སྐུ་སྐྱེ་ངོས་འཛིན་ཞུ་བའི་ལམ་སྲོལ་དེ་ནི་སངས་རྒྱས་ཆོས་ལུགས་ནང་གང་ཟག་ཁྱད་དུ་འཕགས་པ་རྣམས་འགྲོ་བའི་དོན་ཕྱིར་སྙིང་རྗེའི་དབང་གིས་འཁོར་བར་ཡང་སྲིད་པ་ལེན་པ་ཞེས་པའི་ལུང་ལ་བརྟེན་ནས་དར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
活佛转世制度
 མིང་གཞན།
སྤྲུལ་སྐུ་ངོས་འཛིན་ལམ་ལུགས།
བྱུང་དུས།
སྤྱི་ལོ1284ལོར།
སྤྲུལ་སྐུ་ཐོག་མ།
ཀརྨ་པཀྵི་ཆོས་ཀྱི་བླ་མ།
ཐོག་མའི་སྲོལ་འབྱེད་གྲུབ་མཐའ།
ཀརྨ་བཀའ་བརྒྱུད།
1 ཀརྨ་པཀྵི་ཆོས་ཀྱི་བླ་མ།

རབ་བྱུང་གསུམ་པའི་ཤིང་བྱི་ལོར་ཁམས་འབྲི་ལུང་དུ་སྐུ་འཁྲུངས་པ་འདི་ཉིད་ཀརྨ་དུས་གསུམ་མཁྱེན་པའི་ཡང་སྲིད་དུ་ངོས་བཟུང་བས་བོད་ལ་བླ་མའི་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་ཐོག་མ་དེ་ནས་འགོ་ཚུགས། དུས་གསུམ་མཁྱེན་པའི་ཡང་སློབ་སྤོམ་བྲག་པ་བླ་མར་བསྟེན། མེ་ལུག་ལོ་ནས་མཚུར་ཕུར་ཕེབས་ཏེ་ལོ་དྲུག་བཞུགས། སེ་ཆེན་རྒྱལ་པོས་གདན་དྲངས་པ་བཞིན་རོང་ཡུལ་གསེར་སྟོད་དུ་རྒྱལ་པོ་དང་མཇལ། ནང་སོག་ཏུ་འཕྲུལ་སྣང་སྤྲུལ་པའི་ལྷ་ཁང་བཞེངས། རབ་བྱུང་བཞི་པའི་མེ་འབྲུག་ལོར་མོང་གོར་རྒྱལ་པོས་གདན་དྲངས་ཏེ་གུ་ཤྲིའི་གསེར་ཐམ་དང་ཞྭ་ནག་གསེར་མདོངས་ཅན་གནང་བས་ཀརྨ་པཀྵི་ཞེས་གྲགས། པཀྵི་ཞེས་པ་སོག་སྐད་དུ་སློབ་དཔོན་ཟེར། ལྕགས་སྤྲེལ་ལོར་མོང་གོར་རྒྱལ་པོ་འདས། གོ་བེ་ལ་གཅེན་གཅུང་ནང་མ་འཆམས་པ་དང་འབྲེལ་ཚུལ་གྱི་དབང་གིས་བཙོན་དུ་བཟུང་ཞིང་རྒྱང་འབུད་བཏང་། ཤིང་བྱི་ལོར་གུ་ཡངས་བྱུང་སྟེ་དབུས་སུ་ཕེབས་པའི་ལམ་བར་མདོ་ཁམས་སུ་བསྟན་པ་ལོ་བརྒྱད་སྤེལ། དེ་ནས་མཚུར་ཕུར་བྱོན། དགོན་པ་རྒྱ་ཆེར་བསྐྲུན། རབ་བྱུང་ལྔ་པའི་ཆུ་ལུག་ལོར་འདས།

2 བྱུང་བ།

དེའང་སྤྱི་ལོ1260ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པས(1235-1280)བོད་ཀྱི་ཆོས་སྲིད་ལ་དབང་བསྒྱུར་བྱས་པ་ནས་བཟུང་ང་ཚོ་གངས་ཅན་བོད་ཀྱི་རྒྱལ་ཁམས་འདིའི་ཆབ་སྲིད་ཀྱི་མངའ་ཐང་ཤཱཀྱའི་རང་བྱུང་རྣམས་ཀྱིས་ཧབ་ཐོབ་རྒྱག་པའི་འགྲན་རྩོད་ཀྱི་མྱུ་གུ་འབུས་པ་ནས་རིམ་གྱིས་བརྒྱུད་བོད་ཀྱི་ངག་རྒྱུན་ལ། ལུང་པ་རེ་ན་དཔོན་པོ་རེ། དཔོན་པོ་རེ་ལ་ཁྲིམས་ལུགས་རེ། དགོན་པ་རེ་ལ་བླ་མ་རེ། བླ་མ་རེ་ལ་ཆོས་ལུགས་རེ་ཞེས་བཤད་སྲོལ་ཡོད་པ་ལྟར་ཆོས་ལུགས་རེ་ལ་ཡང་མཆོད་སྡེ་རེ་རིས་སུ་བཅད་ནས་བདག་ཏུ་བཟུང་བས་མ་ཚད་བླ་མ་ཕལ་ཆེར་དཔོན་པོ་ཡིན་པ་དང་། དཔོན་པོའི་ཁ་ལོ་བླ་མས་བསྒྱུར་ནས་དོན་ལ་སྡེ་དཔོན་གཉིས་ཀ་བླ་མའི་བཀའ་བཀོད་ལ་ཉན་ཏེ་སོང་ཟེར་ན་གཤིན་ཡུལ། སྡོད་ཟེར་ན་མེ་ནང་། རྒྱོབས་ཟེར་ན་ཕ་མགོ་ཡིན་ཡང་བརྡུངས་རྐྱང་བྱེད་པའི་ཚད་དུ་སླེབས་ནས་བླ་མ་དང་དཔོན་པོའི་གསུང་ཞེས་གཅིག་ཏུ་བསྡོམས་ནས་ད་ལྟའི་ངག་རྒྱུན་དུ་འབོད་པ་འདི་གཞི་མཐུན་པའི་བསྡུ་བ་ཡིན་པ་གོར་མ་ཆག དེ་དུས་ང་ཚོའི་སྟོན་པའི་རྗེས་འཇུག་གི་རབ་བྱུང་རྣམ་པ་ཆོས་གཞུང་ནས་བཤད་པའི་དམངས་གཙོའི་རིང་ལུགས་ནས་ཞིང་བདག་གྲལ་རིམ། བཀས་བཀོད་རྒྱུན་འཛིན། དབང་བསྒྱུར་གྲལ་རིམ་སྟེ་སུམ་ཚོགས་ཅན་གྱི་ལམ་ལུགས་ལ་གོམ་སྟབས་བསྒྱུར་ཏེ། ཆོས་གོས་སོགས་ངན་ངོན་གསུམ་གྱིས་ཆོག་པའི་ལམ་ལུགས་ནས་འབྱོར་ལྡན་གྲལ་རིམ་གྱི་མི་སྣ་ཞིག་ཏུ་འཕར་བ་རེད།      སྐབས་དེ་དང་བསྟུན་ནས་བོད་བརྒྱུད་ནང་བསྟན་ལ་གྲུབ་མཐའ་མི་འདྲ་བ་དུ་མ་བྱུང་ནས་གྲུབ་མཐའི་བདག་པོ་ཕལ་ཆེ་བས་མཆོད་གཞིས་མི་སེར་འཕྲོག་རྩོད་གྱི་ཡོ་ལང་དྲག་ཏུ་འཁྲུགས་པས་མཚམས་དེ་ནས་རང་གི་སྲིད་དབང་མི་འགྱུར་སྲ་བརྟན་དང་། མངའ་ཐང་རྒྱ་བསྐྱེད་ཀྱི་འདུ་ཤེས་ཡང་མེད་ན་མི་འབྱུང་བའི་འབྲེལ་བ་ཆོས་ཉིད་ཀྱིས་གྲུབ་ཡོད་པས་དམིགས་ཡུལ་དེ་འགྲུབ་པའི་ཆེད་དུ་རང་རང་སོ་སོས་ཐབས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཡོད་དགུ་རྩལ་དཀྲུགས་ལ་རེམ་དུས་འགྲོ་མགོན་བཀའ་བརྒྱུད་པ་སྤྱི་དང་ཁྱད་པར་ཀརྨ་བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་པའི་མི་སྣ་ཚོའི་དོན་དུ་སྤྱི་ལོ1288ལོ་ཀརྨ་པ་རང་བྱུང་རྡོ་རྗེ་ཀརྨ་པཀྵི་ཡང་སྲིད་དམ་དུས་གསུམ་མཁྱེན་པའི་སྐུ་འཕྲེང་གསུམ་པ་རུ་ངོས་བཟུང་ནས་གོང་མའི་ཁྲི་ཁར་སླར་ཡང་བཞུགས་སུ་གསོལ་བ་འདི་ནི། སྔར་མི་ལོ་སྟོང་ཕྲག་དུ་མའི་རིང་རྒྱ་བོད་གང་གི་བློ་ཡུལ་ལ་འཆར་མ་ཐུབ་པའི་གྲུབ་ཐོབ་ཨོ་རྒྱན་པ་ཁོ་ནའི་འགྲན་ཟླ་མེད་པའི་རྣམ་དཔྱོད་དང་། ཕུལ་དུ་བྱུང་བའི་ཐབས་ཤེས་ལ་བརྟེན་པའི་ཐོན་རྫས་ཉག་གཅིག་ཡིན་པར་མ་ཚད་གནས་བབས་དེའི་དུས་སུ་བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་པ་རྣམས་འགྲན་རྩོད་དེའི་ཁྲོད་ནས་ཕམ་ཁ་ཁུར་མི་དགོས་པར། དཔུང་བ་མཉམ་གཤིབ་བྱས་ནས་འགྲོ་བའི་ནང་མགོ་འཕང་ཅུང་མཐོ་མཐོའི་ངང་མདུན་དུ་བསྐྱོད་ཐུབ་པའི་ཐབས་ལམ་ཡག་ཤོས་ཡང་རེད་འདུག ཡིན་ན་ཡང་ཉིན་དེ་ནས་བོད་ཀྱི་ཡང་སྲིད་ཁྲི་འདོན་ལམ་ལུགས་ཀྱི་མྱུ་གུ་ཐོག་མར་འབུས་ལ། དེང་སང་སངས་རྒྱས་བསྟན་པའི་འཇིག་རྐྱེན་དུ་གྱུར་པའི་ད་ལྟའི་བོད་ཀྱི་སྤྲུལ་སྐུའི་རྙོག་གྲ་ཆེན་པོ་འདིའི་ས་བོན་ཡང་དེ་དུས་བཏབ་པ་རེད།       འོ་ན་ཀརྨ་པའི་ཡང་སྲིད་ལ་ཕན་པ་ཇི་ཡོད་སྙམ་ན། ཀརྨ་དུས་གསུམ་མཁྱེན་པ་ནི་མཁས་བཙུན་བཟང་གསུམ་སོགས་དམ་པའི་ཡོན་ཏན་མ་ཚང་བ་མེད་པའི་སྐྱེས་བུ་དམ་པ་ཞིག་ཡིན་པས་མི་དམངས་མང་ཚོགས་ཀྱི་སེམས་ལ་འགྱུར་མེད་ཀྱི་དད་མོས་གཞན་ལས་ལྷག་པ་པ་ཡོད་པ་དང་། པཀྵི་ནི་ཆོས་ཕྱོགས་ཀྱི་ཡོན་ཏན་གོང་དང་འདྲ་བའི་ཁར་ཡོན་རྒྱལ་རབས་ཀྱི་གོང་མ་མོང་གོལ་ཧན་དང་། ཧུ་པེ་ལི་སེ་ཆེན་ཧན་སོགས་ཀྱིས་དབུ་བླར་བསྟེན་པས་ཆབ་སྲིད་ཀྱི་རྒྱབ་རྩ་ཤིན་ཏུ་ཆེ་བས་རང་བྱུང་རྡོ་རྗེ་དེ་ཚོའི་ཡང་སྲིད་དུ་ངོས་འཛིན་ན་གོང་གཉིས་ཀྱི་དད་མོས་རང་བྱུང་རྡོ་རྗེའི་ཐོག་བརྒྱུད་འཛིན་ཐུབ་པ་དང་། ཡོན་རྒྱལ་རབས་ཀྱིས་རྒྱབ་རྩ་མུ་མཐུད་འཕྲོ་སྐྱོང་ཐུབ་པ་དང་གཉིས། གཙོ་བོ་ཧོར་རྒྱལ་པོའི་གནང་བའི་ལས་ཞྭ་ནག་པོའི་ཐོབ་རྟགས་ནམ་ཡང་མི་ནུབ་འཛིན་ཆོག་པའི་དགོས་མཁོ་ཁྱད་པར་ཅན་དུ་མ་ཡོད་པས་སོ། ། 

3 འཕེལ་རྒྱས།     

བོད་ཀྱི་ཡང་སྲིད་ལམ་ལུགས་དར་རྒྱས་སུ་སོང་བ། གྲུབ་ཐོབ་ཨོ་རྒྱན་པས་དུས་གསུམ་མཁྱེན་པའི་ཡང་སྲིད་ངོས་འཛིན་བྱས་པའི་ཐབས་ལམ་དེ་རི་བོ་དགེ་ལྡན་པས་བེད་སྤྱད་ནས་རིན་སྤུངས་པ་ཀརྨ་བཀའ་བརྒྱུད་ཟུང་འབྲེལ་གྱིས་དགེ་ལུགས་པར་ཚུར་རྒོལ་བྱེད་པའི་དུས་སྐབས་སྤྱི་ལོ1475ལོར་འཁྲུངས་པའི་དགེ་འདུན་རྒྱ་མཚོ་དགེ་འདུན་གྲུབ་པའི་ཡང་སྲིད་དུ་ངོས་འཛིན་ཙམ་བྱས་ཀྱང་ནང་ཁུལ་ནས་ཁས་ལེན་མིན་གྱི་རྩོད་པ་དང་། ཕྱི་ནས་རིན་སྤུངས་པ་དང་ཀརྨ་བཀའ་བརྒྱུད་འབྲི་གུང་པ་བཅས་ཀྱིས་དགེ་བསྟན་ལ་འཕྲོག་བཅོམ་དང་གཏོར་བརླགས་ཚབས་ཆེན་ཐེབས་པ་སོགས་ཕྱི་ནང་གི་འགལ་རྐྱེན་དུ་མས་ཁྲི་འདོན་མཛད་སྒོ་དངོས་སུ་སྤེལ་མ་ཐུབ་ཅིང་། སྤྱི་ལོ1542ལོར་ཁོང་ཉིེད་སྐུ་གཤེགས་རྗེས་དགེ་འདུན་གྲུབ་པའི་སྤྲུལ་སྐུར་དངོས་སུ་ཁས་བླངས། དེ་བཞིན་པཎ་ཆེན་གཉིས་པ་དང་། ཞྭ་དམར་གཉིས་པ་སོགས་ངོས་འཛིན་བྱས་པ་དང་། མ་ཚད་རྒྱལ་སྤྲུལ་དང་། ཧོ་ཐོག་ཐུ། ཚོགས་ཆེན་སྤྲུལ་སྐུ། ཁྲི་སྤྲུལ་སྐུ། མཁན་སྤྲུལ་ཏེ་སྤྲུལ་སྐུའི་རིགས་མི་འདྲ་བ་ལྔ་རུ་གྱེས་ནས་གངས་ཅན་བོད་ཀྱི་ཞིངས་ཁམས་དེ་སྤྲུལ་སྐུའི་འཇིག་རྟེན་ཞིག་ཏུ་གྱུར་ནས་ཆོས་བདག་བླ་མ་དང་ཆབ་སྲིད་ཀྱི་མི་སྣ་གཉིས་པོ་ཁྲ་ཁྲ་ཤིག་ཤིག་ཟ་འོག་གི་རི་མོ་ལྟར་དབྱེ་བསལ་དཀའ་བ་ཞིག་ཆགས་ནས་དམར་སེར་དངུར་སྨྲིག་འཆང་བའི་རང་བྱུང་པ་ཆབ་སྲིད་ཀྱི་ཁྲི་ཁར་འཛེགས་ཏེ་དམག་དོན་གྱི་བཀོད་འདོམ་བྱེད་པ་ལ་བལྟས་ན་དེ་དུས་ང་ཚོའི་ཆོས་པ་རྣམས་ཀྱི་རིན་ཐང་ལྟ་ཚུལ་ལ་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད་པར་ངེས་སོ། །

4 སྒྲིག་གཞི།

ཡིན་ཡང་དེ་དུས་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་དེ་སྒྲིག་གཞི་དང་བརྒྱུད་རིམ་སོགས་ཅུང་འཐུས་ཚང་ཡིན་པ་དང་། ངོས་བཟུང་བའི་གང་ཟག་དེ་ཡང་བདག་གཉེར་དང་གསོ་སྐྱོང་ལེགས་པོ་བྱས་ནས་ཡོན་ཏན་སློབ་གཉེར་ལ་བསྐུལ་ཡོད་པས་དོན་ལ་སྔ་མའི་སྐུ་སྐྱེ་ཡིན་རུང་མིན་ཀྱང་རུང་རྒྱུད་རིམ་དེའི་ཁྲོད་ཀྱི་དམ་པ་མི་ཉུང་བ་ཞིག་ང་ཚོའི་ཆོས་དང་རིག་གཞུང་མི་དམངས་ཀྱི་བདེ་སྡུག་སོགས་གང་ལའང་མཛད་རྗེས་ཆེ་ལ། རང་ངོས་ནས་ལྟ་སྒོམ་སྤྱོད་གསུམ་གང་ཐད་ནས་མི་ལྟོས་ཕེར་བའི་དམ་པ་ཤ་སྟག་ཡིན་པས། དེ་ལྟ་བུའི་ཕ་མེས་གོང་མ་དག་གི་རླབས་ཆེན་གྱི་མཛད་བཟང་དང་བཀའ་དྲིན་ནི་ང་རང་བེམ་རིག་ཐ་དད་དུ་གྱེས་ཀྱང་ངའི་ཤ་དང་རུས་པའི་གསེང་ནས་ནམ་ཡང་བརྗེད་མི་སྲིད། དེ་དག་སྤྲུལ་མིང་ཡོད་པའི་རྒྱུ་མཚན་གྱིས་འཇོན་པའང་ངས་གཏན་ནས་ཁས་མི་ལེན། དེ་ནས་རིམ་བཞིན་ཡང་སྲིད་ངོས་འཛིན་འདི་ལག་བསྟར་མི་སྣ་རྣམས་ཀྱི་བསམ་བློའི་ཐབས་རྩལ་དང་། དཔྱོད་ཤེས་ཀྱི་གོ་རྟོགས་ཆེར་སོང་ནས་རང་ཉིད་ལ་མཛའ་འབྲེལ་ཡོད་པའི་འབྱོར་ལྡན་དང་། བོད་སོག་དཔོན་རིགས་ཆེ་ཁག་གི་བུ་ཕྲུག་བྱད་བཞིན་ལེགས་པ་གང་རུང་རེ་པང་དུ་བླངས་ནས་འདི་ང་མ་འདས་པའི་སྤྲུལ་སྐུ་ཡིན་ཟེར་ནས་རང་ཉིད་འཆི་མི་དགོས་པར་རང་གི་ཡང་སྲིད་བདག་དབང་བྱས་ཏེ་རང་ཉིད་སྲིད་དབང་རྒྱུན་འཛིན་བྱེད་ཐབས་བྱ་བ་དང་། གྲུབ་མཐའ་ཁག་གི་བླ་མ་མཁས་བཙུན་བཟང་གསུམ་དང་མི་དམངས་ཀྱིས་དད་འདུན་ཆེ་བ་ཞིག་སྐུ་གཤེགསཔ་ན་གདན་ས་ཆེ་ཁག་དུ་མས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སསྤྲུལ་སྐུ་ལྔ་འམ་གསུམ་སོགས་ཁྲི་འདོན་མཛད་གྱི་མཛད་སྒོ་སྤེལ་བ་དང་། ཡང་འགའ་ཞིག་གིས་རང་ཉིད་ཀྱིས་ཆབ་སྲིད་དམིགས་ཡུལ་ཆོས་ལུགས་སློབ་གསོའི་ཁ་ལོ་བསྒྱུར་ནས་འདས་དུས་ཀྱི་སྤྲུལ་སྐུ་དང་མ་འདས་ཀྱི་སྤྲུལ་སྐུ་སྟེ་གཉིས། དེ་རེ་རེ་ལ་སྐུ་གསུང་ཐུགས་སོགས་ལྔ་ལྔ། དེ་རེ་རེ་ལ་ཡང་སྤྲུལ་སྐུ་བཅུ་བཅུ་ཡོད་པ་ལ་ལུང་རིགས་ཀྱི་གནོད་པ་འགོག་ཕྱིར་ཐེག་པ་ཆེན་པོའི་བྱང་སེམས་བདག་ཉིད་ཆེན་པོའི་རྣམ་ཐར་གྱིས་རྒྱས་བཀབ་ནས་རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་ལྟར་བྱེ་བྲག་སྨྲ་བའི་ཐོབ་པ་རྫས་གྲུབ་ལས་ཀྱང་སྤྲུལ་སྐུའི་དགའ་སྟོན་ཆེན་མོས་ང་ཚོའི་ཡང་སྲིད་ཁྲི་འདོན་ལམ་ལུགས་གུ་དོག་གི་འཕྲང་ལམ་སྒོ་གཅིག་མ་དེ་གཞི་རྒྱ་ཆེ་བའི་ཐང་ཆེན་ཕ་མཐའ་ཡས་པ་ཞིག་ལ་རྒྱ་ཁྱོན་བསྐྱེད་ནས་ཟླ་དྲུག་པའི་ནང་གི་སྐྱེད་ཚལ་ཇི་བཞིན་མདོག་མི་གཅིག་པའི་སྤྲུལ་སྐུའི་མེ་ཏོག་མང་པོའི་བསིལ་ལྡན་ཁ་བའི་སྨན་ལྗོངས་ཁྲ་ཤིག་སེ་གང་བ་དང་མཉམ་དུ་ཆོལ་གསུམ་སྤུན་ཟླ་རམ་པའི་སྐུ་གསུང་ཐུགས་གསུམ་ཧྲིལ་བོ་ཆོས་ལུགས་ལ་བསྟེན་པའི་རྨོངས་དད་ཀྱི་ངོ་རས་ནག་པོ་ཞིག་གིས་འོབ་ཀྱིས་བཏུམ་ནས་ཞེན་རིག་གི་དྲྭ་བ་དེ་ལས་ད་དུང་མགོ་བོ་ཕྱི་རུ་མངོན་མ་ཐུབ་པར་ལུས་སོང་།       གོ་སྐབས་དེ་དང་བསྟུན་ནས་སྤྱི་ཆུས་ཡར་བར་བོར་བའི་རང་དོན་གཙོ་གཉེར་བ་མང་པོ་ཞིག་མིང་ཐོག་ཐོབ་དང་ཁྲི་འཕང་དེ་ལ་ཆགས་སྲེད་ཀྱི་འདུ་བ་རབ་ཏུ་འཁྲུགས་ནས་འགྲན་རྩོད་ཀྱི་གཡུལ་འབྱེད་ཆེན་པོ་ཞིག་ལ་ཞུགས་པའི་མཇུག་འབྲས་ནི། རྒྱལ་མོ་འབྲུག་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་དང་། དུང་དཀར་པས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་སོགས་ཚངས་ཐིག་དགུ་འཁྱོག་ཏུ་མ་སོང་བར་ལོ་རྒྱུས་དྲང་ཐད་དུ་བཤད་པའི་དེབ་ཐེར་དང་ཡིག་ཚང་དག་ལས་གསལ་བ་་བཞིན། དེའི་ནང་གི་མིང་ཐོབ་དང་གོ་ས་མཐོ་བའི་སྤྲུལ་མིང་ཅན་འགའ་ཞིག་ནི་ནང་འཁྲུགས་ཀྱི་བྱད་གཏེ། དམག་འཁྲུག་གི་དཔོན་པོ། ཕྱི་དགྲ་ནང་འདྲེན་གྱི་ཟོར་འདྲེ་སོགས་བྱས་ཏེ། ཁ་བའི་ལྗོངས་འདིར་དམེ་ཁྲག་གི་རྒྱ་མཚོ་བསྐྱིལ། དམེ་རུས་ཀྱི་གྲམ་ཐང་བརྡལ། ཡི་མུག་གི་འཇག་སྐྱ་འཕྱོ་བ་ཞིག་གི་སྦྱོར་བ་བརྩམས་ཡོད་ཀྱང་། ཁོང་རྣམ་པས་གསོད་པོ་གསད་བྱ་གསོད་པའི་ལས་ལ་འཁོར་གསུམ་དམིགས་པ་མེད་པའི་གནས་ལུགས་ཡོངས་དག་ཆེན་པོས་རྒྱས་ཐེབས་ཡོད་ན་ཡང་། ཐེག་པ་ཆེན་པོའི་ལུགས་ཀྱི་བཤད་པ་ཉམས་དགའ་བ་ཞིག་ཡོད་ལ་དེ་ལྟར་ཡིན་པར་ཡང་ངེས་ཀྱང་། དེ་ནི་ང་ཚོ་སོ་སྐྱེ་ཐ་མལ་བའི་མི་ག་སྔར་སྣང་ཚུལ་དབང་བཙན་དུ་བྱས་ནས་མི་རིགས་ཤིག་གི་ཆོས་སྲིད་ཀྱི་བྱུང་བ་ལོ་རྒྱུས་རིག་པའི་སྤྱི་འགྲོས་དང་སྦྱར་ཏེ་བཤད་ན། ཚང་དབྱངས་རྒྱ་མཚོའི་གསང་རྣམ་བཞིན་བསམ་གྱིས་མི་ཁྱབ་པའི་ཟབ་དོན་ཡིན་པས། སྐབས་སུ་བབ་པའི་བརྗོད་བྱ་མིན་ལ་རྗོད་པར་ཡང་མི་ནུས་པས་དག་སྣང་སྦྱོངང་བའི་ཡུལ་ཙམ་དུ་བཞག་ན་ལེགས་ཏེ། རྡོ་གྲུབ་བསྟན་པའི་ཉི་མས། བསམ་གྱིས་མི་ཁྱབ་པའི་དོན་ལ་བསམ་པར་མི་བྱ་སྟེ་མགོ་འཁྲུགས་པར་འགྱུར་བའི་ཕྱིར་རོ་ཞེས་གསུངས་པས་སོ།།  

5 འགྲན་རྩོད།     

དེ་ལྟ་བུ་གོང་དུ་བརྗོད་པའི་འགྲན་རྩོད་ཀྱི་འབྱུང་རྩ་ངོ་མ་ནི་དམ་པའི་ཆོས་གཞུང་ནས་གསུངས་པའི་ཚད་མེད་བཞི། བདག་གཞན་མཉམ་བརྗེ། བྱང་སེམས་བསྐྱེད་སོགས་གཞན་དོན་ལྷུར་ལེན་གྱི་བསམ་བློ་རླབས་ཆེན་དག་རིང་དུ་དོར་ནས་རང་གི་བདེ་སྡུག་དང་རང་གི་འཚོ་གནས་ཁོ་ན་ལ་བསམ་མནོ་བཏང་ཆེ་སྟེ། རང་མགོ་རང་གིས་འདོན་ལ་བརྩོན་པའི་བདག་གཙོའི་འདུ་ཤེས་དང་འགྲན་རྩོད་ཀྱི་འདུ་ཤེས་ཤུགས་དྲག་པའི་དབང་གིས་བྱུང་བ་རེད། སྤྱིར་གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག །ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག།མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།། གཅིག་ལས་གཅིག་མགྱོག་བདེ་བའི་ཆེད་དུ་རྒྱུག །ཅེས་པ་ལྟར་འཇིག་རྟེན་ཐམས་ཅད་འགྲན་རྩོད་ཀྱི་ངང་ལ་འཕེལ་འགྱུར་བྱེད་བཞིན་ཡོད་པས། འགྲན་རྕོད་ཀྱི་འདུ་ཤེས་ཞན་དྲག་པའི་དངོས་པོ་གང་ཞིག འཕེལ་རྒྱས་སུ་འགྲོ་བ་ཆོས་ཉིད་ཡིན་ལ། འགྲན་རྩོད་ནི་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་གཞི་རྩའང་ཡིན། ཡིན་ཡང་འགྲན་རྩོད་ཡིན་ན་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་པས་མ་ངེས་ཏེ། འགྲན་རྩོད་ཀྱི་ཁ་ཕྱོགས་ནོར་ན་ཕུང་འགྱོད་ཀྱི་རྩ་བ་ཡིན་པ་དཔེར་ན། འཛམ་གླིང་འཁྲུག་ཆེན་དང་པོ་སྤྱི་ལོ(1914-1918)དང་གཉིས་པ་སྤྱི་ལོ(1939-1945)འགྲན་རྩོད། ཤེ་ཐེ་ལེས་ཧྥ་ཤི་སིའི་སྲིད་དབང་སྒེར་འཛིན་གྱི་འགྲན་རྩོད། རིག་གནས་གསར་བརྗེ་ཆེན་པོའི(1966-1976)ལོའི་གོད་ཆག་ནང་གི་འགྲན་རྩོད། དེང་སང་བོད་ཀྱིས་སྤྲུལ་སྐུ་ཞེས་པའི་མིང་བྱང་དང་རྐུབ་སྟེགས་ཐོག་ལ་ཧབ་ཤ་རྒྱག་པའི་འགྲན་རྩོད། རང་ཉིད་ཀྱི་རྐང་ལག་བརྐྱང་སྐུམ་དང་ཞེ་འདོད་ཁ་ནས་བརྗོད་པའི་རང་དབང་ཙམ་ཡང་མེད་པར་གཞན་འོག་ན་མགོ་བོ་རྒུར་བཞིན་དུ་ཡབ་མེས་གོང་མ་དག་གིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་བསགས་སྲུང་སྤེལ་བའི་མི་རིགས་གཅིག་གི་རྩ་ཆེའི་རིག་གཞུང་དང་རིག་གནས་མཐའ་དག་གཞི་མེད་རྩ་བྲལ་བྱེད་འདོད་པའི་འགྲན་རྩོད་སོགས་དཔྱོད་ཤེས་མེད་པའི་འགྲན་རྩོད་ནི། ངོ་ཚ་དང་ཕམ་ཁ། ཉམས་རྒུད་དང་རྗེས་ལུས་ནང་འདྲེན་བྱེད་པའི་སྣ་ནག་མའི་འགྲན་རྩོདཡིན་པ་ནི། མཐུན་སྒྲིལ་དང་འཕེལ་རྒྱས། ནང་བསྟན་ཆོས་ལུགས་ཀྱི་མཚན་སྙན་དང་འཕྲིན་ལས་བཅས་ལ་ཉེན་ཚབ་ཆེ་བའི་གནོད་ཚེ་ཕོག་ཡོད་པ་ནི། ཕྱི་མི་དགོས་དངུལ་དཀར་མེ་ལོང་།། ཤད་མི་དགོས་མཁའ་འགྲོའི་དབུ་སྐྲ།། ཞེས་པ་ལྟར། ཁ་ནས་མ་བཤད་ཀྱང་། འཛམ་གླིང་ལོ་རྒྱུས་རིང་མོའི་དངོས་མང་ཁང་དུ་འབུར་ཐོན་གྱི་ཚུལ་དུ་བཤམས་སྟོན་བྱས་འདུག་པ་འདི་ང་ཚོས་མ་མཐོང་ཁུལ་བྱས་ནས་བསྡད་ན་ཕན་པ་ཅི། ངོ་མཚར་བ་ཞིག་ལ། བརྣབ་སེམས་དང་ཧམ་སེམས། འགྲན་སེམས་དང་གནོད་སེམས་སོགས་རིང་དུ་བོར་ནས། འདོད་ཆུང་ཆོག་ཤེས། ཞི་བདེ་དོན་གཉེར། བློ་བདེ་བག་ཕེབས་ཀྱི་སྒོ་ནས་ཆོས་གོས་དང་གནས་མལ་བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་པའི་མ་ཆགས་འཕགས་པའི་རིགས་ལ་བསྟེན་པའི་བཀའ་གདམས་གོང་མ་རྣམ་ལྔ། བཀའ་བརྒྱུད་མར་མི་དྭགས་གསུམ། རྙིང་མའི་རོང་ཀློང་མངའ་གསུམ་སོགས་ནི། མཁས་བཙུན་བཟང་གསུམ་གྱི་སྙན་པ་པདྨའི་གཉེན་གྱི་ཟེར་མ་དང་འགྲོགས་ནས་ས་གཞི་ཆེན་མོ་ལེབ་ཀྱིས་ཁེབས་པ་ནི་ཨེ་མ་ཧོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-04

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།