ཐང་ག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཐང་ག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བོད་ཀྱི་ལྷ་རིས་སྒྱུ་རྩལ་རི་མོ།)

ཐང་ག
བོད་ཀྱི་ལོ་རྒྱུས་ཁག་ལས། རྒྱལ་བོ་སྲོང་བཙན་གྱི་དུས་སུ་རྒྱ་བཟའ་བོད་དུ་སྤྱན་འདྲེན་པ་དང་ལྷན་དུ་ཇོ་བོ་ཤཱཀྱ་མུ་ནེ་དང་བཟོ་སྣ་བཅོ་བརྒྱད་སོགས་བོད་དུ་དྲངས། ཕན་ཚུན་སློབ་མ་དང་བཟོ་རྩལ་པ་མངགས་པར་གསུངས། ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་སྐབས་དར་ཐང་ཆེན་མོ་གསུམ་བཞེངས་པ་ལས་བོད་ལ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གོང་དུ་ཐང་ག་བཞེངས་སྲོལ་དར་བ་ཤིན་ཏུ་གསལ། བོད་ཀྱི་ཐང་གའི་བྲིས་ལུགས་ལ་སྨན་ཐང་ལུགས་དང་ཀརྨ་སྒར་ལུགས། བལ་བོའི་ལུགས། བྱིའུ་སྒང་ལུགས། མཁྱེན་བརྩེ་ལུགས་བཅས་ལྔ་ཡོད་པ་དང་། ཐང་ག་ལ་རིགས་དགར་ན་སྐྱ་ཐང་དང་། ཚོན་རྫོགས། ཐང་ནག མཚལ་ཐང་། གསེར་ཐང་། གོས་སྐུ། གོས་སྐུ་འབུར་མ། འཚེམ་ཐང་། འཐག་ཐང་། མུ་ཏིག་གི་ཐང་ཀ ཕྱིས་སུ་དར་བའི་ཆུ་རིས་མ། ཕྱི་གླིང་ལུགས་ཀྱི་འབུར་ཚུགས་ཅན་སོགས་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
唐卡
ཕྱི་ཡིག་གི་མིང་།
thang kha


1 ངོ་སྤྲོད།

ཐང་ག་དངོས་བཤད་པའི་ཐོག་མར། ཐ་སྙད་དེ་ཇི་ལྟར་བྱུང་བ་དང་། དུས་ནམ་དང་ཚུལ་ཇི་ལྟ་བུས་བོད་དུ་ཐང་ག་བཟོ་སྲོལ་དར་བར་རགས་ཙམ་དཔྱད་པར་བྱ་བ་ལ། ལོ་རྒྱུས་སྨྲ་བ་འགའ་ཞིག་གིས། ཐ་སྙད་དེ་རྒྱ་ནག་གི་སྐད་ཀྱི་སྒྲ་ཐད་འགྱུར་ཡིན་ལ། དེའི་སྲོལ་ཡང་རྒྱ་ནག་ནས་བྱུང་བར་བཤད་མོད། ཁོ་བོས་དེ་སྔོན་ཡིད་རྟེན་དུ་རུང་བའི་ལོ་རྒྱུས་ཁུངས་བཙན་མ་མཐོང་བས་འདི་ནི་འདི་འོ་ཞེས་སྨྲ་བའི་སྤོབས་པ་ཞུམ་མོད། འོན་ཀྱང་དེ་ལ་བསམ་དགོས་པ་ཞིག་ཀྱང་སྣང་སྟེ། བོད་ཀྱི་ལོ་རྒྱུས་ཆེན་མོ་ཁག་ལས། རྒྱལ་པོ་སྲོང་བཙན་ཀྱི་དུས། བློན་པོ་མགར་གྱིས་རྒྱ་བཟའ་ཀོང་ཇོ་བོད་དུ་སྤྱན་འདྲེན་པ་དང་ལྷན་དུ། ཇོ་བོ་ཤཱཀྱ་མུ་ནེ་དང་བཟོ་སྣ་བཅོ་བརྒྱད་ཀྱི་དཔེ། སྨན་དཔྱད་ཆེན་མོ་དང་། རྩིས་ཀྱི་པོར་ཐང་བརྒྱད་ཅུ་རྣམས་ཀྱང་བོད་དུ་དྲངས། ཕན་ཚུན་སློབ་མ་དང་བཟོ་རྩལ་པ་མངགས་སོ་ཞེས་བྱུང་བ་དང་། ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་སྐབས་དར་ཐང་ཆེན་མོ་གསུམ་བཞེངས་ཚུལ་བཤད་ལ། དེ་ལ་ལོ་རྒྱུས་འགའ་ཞིག་ཏུ་སི་ཐང་ཞེས་ཀྱང་པྲི་སྣང་མོད་སྒྲ་འགྱུར་ལ་སི་ཐང་དང་། དོན་འགྱུར་ལ་དར་ཐང་ཞེས་བརྗོད་པ་ཡིན་ནམ་སྙམ་དུ་དཔྱད་དོ། ། གང་ལྟར་ཡང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གོང་དུ་བོད་ལ་ཐང་ག་བཞེངས་སྲོལ་དར་བ་ཤིན་ཏུ་གསལ་ལོ། །

2 རིགས་དབྱེ།

ཐང་ག་ལ། སྐྱ་ཐང་དང་། ཚོན་རྫོགས། ཐང་ནག མཚལ་ཐང་། གསེར་ཐང་། གོས་སྐུ། གོས་སྐུ་འབུར་མ། འཚེམ་ཐང་། འཐག་ཐང་། མུ་ཏིག་གི་ཐང་ག ཕྱིས་སུ་དར་བའི་ཆུ་རིས་མ། ཕྱི་གླིང་ལུགས་ཀྱི་འབུར་ཚུགས་ཅན་སོགས་ཡོད་པ་ལས། སྐྱ་ཐང་ནི། རས་གཞི་དཀར་པོའི་སྟེང་དུ་སྐྱ་རིས་བྲིས་ཟིན་པ་དང་ཐོག་མར་ཚོན་གྱིས་གནམ་ས་དབྱེ་བར། མཐིང་དང་ཡང་ན་རམ་གྱི་ཁ་ཆུ་དྭངས་མས་ནམ་མཁའ་མདངས། དེ་ནས་སྤང་གི་ཁ་ཆུ་དྭངས་མས་ས་གཞི་མདངས། དེ་ནས་རྒྱབ་ནས་མདུན་གི་རིམ་པ་བཞིན་ཚོན་བྱུག་ལ། མདངས་ཀྱི་གཙོ་བོ་བྱས་ཤིང་བྱུག་ཚོན་སླ་ཞིང་དྭངས་བ་སྐྱ་ཐང་གི་ཁྱད་ཆོས་ཡིན། ཚོན་རྫོགས་ནི། སྐྱ་རིས་གྲུབ་ཟིན་པ་དང་མཐིང་སྐྱ་གར་སླ་རིམ་པ་གསུམ་ཡན་དུ་སྦྱོར་ནས་ནམ་མཁའ་ལ་འོག་ནས་གྱེན་དུ་རིམ་བཞིན་ཚོན་མ་སྐམ་ཙམ་དུ་རློན་མདངས་ཀྱིས་ཚོན་སྐྱ་བ་ནས་གར་བར་གར་སླའི་མཚམས་མི་མངོན་པར་བྱ། ས་གཞི་ལའང་སྤང་སེར་གྱི་སྤང་སྐྱ་སོགས་ཀྱིས་གོང་བཞིན་བྱ། བྱུག་ཚོན་སྐྱ་ཐང་ལས་གར་ཞིང་མཐུག་པས། སྣུམ་ཞིང་བཀྲག་མདགས་ཆེ་བ་ཚོན་རྫོགས་ཀྱི་ཁྱད་ཆོས་སོ། །      

ཐང་ནག་ལ་གཉིས་ཏེ། རས་གཞིར་སྣག་ལེགས་པར་བྱུག་པའི་སྟེང་དུ་གསེར་གྱི་རི་མོ་ཉམས་དང་ལྡན་པ་བྲིས་པ་ལ། སྤྱན་ཙམ་མ་གཏོགས་པའི་རི་མོ་གཞན་ལ་ཕལ་ཆེར་ཚོན་གཞན་མེད་པ་ཞིག་དང་། ཡང་རས་གཞི་གོང་ལྟར་ལ་སྐུ་ཤ་དང་མེ་ཏོག་དཀར་དམར་སོགས་རེ་འགའ་ལ་ཚོན་སླ་ཞིང་སྙོམས་པར་བྱུག གཞན་ཐམས་ཅད་ལ་ཚོན་གྱིས་རེ་རེ་བཞིན་མདངས་ཁོ་ནས་གྲུབ་པར་བ། དེའི་སྟེང་དུ་གསེར་བཟང་པོས་བཅད་ལེགས་པར་དྲངས་ནས་གྲུབ་པ་སྟེ། ཚོན་དྭངས་ལ་གསལ་བ་ཚོན་ལྡན་གྱི་རྭ་ཤེལ་ལ་བལྟས་པ་དང་མཚུངས་པ། སྣུམ་ཞིང་བརྗིད་ཆགས་པ། བཅད་རིས་གྲིམ་ཞིང་མཉེན་པ། གོས་ཆེན་གྱི་རི་མོ་སོགས་ལ་ཞིབ་ཚགས་ཆེ་བ་རིན་ཆེན་དང་པོའི་འོད་ཀྱིས་མིག་མདོག་འཕྲོག་པ་སྟེ། གོང་གི་ཐང་ག་རིགས་གཉིས་ལས་འགྲོ་སོང་དང་དཀའ་ཚེགས་ཆེ་བས་སྔོན་གྱི་བྱ་གསུམ་གྲག་ལ་སོགས་རིན་ཐང་དང་ལྡན་པའི་ཐང་ག་ཕལ་ཆེ་བ་ནི་གོང་དུ་སྨྲས་པ་བཞིན་བྲིས་པའི་ཐང་ནག་ཡིན་པར་སྣང་། བྱ་གསུམ་གྲག་ནི། དཔྱིད་ཀའི་ཁུ་བྱུག་ཐོག་མར་གྲག་པ་ནས་ཕྱིར་ལོ་དེ་དུས་ཀྱི་བར་དུ་ལོ་ཧྲིལ་པོ་ཞིག་བྲིས་པ་ལ་བ་གཅིག་གྲག་ཅེས་བརྗོད་ཅིང་དེ་ལྟར་བརྩིས་པའི་ལོ་གཉིས་བྲིས་པ་ལ་གཉིས་གྲག་དང་། ལོ་གསུམ་བྲིས་པ་ལ་བྱ་གསུམ་གྲག་སྟེ་བྱ་གསུམ་གྲག་གི་ཐང་ག་ཞེས་པ་དེ་དོན་དུ་ཐང་ག་འདི་བཟོ་བོ་མཁས་པས་རིན་པོ་ཆེ་དུ་མས་མི་ལོ་ཧྲིལ་པོ་གསུམ་དུ་བྲིས་ནས་གྲུབ་པའི་རྟེན་འགངས་ཆེན་ཞིག་གོ་ཞེས་པའི་དོན་ནོ། ། ཐང་ནག་སྔ་མ་ནི་ཁྲོ་བོ་དང་སྲུང་མ་སོགས་བྲིས་ན་རྔམས་བརྗིད་ཆེ། ཕྱི་མ་ནི་ཞི་དྲག་གང་ཞིག་བྲིས་ཀྱང་རུང་ལ། ཞི་བའི་སྐུ་དྭངས་ཤིང་མཛེས་པ་ཁྲོ་བོའི་སྐུ་རྔམས་ཤིང་བརྗིད་པའི་ཁྱད་ཆོས་ཡོད།      

མཚལ་ཐང་ནི། རས་གཞི་དཀར་པོའི་སྟེང་དུ་མཚལ་ལེགས་སྙོམ་པར་བྱུགས་པའི་ཐོག་གསེར་གྱི་རི་མོ་ཐང་ནག་གི་བཅད་རིས་དང་མཚུངས་པ་བྲིས་པ་དེ་ཡིན།      

གསེར་ཐང་ལ་རྣམ་པ་མང་སྟེ། རིགས་ལྔ་དབུ་རྒྱན་སོགས་པ་ཏྲ་རིགས་ཀྱི་རྒྱན་ཐམས་ཅད་དང་། ན་བཟའི་གོས་ཆེན་གྱི་རི་མོ་དང་། སེང་ཁྲིའི་པ་ཏྲ་དང་། ཁང་བཟང་གི་རྒྱ་ཕིབས་སོགས་གསེར་ལས་བྱས་ཤིང་། གཞན་ཐམས་ཅད་ཚོན་ཐང་དང་མཚུངས་པ་དང་། མཚལ་ཐང་ལས་ལྡོག་སྟེ་རས་གཞིའི་སྟེང་དུ་གསེར་ལེགས་པར་བྱུག་པའི་སྟེང་། མཚལ་ལ་སོགས་རིན་པོ་ཆེའི་རིགས་ཀྱིས་རི་མོ་ཉམས་དང་ལྡན་པས་གྲུབ་པ་དང་། ནམ་མཁའ་དང་ས་གཞི། ལྗོན་ཤིང་དང་མེ་ཏོག་སོགས་ལས་གཞན་གྱི་ཚོན་ཕལ་ཆེར་གསེར་བྱུགས་པའི་སྟེང་དུ་མཚལ་གྱི་རི་མོ་བྲིས་པ་སོགས་རྒྱས་བསྡུས་དང་ཚུལ་ནི་ཡོན་བདག་སོ་སོའི་འབྱོར་བ་ལ་བསྟེན་ནས་བཞེངས་པའོ། །དེའི་ཁྱད་ཆོས་ནི། རྒྱུ་གསེར་དང་མཚལ་ལེགས་གཙང་སྤང་གཙང་མཐིང་ལ་སོགས། རིན་པོ་ཆེ་ལས་གྲུབ་པའི་བཟོ་རིགས་ཀྱི་དངོས་པོ་དཀོན་ཞིང་རིན་ཐང་ཆེ་བ་དང་། གསེར་ཐང་འབྲི་མཁན་གྱི་བཟོ་བོ་ནི་ལག་རྩལ་མཐོ་ཤོས་ཤིག་ཡིན་ངེས་པ་སྟེ་ལྷ་བཟོ་དཀྱུས་མ་ཞིག་ལ་ནི་གསེར་ཐང་འབྲིར་འཇུག་མི་སྲིད་པས། ཕལ་ཆེར་སྒྱུ་རྩལ་གྱི་ཚད་མཐོན་པོ་ལྡན་པ་དང་། གསེར་ཐང་དེ་ཉིད་ཐང་ག་མང་པོའི་གྲལ་དུ་བཤམས་ན། སྣུམ་བརྗིད་ཀྱིས་ཐང་ག་གཞན་དག་གི་བཀྲག་མདངས་ཟིལ་གྱིས་གནོན་པ་སོགས་ཀྱི་ཁྱད་ཆོས་ཡོད་དོ། །

3 བྲིས་ལུགས།
3_1 སྨན་ཐང་ལུགས།

810a19d8bc3eb13572a0e829a51ea8d3fd1f4438.jpg.png.pngསྨན་ཐང་པའི་བྲིས་རྒྱུན་ནི་བོད་ཁུལ་དུ་དུས་རབས15པའི་འཇུག་དུས་སུ་དར་ཁྱབས་ཆེ་བའི་རི་མོའི་བྲིས་རྒྱུན་ཞིག་ཡིན་ལ། ལུགས་འདིའི་སྲོལ་འབྱེད་པ་སྨན་ལྷ་དོན་འགྲུབ་ནི་ལྷོ་བྲག་སྨན་ཐང་དུ་སྐུ་འཁྲུང་པས་སྨན་ཐང་ལུགས་ཞེས་ཀུན་ལ་གྲགས་ཤིང་། སྨན་ལྷ་དོན་འགྲུབ་ནི་རི་མོའི་སྒྱུ་རྩལ་ལ་བྱང་ཆུབ་པ་མ་ཟད་་་སྐུ་གཟུགས་ཀྱི་ཆ་ཚད་ཡིད་བཞིན་ནོར་བུ་ཞེས་པ་བརྩམས་ནས་རིག་པའི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་དུ་འབྲེལ་བའི་ལུགས་སྲོལ་བསྐྱངས། བྲིས་རྒྱུན་འདིའི་ཁྱད་ཆོས་གཙོ་བོ་ནི་སྐུ་གཟུགས་ཀྱི་ཐིག་ཚད་ནན་ལ་ཐིག་རིས་ཞིབ་ཅིང་ཉམས་འགྱུར་དོད་པ་དང་། ཚན་སྣ་ཕུན་སུམ་ཚོགས་ཤིང་གསལ་ཆ་ཆེ་ལ་ཡིད་གར་འོང་བ་ཞིག་ཡིན། དུས་རབས17པའི་ནང་གཙང་ཁུལ་གྱི་ལྷ་བཟོ་གྲགས་ཅན་ཆོས་དབྱིངས་རྒྱ་མཚོས་སྨན་ཐང་བྲིས་རྒྱུན་རྙིང་པ་ཤུལ་འཛིན་དང་ལེན་ཆ་སོར་བཞག་ཐོག་ཁྱད་ཆོས་མི་འདྲ་བའི་སྨན་ལུགས་བྲིས་རྒྱུན་གསར་པ་སྲོལ་གཏོད་མཛད་ཡོད།

3_2 ཀརྨ་སྒར་བྲིས་ལུགས།

1157615_3.jpg.jpgཀརྨ་སྒར་བྲིས་ལུགས་ཀྱི་བྲིས་རྒྱུན་འདི་ནི་དུས་རབས16པའི་སྨད་ཆར་བྱུང་ཞིང་དུང་རབས17པའི་རྗེས་ནས་དར་རྒྱས་བྱུང་བ་དང་། ཆབ་མདོ་སོགས་ཁམས་ཁུལ་གཙོ་བྱས་ནས་དར་བ་ཡིན། སྲོལ་འབྱེད་མཁན་ནམས་མཁའ་བཀྲིས་ཀྱིས་སྨན་ལུགས་ཀྱི་ལྷ་ཚུགས་གཞི་རྩའི་ཐོག་རྒྱ་གར་ཤར་ལིའི་སྐུ་བརྙན་གྱི་ཁྱད་ཆོས་འགའ་ཞིག་གིས་ཟུར་བརྒྱན་སོགས་ཀྱིན་ཐབས་རྩལ་ལ་བརྟེན་ནས་གསར་དུ་བཏོན་པའི་རི་མོའི་བྲིས་རྒྱུན་ཞིག་དང་། རྗེས་སུ་ཆོས་བཀྲ་ཤིས་དང་། ཀར་ཤོད་ཀརྨ་བཀྲིས། ཀརྨ་ཆོས་དབྱིངས་རྡོ་རྗེ་སོགས་ཀྱིས་རྒྱ་ཆེར་སྤེལ་བ་ཡིན། སྒར་བྲིས་ཀྱི་ཁྱད་ཆོས་གཙོ་བོ་ནི་སྐུ་ཉམས་མཚར་ཞིང་ན་བཟའི་ལྷུག་ཆ་མཛེས་ལ་བཅད་མདངས་ཟུང་དུ་འབྲེལ་བ། རྒྱབ་ལྗོངས་སུ་རྒྱལ་སྲོལ་ཞིབ་བྲིས་རི་མོའི་ཡུལ་ལྗོངས་འབྲི་ཐབས་ལ་སོ་སོའི་ཁྱད་ཆོས་ལྡན་པའི་ཚོན་མདངས་སྤེལ་བ། ཚོན་མདངས་སྲབ་ཅིང་འཇམ་ལ་བཅད་དང་གསེར་རིས་ཀྱི་བཅད་ཁ་ཕྲ་བ་བཅས་ཀྱིས་མི་རྣམས་ལ་མཚར་སྣང་དང་མཛེས་ཉམས་ཕུན་སུམ་ཚོགས་པ་ཞིག་སྟེར།

3_3 བལ་བོའི་ལུགས། 

CgQDrlOPBJeALNVUAAGT_SAulkw52400.jpg.jpgསྤྱི་ལོ་དུས་རབས7པའི་སྔ་གཞུག་ཏུ་ནང་བསྟན་དར་འགོ་ཚུགས་པ་དང་ཆབས་ཅིག་བོད་ཁུལ་དུ་གཙུག་ལག་ཁང་དང་དགོན་སྡེ་ཁག་བཞེངས་ལ། སྐབས་དེར་དགོན་སྡེའི་ནང་གི་སྡེབས་རིས་དང་འཇིམ་བཟོ་བརྐོས་དཀྲོལ་སོགས་ཕལ་ཆེར་བལ་པོ་དང་རྒྱལ་ནང་གི་བཟོ་བས་བཟོས་པ་དང་། ཕྱིས་སུ་དེ་ལ་ལད་མོ་བྱས་ནས་བྱུང་བའི་བྲིས་རྒྱུན་བཅས་ལ་བལ་པོའི་བྲིས་རྒྱུན་ཞེས་གྲགས། བལ་པོའི་བྲིས་རྒྱུན་གྱི་ཉམས་འགྱུར་དང་ཁྱད་ཆོས་གཙི་བོ་ནི་དབུས་ཀྱི་དྲ་མིག་ཆེན་པོའི་ནང་གཙོ་ལྷ་དང་མཐའ་འཁོར་རྣམས་སུ་དྲ་མིག་ཆུང་ངུ་མང་པོའི་ལྷ་མགྲོན་རྣམས་འཁོད་ཡོད། ཐིག་རིས་སྟབས་བདེ་ཞིང་བྲིས་ཚུགས་ཐད་འགྱིང་ཉམས་མཉེན་ཆ་དེ་ཙམ་མེད་པ། གོས་གཡོག་སྲབ་ཅིང་སྟབས་བདེ་ཅན། རྒྱན་ཆན་རྣམས་ལེབ་རྫོབ་ལྗིད་ཆ་ཅན་གྱི་ཚོར་སྣང་ཡོད་ལ་གཞི་ཚོན་མཐིང་ངམ་མཚལ་གྱི་ཐོག་རི་མོ་གསལ་ལ་མི་གསལ་བ་མང་པོ་བྲིས་ཡོད་པ་ཞིག་ཡིན།

3_4 བྱིའུ་སྒང་པའི་ལུགས། 


20151151446686039380_0.jpg.jpgབྱིའུ་སྒང་པའི་བྲིས་རྒྱུན་ནི་དུས་རབས13པའི་ནང་གི་ལྷ་བྲིས་སྐད་གྲགས་ཅན་ཡར་སྟོད་བྱིའུ་སྒང་པས་གསར་གཏོད་གནང་བའི་རང་ལུགས་བྲིས་རྒྱུན་རི་མོ་ཞིག་ཡིན་ལ་གཙོ་བོ་དབུས་གཙང་ཁུལ་དུ་དར་ཁྱབ་ཆེ། བྲིས་རྒྱུན་འདིའི་ཁྱད་ཆོས་གཙོ་བོ་ནི་བལ་པོའི་བྲིས་རྒྱུན་གྱི་ལེགས་ཆ་སོར་བཞག་ཐོག་ཁྲོ་བོ་སྐུ་རྣམས་སྦོམ་ཞིང་ཐུང་བ་དང་། ལྟོ་བ་འབུར་བ། མི་སྣ་རྣམས་རང་བཞིན་གྱི་ཉམས་འགྱུར་ལྡན་ལ་རྒྱན་རིས་ཞིབ་ཅིང་ཕྲ་བ་དང་། རྒྱན་གོས་ཕུན་སུམ་ཚོགས་པར་བྲིས་ཡོད་པའོ། འདི་ལས་རང་མི་རིགས་ཀྱི་སྒྱུ་རྩལ་རྣམ་དཔྱོད་དང་བསམ་པའི་འཚོ་བ་མཚོན་པའི་ཉམས་འགྱུར་བསྟན་ཡོད།།

3_5 མཁྱེན་བརྩེ་ལུགས།

1-1303061J233334.jpg.jpgམཁྱེན་བརྩེ་ལུགས་ཀྱི་བྲིས་རྒྱུན་ནི་དུས་རབས15བའི་དུས་འགོར་གོང་དཀར་སྒང་སྟོད་པ་མཁྱེན་བརྩེ་ཆེན་མོས་གསར་གཏོད་གནང་བའི་རི་མོའི་ལུགས་ཞིག་ཡིན་ལ། གཙོ་བོ་ལྷོ་ཁ་དང་གཙང་ཁུལ་དུ་དར་ཁྱབ་ཆེ་ལ། གོང་དཀར་རྡོ་རྗེ་གདན་གྱི་ལྡེབས་རིས་ཁག་ཅིག་ཁོང་གི་ཕྱག་བཟོ་ཡིན་པར་གྲགས། བྲིས་རྒྱུན་འདིའི་ཁྱད་ཆོས་གཙོ་བོ་ནི་བྱིའུ་སྒང་པའི་ལུགས་ཀྱི་ལྷ་སྐུའི་བཀོད་སྟངས་སོར་བཞག་ཐོག་ལྷ་སྐུའི་བྲིས་ཚུགས་དང་བཞིན་གྱི་རྣམ་འགྱུར་རང་གི་དམིགས་བསལ་ཁྱད་ཆོས་གསར་དུ་བསྣན་ཏེ་བཟོ་རྒྱུན་མི་འདྲ་བ་ཞིག་མཛད་ལ། ཁྲོ་བོ་དང་དཀྱིལ་འཁོར་སོགས་བྲིས་པར་ཉམས་རྩལ་གཞན་ལས་ཁྱད་དུ་ཐོན་ཞིང་། བརྗོད་བྱའི་ཉམས་གསལ་དོད་ཅིང་བརྗིད་ཆགས་ཡིད་གར་འོང་བ། སྐུའི་འགྱིང་སྟབས་དང་རྣམ་འགྱུར་མཛེས་ཤིང་སྟངས་སྟབས་བདེ་ཞིང་འཁྱུག་པ། ཚོན་མདངས་གསལ་ཁ་ཐོན་ཞིང་ཚགས་ཞིབ་པ། རྒྱན་རིས་འདྲ་མིན་སྣ་ཚོགས་ཤིང་མཇལ་བ་ཙམ་གྱིས་ངོ་མཚར་བའི་སྣང་བ་སྟེར།།

4 གོས་སྐུའི་རིགས།

གོས་སྐུ་ལ་རིགས་བཞི་སྟེ། དྲས་དྲུབ་ཀྱི་གོས་སྐུ་དང་། གོས་སྐུ་འབུར་མ་དང་། འཚེམ་ཐང་། འཐག་ཐང་བཞི་ལས། དྲས་(ལྷན)དྲུབ་གོས་སྐུ་ནི། ཤོག་གུའི་སྟེང་ཆེ་ཆུང་གང་འདོད་པའི་སྐུ་བྲིས་ནས་ཆུ་ཚོན་གྱིས་ཚོན་མདོག་དབྱེ་ཐུབ་ཙམ་བྱུགས། ཚོན་གྱི་ཁ་དོག་གིས་དབྱེ་མཚམས་ནས་དྲས་ནས་ཕྲལཏེ། རང་རང་གི་ཁ་དོག་དང་མཚུངས་པའི་གོས་ཆེན་གྱིས་སྟེང་དུ་ཀླན་ནས་དྲུབ་མཚམས་ཀྱི་ཚད་ཙམ་ཆེ་རུ་བཅུག་སྟེ་ཇི་ལྟ་བ་བཞིན་དུ་དྲས་མཐར། ལེགས་པར་བརྒྱང་བའི་རས་གཞིའི་སྟེང་དུ་མི་ཡོ་བའི་ཐབས་སུ་ཐིག་གདབ། མི་འཆུགས་པའི་ཐབས་སུ་གོང་གི་ཤོག་གུའི་རི་མོ་དང་མཚུངས་པའི་སྐྱ་རིས་ཆེ་ཚུགས་ཙམ་བྲིས་པའི་སྟེང་དུ་མི་འགུལ་བར་སྦྱར། བཅད་ཀྱི་ཚབ་ཏུ་སྟོང་སྐུད་དང་གསེར་སྐུད་སོགས་ཀྱིས་ཚོན་གྱི་ཟུར་ནོན་པར་དྲུབ། མདངས་ཀྱི་ཚབ་ཏུ། ཁ་དོག་ཅིག་ལ་གར་སླ་མི་གཅིག་པའི་གོས་སྣ་མང་ཙམ་མཐུད། གསེར་རིས་ཀྱི་ཚབ་ཏུ་གསེར་སྐུད་སྦོམ་ཕྲ་སྣ་ཚོགས་ཀྱིས་དྲུབ། གོས་ཆེན་གྱི་རི་མོའི་ཚབ་ཏུ། གོས་ཆེན་གསེར་རིས་ཅན་གྱིས་བྱེད། དྲས་དྲུབ་ཀྱི་གོས་སྐུ་ལ་རི་མོ་མང་པོ་བྱ་དཀའ་མོད་དེའི་དོད་དུ་གོས་ཆེན་རི་མོ་ཅན་གྱིས་ཚབ་བྱེད་པ་ཡིན་པས་སྒྲིག་སྦྱོར་མཁས་མིན་གྱིས་ཁྱད་པར་ཤིན་ཏུ་ཆེའོ། །

5 དྲས་དྲུབ།

དྲས་དྲུབ་ཐང་ག་ནི་བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་དམངས་ཁྲོད་ལག་ཤེས་བཟོ་རྩལ་དང་རི་མོའི་འབྲི་རྩལ་ཟུང་དུ་འབྲེལ་བའི་སྒྱུ་རྩལ་ཞིག་ཡིན་ལ་ད་བར་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་ཡོད། དྲས་དྲུབ་ཐང་ག་བཞེངས་སྐབས་བརྒྱུད་རིམ་ཚང་མ་ལག་གཉིས་ལ་བརྟེན་ནས་འཚེམ་དགོས་པ་དང་དྲས་དྲུབ་ཐང་ག་ཞིག་བཞེངས་པར་དུས་ཚོད་ཧ་ཅང་རིང་པོ་འགོར་གྱི་ཡོད། སྤྱིར་དྲས་དྲུབ་ཐང་ག་ཆེ་གྲས་ཤིག་བཞེངས་པར་ཉུང་ཤོས་སུ་ཟླ་བ་འགའ་ཤས་འགོར་བ་དང་མང་ཤོས་སུ་ལོ་འགའ་ཤས་འགོར་གྱི་ཡོད། དྲས་དྲུབ་ཐང་ག་ནི་ཐང་ག་གཞན་དང་མི་འདྲ་བས་བཞེངས་པའི་བརྒྱུད་རིམ་ནང་ངང་རྒྱུད་རིང་པོ་མེད་ཚེ་དྲས་དྲུབ་ཐང་ག་ཞིག་བཞེངས་ཐུབ་ཐབས་མེད།

བཞེངས་རིམ།

ཐོག་མར་དྲས་དྲུབ་ཞལ་ཐང་མ་བཞེངས་གོང་རི་མོ་མཁས་ཅན་ཚོས་དཔེ་འབྲི་དགོས་ཀྱི་ ཡོད་པ་དང་། དེ་རྗེས་མ་དཔེ་གཞིར་བཟུང་རྒྱུ་ཆ་གྲ་སྒྲིག་བྱས་ནས་རི་མོའི་རྒྱབ་ཏུ་རས་བཏིངས་ཏེ་ཁབ་བཙག་བརྒྱབ་ནས་ཆ་ཤས་སོ་སོའི་དབྱིབས་འདོན་དགོས་ཀྱི་ཡོད། རྒྱུ་ཆ་གཙོ་བོ་ནི་དར་དང་གོས་ཆེན། དར་ཚོན། བལ། བལ་སྐུད། ནོར་བུའི་རིགས་སོགས་རྒྱུ་ཆ་རྩེ་གྲས་བཏང་ནས་བཟོ་དབྱིབས་སྣ་ཚོགས་བཟོ་དགོས་པ་དཔེར་ན། ལྷ་སྐུ་དང་མེ་ཏོག མི་སྣ། བྱ་བྱིའུ། གཅན་གཟན་སོགས་བྲེག་དགོས་ཀྱི་ཡོད། དེ་རྗེས་ཚོས་གཞི་གོ་རིམ་བཞིན་སྒྲིག་སྟེ་སྦྱར་ནས་འཚེམ་དགོས་པ་དང་ཚོས་གཞི་སྣུམ་པོ་དང་སྐྱ་བོའི་བར་གོ་རིམ་བཞིན་སྦྱོར་དགོས་པ་སོགས་ཀྱི་ལས་ཀའི་རྒྱུད་རིམ་ནང་ངང་རྒྱུད་རིང་པོ་དགོས་ལ་སེམས་ནུས་ཀྱང་འབོར་ཆེན་འདོན་དགོས་ཀྱི་ཡོད། དྲས་དྲུབ་ཐང་ག་བཞེངས་པའི་བརྒྱུད་རིམ་ནང་རྟ་རྔར་དར་སྐུད་བསྲེས་ནས་འཚེམ་དགོས་ པ་དང་འགའ་ཞིག་ཐོག་ད་དུང་ནོར་བུའི་རིགས་སྦྱོར་གྱི་ཡོད། རྒྱུ་ཆ་འགའ་ཞིག་རྒྱ་གར་དང་བལ་ཡུལ་ནས་ཉོ་དགོས་པ་དང་རྒྱུ་ཆ་འདེམས་སྐབས་སྤུས་ཚད་ལ་དོ་སྣང་ཆེན་པོ་བྱེད་དགོས་ཀྱི་ཡོད། དྲས་དྲུབ་ཐང་ག་བཞེངས་སྐབས་དང་ཐོག་ཤོག་བུའི་སྟེང་ཆེ་ཆུང་གང་འདོད་པའི་སྐུ་བྲིས་ནས་ཆུ་ཚོན་གྱིས་ཚོན་མདོག་དབྱེ་ཐུབ་ཙམ་བྱུགས། ཚོན་གྱི་ཁ་མདོག་གིས་དབྱེ་མཚམས་ནས་དྲས་པ་དང་ཕྲལ་ཏེ། རང་རང་གི་ཁ་དོག་དང་མཚུངས་པའི་རས་དང་གོས་ཆེན་གྱིས་དེའི་སྟེང་དུ་གླན་ནས་དྲུབ་མཚམས་ཀྱི་ཚད་ཙམ་ཆེ་རུ་བཅུག་སྟེ་ཇི་ལྟ་བ་བཞིན་དུ་དྲས་དགོས་པ་དང་ལེགས་པར་བརྒྱང་བའི་རས་གཞིའི་སྟེང་དུ་མི་ཡོ་བའི་ཐབས་སུ་ཐིག་གདབ། མི་འཆུག་པའི་ཐབས་སུ་གོང་གི་ཤོག་བུའི་རི་མོ་དང་མཚུངས་པའི་སྐྱ་རིས་ཆེ་ཚུགས་ཙམ་བྲིས་པའི་སྟེང་དུ་མི་འགུལ་བར་སྦྱར། བཅད་ཀྱི་ཚབ་ཏུ་སྟོང་སྐུད་དང་གསེར་སྐུད་སོགས་ཀྱིས་ཚོན་གྱི་ཟུར་ནོན་པར་དྲུབ། མདངས་ཀྱི་ཚབ་ཏུ་ཁ་དོག་ཅིག་ལ་གར་སླ་མི་གཅིག་པའི་གོས་སྣ་མང་ཙམ་མཐུད། གསེར་རིས་ཀྱི་ཚབ་ཏུ་གསེར་སྐུད་སྦོམ་ཕྲ་སྣ་ཚོགས་ཀྱིས་དྲུབ། གོས་ཆེན་གྱི་རི་མོའི་ཚབ་ཏུ་གོས་ཆེན་གསེར་རིས་ཅན་གྱིས་བྱེད། དྲས་དྲུབ་ཀྱི་ཐང་གར་རི་མོ་མང་པོ་ཡོད་པས་མཚམས་རེ་གོས་ཆེན་རི་མོ་ཅན་གྱིས་ཚབ་བྱེད་ཀྱི་ཡོད་པས་སྒྲིག་སྦྱོར་མཁས་མིན་གྱིས་ཁྱད་པར་ཡང་ཤིན་ཏུ་ཆེ་བར་ལྡན་ཡོད།


བརྡ་འགྲེལ་གདོང་འཛར།

སྒྱུ་རྩལ། བཟོ་རྩལ། ཐང་ག།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-01

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།