སྐྱེ་དངོས་ལས་གྲྭ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐྱེ་དངོས་ལས་གྲྭ།
སྐྱེ་དངོས་ལས་གྲྭ་ནི་དུས་རབས20པའི་ལོ་རབས70པའི་དུས་འགོར་དར་རྒྱས་སུ་ཕྱིན་པའི་ཕྱོགས་བསྡུས་རང་བཞིན་གྱི་ཉེར་སྤྱོད་རིག་གཞུང་ཚན་ཁག་ཅིག་ཡིན་ལ། ལོ་རབས90པར་གཞི་རྩའི་མ་ལག་སྨྲ་བའི་སྐྱེ་དངོས་ལས་གྲྭའི་དབུ་བརྙེས་ཤིང་། མ་ལག་སྐྱེ་དངོས་ལས་གྲྭའི་མཚན་ཉིད་བྱུང་བ་རེད། སྐྱེ་དངོས་ལས་གྲྭ་ཞེས་པ་ནི་སྤྱིར་བཏང་དུ་སྐྱེ་དངོས་རིག་པའི་གཞུང་ལུགས་དང་ལག་རྩལ་རྨང་གཞི་བྱས་ཏེ། མཉམ་སྦྱོར་རྫས་བཟོ། འཕྲུལ་ཆས། གློག་རྡུལ་རྩིས་འཁོར་སོགས་དེང་རབས་ལས་གྲྭའི་ལག་རྩལ་དང་། ཆ་རྡུལ་སྐྱེ་དངོས་རིག་པའི་གྲུབ་འབྲས་གསར་ཤོས་བེད་སྤྱོད་གང་ལེགས་བྱས་ནས་རྒྱུད་འཛིན་དངོས་རྫས་ལ་ཚོད་འཛིན་དང་གནས་གཏན་འཁེལ་གྱིས་སྐྱེ་དངོས་སམ་ཡང་ན་དེའི་བྱེད་ལས་ལ་སྒྱུར་བཀོད་བྱས་ཏེ་དུས་ཡུན་ཐུང་ངུའི་ནང་དུ་ཚད་བརྒལ་རྒྱུད་ཐག་རིང་བའི་གཟུགས་དབྱིབས་ལྡན་པའི་སྐྱེ་དངོས་རིགས་གསར་པ་གསར་སྐྲུན་བྱས་པ་དང་། ཡང་བསྐྱར་འོས་འཚམ་གྱི་སྐྱེ་དངོས་འགྱུར་འབྱུང་ཆས་ཡིས“ལས་གྲྭའི་སྲིན”ནམ་ཡང་ན“ལས་གྲྭའི་ཕྲ་ཕུང་སྡོང”ལ་གཞི་ཁྱོན་ཆེ་བའི་སྒོ་ནས་གསོ་སྐྱོང་བྱས་པར་བརྟེན། སྤྱོད་སྒོ་ཅན་གྱི་བརྗེ་ཚབ་ཐོན་དངོས་འབོར་ཆེན་ཐོན་སྐྱེད་བྱེད་པ་དང་ཡང་ན་དེ་དག་གི་ཐུན་མོང་མ་ཡིན་པའི་ལུས་ཁམས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་གསར་བྱུང་གི་ལག་རྩལ་ཞིག་ཡིན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
生物工程
ཕྱི་ཡིག་གི་མིང་།
bioengineering
དར་བའི་དུས་ཚོད།
དུས་རབས20པའི་ལོ་རབས70པ།
སློབ་ཡུན།
ལོ་བཞི།
རིགས་འདུས།
སྐྱེ་དངོས་ཕྲ་རབ་རིག་པ། སྐྱེ་དངོས་རྫས་འགྱུར། ཆ་རྡུལ་སྐྱེ་དངོས་རིག་པ།
སྤྱི་ཚོགས་ཉེར་སྤྱོད།
འགོས་ནད་ཚོད་འཛིན་དང་མེད་པར་གཏོང་བ། སྨན་རྫས་ལ་ཞིབ་འཇུག་དང་གསར་སྤེལ།
རྒྱ་བསྐྱེད་ཡུལ།
འགོས་ནད་མིན་པའི་ཁྱབ་ཁོངས། ཞིང་ལས་དང་ཕྱུགས་ལས།
1 ​ངོ་སྤྲོད།

སྐྱེ་དངོས་ལས་གྲྭ་ནི་སྲོག་ལྡན་གྱི་དངོས་པོ་སྤྱད་དེ་སྲོག་མེད་ལ་ཤུགས་རྐྱེན་གཏོང་བའི་སྣང་ཚུལ་ལམ། ཡང་ན་རང་བྱུང་ཚན་རིག་གི་ཐབས་ཤེས་དང་ལག་རྩལ་སྤྱད་དེ་སྲོག་ལྡན་ལ་ཤུགས་རྐྱེན་གཏོང་བའམ་འགྱུར་ལྡོག་གཏོང་བའི་རང་བྱུང་གི་གོ་རིམ་ལ་ཟེར་ཞིང་། དམིགས་ཡུལ་ནི་དེ་དག་གིས་མིའི་རིགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། སྐྱེ་དངོས་ལས་གྲྭ་ལ་སྐྱེ་དངོས་ལག་རྩལ་དང་སྐྱེ་དངོས་བཟོ་རྩལ་ལ་ཡང་ཟེར། དེའི་ཁྱབ་ཁོངས་རྒྱ་ཆེན་པོ་ཡོད་པ་ནི་ཆ་རྡུལ་ཆུ་ཚད་ཀྱི་རྩབས་ཀྱི་ལས་གྲྭ་དང་། རྒྱུ་གཞིའི་ལས་གྲྭ། སྤྲི་དཀར་ལས་གྲྭ། ཕྲ་ཕུང་གི་ཆུ་ཚད་ཀྱི་ཕྲ་ཕུང་ལས་གྲྭ། དེ་བཞིན་དུ་སྐྱུར་བསྙལ་ལས་གྲྭ་བཅས་སུ་དབྱེ་ཆོག

2 རིགས་དབྱེ།
2_1 ཕྲ་ཕུང་ལས་གྲྭ།

ཕྲ་ཕུང་ལས་གྲྭ་ནི་ཕྲ་ཕུང་སྐྱེ་དངོས་རིག་པ་དང་ཆ་རྡུལ་སྐྱེ་དངོས་རིག་པའི་གཞུང་ལུགས་སྤྱད་དེ་ཕྲ་ཕུང་གི་ཆ་ཅན་ཆུ་ཚད་དང་ཕྲ་ཕུང་གི་སྣོད་ཆས་ཆུ་ཚད་ཀྱི་སྟེང་དུ་མིའི་འདོད་བློ་ལྟར་ཕྲ་ཕུང་ནང་ཁུལ་གྱི་རྒྱུད་འཛིན་དངོས་རྫས་སྒྱུར་བའམ་ཕྲ་ཕུང་གི་ཐོན་རྫས་ལེན་པའི་ཕྱོགས་བསྡུས་ཀྱི་ཚན་རིག་ལག་རྩལ་ཞིག་ཡིན་ལ། རྩི་ཤིང་གི་ཕྲ་ཕུང་ལས་གྲྭ་དང་སྲོག་ཆགས་ཀྱི་ཕྲ་ཕུང་ལས་གྲྭ་གཉིས་སུ་དབྱེ། ཕྲ་ཕུང་ལས་གྲྭ་ལ་ནང་གསེས་ཕྱོགས4ཡོད་པ་གཤམ་གསལ། ①ཚོས་ཕུང་ལས་གྲྭ། སྐྱེ་དངོས་ཤིག་གི་དམིགས་བསལ་ཅན་གྱི་ཚོས་ཕུང་མིའི་འདོད་བློ་ལྟར་སྒྱུར་བཀོད་བྱེད་པའི་ལག་རྩལ་ལ་ཟེར། ②ཚོས་ཕུང་ཚོགས་ཀྱི་ལས་གྲྭ། སྐྱེ་དངོས་ཀྱི་ཕུང་ཁམས་ཀྱི་ཚོས་ཕུང་ཆ་ཚང་ཞིག་ཚོགས་པ་བྱས་ནས་སྒྱུར་བཀོད་བྱེད་པ་ལ་ཟེར། ③ཕྲ་ཕུང་རྒྱུའི་ལས་གྲྭ། སྨར་ཉིང་ཕྲ་ཕུང་གི་སྙིང་པོ་དང་རྒྱུའི་བར་གྱི་འབྲེལ་བ་དང་ཕྲ་ཕུང་གི་སྣོད་ཆས་དང་ཕུང་རྒྱུའི་རྒྱུ་ཞིག་སྤོ་སྒྱུར་སོགས་ཕྲ་ཕུང་འདུ་འབྲལ་ལ་ཞིབ་འཇུག་བྱེད་པའི་ལག་རྩལ་ལ་ཟེར་བ་དང་། ཕྲ་ཕུང་འདུ་འབྲལ་ལས་གྲྭ་ཡང་ཟེར། ④ཕྲ་ཕུང་འདྲེས་སྦྱོར་ལས་གྲྭ། རང་བྱུང་ངམ་རྩོལ་བྱུང་གི་ཐབས་ཀྱིས་ཕྲ་ཕུང་གཉིས་སམ་གཉིས་ཡན་ཕྲ་ཕུང་གཅིག་ཏུ་འདྲེས་སྦྱོར་བྱེད་པའི་གོ་རིམ་ལ་ཟེར།

2_2 སྐྱུར་བསྙལ་ལས་གྲྭ།

སྐྱུར་བསྙལ་ལས་གྲྭ་ནི་སྐྱེ་དངོས་ཕྲ་རབ་ཀྱི་ཁྱད་རྟགས་སྤྱད་དེ་དེང་རབས་བཟོ་སྐྲུན་ལག་རྩལ་གྱི་ཐབས་ཤེས་ཀྱིས་སྐྱེ་དངོས་ཀྱི་ཚོར་ལྡོག་སྣོན་ཆས་ནང་དུ་ཕན་ཐོགས་ཅན་གྱི་དངོས་རྫས་ཐོན་སྐྱེད་བྱེད་པའི་ཕྱོགས་བསྡུས་གྱི་ཚན་རིག་ལག་རྩལ་ཞིག་ལ་ཟེར། དེའི་ཁོངས་སུ་སྐྱེ་དངོས་ལས་སྣོན་དང་སྐྱེ་དངོས་བསྐྱུར་བཀོད་བྱེད་པའི་བཟོ་རྩལ་ཚུད་ཡོད་ལ། སྐྱེ་དངོས་ཀྱི་ཕུང་པོའི་དབྱེ་ཕྲལ་དང་རྙིང་ཚབ་གསར་བརྗེའི་བྱུང་དངོས་ཀྱང་ཚུད་ཡོད། སྨན་སྤྱོད་དུག་སྲིན་འགོག་སྨན་དང་ཞིང་སྤྱོད་དུག་སྲིན་འགོག་སྨན་སོགས་ལ་རིགས་སྣ200ལ་ཉེ་བ་བྱུང་ཡོད་པ་ལས་མང་ཆེ་ཤས་ནི་སྐྱུར་བསྙལ་བྱས་པའི་ཐོན་རྫས་རེད། དེ་མིན་ང་ཚོའི་ཉིན་རྒྱུན་འཚོ་བའི་ནང་ཉེ་བར་སྤྱོད་པའི་བྲོ་བ་བཅུད་དངB2འཚོ་བཅུད་སོགས་ཀྱང་སྐྱུར་བསྙལ་ལས་གྲྭའི་ཐོན་རྫས་ཡིན།

2_3 རྒྱུ་གཞི་ལས་གྲྭ།

རྒྱུ་གཞི་ལས་གྲྭ་ནི་རྒྱུ་གཞིའི་ཆུ་ཚད་སྟེང་གི་རྒྱུད་འཛིན་ལས་གྲྭ་ལ་ཟེར། དེ་ནི་མིའི་ཐབས་ཀྱིས་འདོན་པ་པོ་སྐྱེ་དངོས་ཤིག་གི་རྒྱུད་འཛིན་དངོས་རྫས་ཏེDNAཡི་ཆ་རྡུལ་ཆེ་བ་བླངས་ནས་རྩབས་ཀྱི་ལག་ཆས་གཏུབ་རྗེས་དེའི་རྟེན་གཞིDNAཡི་ཆ་རྡུལ་དང་འབྲེལ་བར་བྱེད་པ་དང་། དེ་ནས་རྟེན་གཞི་དང་ལྷན་དུ་སྐྱེ་འཚར་སླ་ཙམ་ཡོད་པའི་ལེན་པ་པོའི་ཕུང་པོའི་ནང་ཁྲིད་དེ་ཕྱི་ཡོང་རྒྱུད་འཛིན་དངོས་རྫས་དེ་དེ་རུ“ཁྱིམ་གཞིས་བཅས་ཏེ”འཆར་ཅན་དུ་ལད་སྐྱེ་བྱས་ཏེ་དངོས་རིགས་གསར་པ་ཐོབ་བྱེད་ཀྱི་གསོ་སྤེལ་ལག་རྩལ་གསར་པའོ།།

2_4 རྩབས་ལས་གྲྭ།

སྤྱི་ལོ1849ལོར། ལྗར་པན་གྱི་ཚན་རིག་པས་ཐོག་དང་པོར་འབྲས་སྤབས་ལས་སིང་ཕྱེ་རྩབས་སྦྱངས་ནས་རྙེད་ལ། དེ་ཉིད་ཕོ་བའི་མེ་དྲོད་གསོ་བྱེད་ཀྱི་སྨན་ལ་སྤྱད་པས། མིའི་རིགས་ཀྱི་དམིགས་གཏད་ཡོད་པའི་སྒོ་ནས་རྩབས་ཀྱི་སྨན་སྦྱོར་བེད་སྤྱོད་གཏོང་བའི་སྲོལ་ཕྱེས་པ་རེད། དེ་ནས་བཟུང་རྩབས་ཀྱི་ལས་གྲྭས་བཟའ་བཅའ་དང་གསོ་སྨན་བཟོ་ལས་ཀྱི་ཕྱོགས་སུ་དགེ་མཚན་མང་པོ་བསྟན་ཡོད། རྒྱུ་གཞིའི་ལས་གྲྭའི་ཐབས་ཤེས་ལ་བརྟེན་ནས་ཁྱད་ཆོས་གསར་པ་ཅན་གྱི་སྨར་སྲིན་ཁག་ཅིག་ཐོན་སྐྱེད་བྱེད་པ་སོགས་ལག་རྩལ་ཀྱིས་རྫས་འགྱུར་འདྲེས་སྦྱོར་བཟོ་ལས་དང་ནུས་ཁུངས་འདོན་སྤེལ་བྱེད་པའི་ཐད་དུ་ནུས་པ་ཆེན་པོ་འདོན་ཐུབ།

3 སློབ་ཚན་གཙོ་བོ།

མཐོ་རིམ་གྲངས་རིག ཐིག་གཤིས་ཚབ་རྩིས། སྐྱེ་མེད་རྫས་འགྱུར་དང་རྫས་འགྱུར་དབྱེ་ཞིབ། རྩི་ཤིང་རྩ་འཛུགས་གསོ་སྐྱོང་ལག་རྩལ། སྐྱེ་ལྡན་རྫས་འགྱུར། སྐྱེ་དངོས་རྫས་འགྱུར། རྫས་འགྱུར་བཟོ་ལས་ཀྱི་རྩ་བའི་རིག་པ། དངོས་ལུགས་རྫས་འགྱུར། རྫས་འགྱུར་ལས་གྲྭ། སྐྱེ་དངོས་རྫས་འགྱུར་གྱི་ལས་གྲྭ། སྐྱེ་དངོས་ཕྲ་རབ་རིག་པ། ཕྲ་ཕུང་སྐྱེ་དངོས་རིག་པ། རྒྱུད་འདེད་རིག་པ། ཆ་རྡུལ་སྐྱེ་དངོས་རིག་པ། གཞི་རྒྱུའི་ལས་གྲྭ། ཕྲ་ཕུང་ལས་གྲྭ། སྤྲི་དཀར་རྫས་ཀྱི་ལས་གྲྭ། སྐྱེ་དངོས་ཕྲ་རབ་ཀྱི་ལས་གྲྭ། རིམས་འགོག་རིག་པ། སྲོག་ཆགས་ཀྱི་སྐྱེ་ལུགས་རིག་པ། སྐྱེ་ཁམས་རིག་པ། སྐྱེ་དངོས་སྨན་རྫས་རིག་པ་དང་སྨན་རྫས་སྒུལ་ཤུགས་རིག་པ།  སྐྱེ་དངོས་སྨན་བཟོའི་ལས་གཞི། སྐྱེ་དངོས་དབྱེ་གྱེས་ལས་གྲྭ། སྨན་རྫས་དབྱེ་ཞིབ། དབྱེ་ཞིབ་དཔྱད་ཆས་སོགས་ཡོད།

4 ཉེ་བའི་ཆེད་ལས།

སྐྱེ་དངོས་ཚན་རིགས་རྒྱུད་འདེད་རིག་པ། སྐྱེ་དངོས་ལག་རྩལ། སྐྱེ་དངོས་ཆ་འཕྲིན་རིག་པ། སྐྱེ་དངོས་ཆ་འཕྲིན་ལག་རྩལ། སྐྱེ་དངོས་ཚན་རིག་དང་སྐྱེ་དངོས་ལག་རྩལ། སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་བརྟག་དཔྱད། སྐྱེ་དངོས་རྫས་འགྱུར་དང་ཆ་རྡུལ་སྐྱེ་དངོས་རིག་པ། གསོ་རིག་ཆ་འཕྲིན་རིག་པ། རྩི་ཤིང་དང་སྐྱེ་དངོས་ལག་རྩལ། སྲོག་ཆགས་དང་སྐྱེ་དངོས་ལག་རྩལ། སྐྱེ་དངོས་བདེ་འཇགས། རྩིས་རྒྱག་སྐྱེ་དངོས་རིག་པ། རྫས་འགྱུར་སྐྱེ་དངོས་རིག་པ། འདྲེས་གྲུབ་སྐྱེ་དངོས་རིག་པ། སྐྱེ་དངོས་གསོ་རིག་ལས་གྲྭ། སྐྱེ་དངོས་སྨན་བཟོ། 

5 ཆེད་ལས་གསོ་སྐྱོང་།

1.དམིགས་འབེན།

སྐྱེ་དངོས་ལག་རྩལ་དང་དེའི་ཐོན་ལས་ཅན་གྱི་ཚན་རིག་གི་རྩ་བའི་རིགས་པ་དང་། བཟོ་རྩལ་གྱི་ལག་རྩལ་བརྒྱུད་རིམ་དང་ལས་གྲྭའི་འཆར་འགོད་སོགས་ཀྱི་རྨང་གཞིའི་རིག་གཞུང་དང་། གཞི་རྩའི་རྩལ་ནུས། སྐྱེ་དངོས་ལག་རྩལ་དང་བཟོ་སྐྲུན་ཁྱབ་ཁོངས་ནང་ཇུས་བཀོད་ཐོན་སྐྱེད་དོ་དམ། ལག་རྩལ་གསར་པ་ཞིབ་འཇུག  ཐོན་རྫས་གསར་པ་གསར་སྤེལ་བཅས་བྱེད་ནུས་པའི་ལས་གྲྭའི་ལག་རྩལ་ཤེས་ལྡན་མི་སྣ་ཞིག་བྱེད་པ།

2.རེ་འདུན།

ཆེད་ལས་འདིས་སློབ་མས་སློབ་སྦྱོང་བྱེད་ཡུལ་གཙོ་བོ་ནི་སྐྱེ་དངོས་ཕྲ་རབ་རིག་པ། སྐྱེ་དངོས་རྫས་འགྱུར། རྫས་འགྱུར་ལས་གྲྭ། སྐྱུར་བསྙལ་ལས་གྲྭ་སོགས་ཐད་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ཤེས་བྱ་ཡིན་ལ། སྐྱེ་དངོས་ཀྱི་ཕྲ་ཕུང་གསོ་སྐྱོང་དང་འདེམས་གསོ།  སྐྱེ་དངོས་ལག་རྩལ་དང་བཟོ་སྐྲུན་སོགས་ཐད་ཀྱི་གཞི་རྩའི་སྦྱོང་བརྡར་ཐོབ་པར་བརྟེན། སྐྱེ་དངོས་ལག་རྩལ་དང་བཟོ་སྐྲུན་ཁྱབ་ཁོངས་ནང་ཇུས་འགོད་དང་། ཐོན་སྐྱེད། དོ་དམ། ལག་རྩལ་གསར་པ་ཞིབ་འཇུག  ཐོན་རྫས་གསར་པ་གསར་སྤེལ་བཅས་བྱེད་ནུས་པའི་གཞི་རྩའི་ནུས་པ་ཆེ་རུ་གཏོང་རྒྱུ་དེའོ།།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-23

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།