སྐད་ཡིག་རིག་ཚན་གྱི་རྒྱུགས་ལེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐད་ཡིག་རིག་ཚན་གྱི་རྒྱུགས་ལེན།
སློབ་སྦྱོང་བྱས་ནས་དུས་ཡུན་གང་འཚམས་སོང་རྗེས་སྦྱངས་འབྲས་ཆེ་ཆུང་གི་གནས་ཚུལ་རྟོག་ཞིབ་བྱས་པ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
语文学科考试
རིག་ཚན།
སློབ་གསོ་རིག་པ།
ཁོངས།
རྩོམ་འབྲི།
རིགས།
སྐད་ཡིག
ཚན་པ།
སློབ་འབྲིང་།
1 ནུས་པ།

གཅིག སློབ་སྦྱོང་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ། རྒྱུགས་ལེན་གང་འདྲ་ཞིག་ཡིན་རུང་བསྐྱར་སྦྱོང་དང་འབྲེལ་བ་ཡོད། བསྐྱར་སྦྱོང་བྱ་རྒྱུ་དེ་ཡང་སྦྱངས་ཟིན་པའི་ཤེས་བྱ་ཁག་བསྐྱར་ཟློས་དང་དྲན་གསོ་བྱ་རྒྱུ་ཙམ་ཞིག་མིན་པར་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡུས་དང་། ལེགས་བསྒྲིགས། ཕྱོགས་བསྡོམས་བྱེད་པ་ཞིག་ཡིན། དེར་བརྟེན་བསྐྱར་སྦྱོང་བྱ་རྒྱུ་དེ་སློབ་མའི་ངོས་འཛིན་གཏིང་ཟབ་དང་། མཐོ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཡིན་པའི་ངོས་ནས་བརྗོད་ན། རྒྱུགས་ལེན་གྱིས་སློབ་སྦྱོང་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ།

གཉིས། གདམ་གསེས་ཀྱི་ནུས་པ་ཐོན་པ། རིགས་མི་འདྲ་བའི་རྒྱུགས་ལེན་ནང་འདེམས་སྒྲུག་རང་བཞིན་གྱི་རྒྱུགས་ལེན་གྱི་གདམ་གསེས་ནུས་པ་མངོན་གསལ་དོད་ཤོས་ཡིན། དོན་དངོས་ཐོག་སློབ་གྲྭའི་ནང་གི་སྦྱང་འབྲས་མཚོན་པའི་རྒྱུགས་ལེན་ལའང་གདམ་གསེས་ཀྱི་ནུས་པ་ལྡན་ཡོད།

གསུམ། ལན་ཟློན་གྱི་ནུས་པ། རྒྱུགས་ལེན་གྱི་འབྲས་བུས་གནས་ཚུལ་འདྲ་མིན་ལན་ཟློན་ཐུབ་པ་འདི་ཡང་ཕྱོགས་གཉིས་སུ་དབྱེ་ཆོག་པ་སྟེ། གཅིག་ནི་རྒྱུགས་ལེན་འདྲི་གཞི་སྐབས་དང་རྒྱུགས་ཤོག་རང་ངོས་ལ་གདེང་འཇོག་བྱ་རྒྱུ་དེ་ཡིན། དེ་ནི་སླད་ཕྱིན་གྱི་རྒྱུགས་ལེན་ཇུས་འགོད་བྱ་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད། གཞན་ཞིག་ནི་སློབ་མའི་གནས་ཚུལ་ལ་གདེང་འཇོག་བྱ་རྒྱུ་སྟེ། སློབ་ཁྲིད་ཀྱི་ཐབས་ལམ་དང་སྤུས་ཚད་ལེགས་བཅོས་གཏོང་བར་དོན་སྙིང་ཆེན་པོ་ལྡན་ཡོད།

2 རྣམ་དབྱེ།            
2_1 དམིགས་ཡུལ་དང་སྤྱོད་སྒོ་ཐད་ནས།

གཅིག སྦྱང་འབྲས་མཚོན་པའི་རྒྱུགས་ལེན། སློབ་མ་ཚོས་དུས་རིམ་གཅིག་ནང་སློབ་སྦྱོང་བྱས་པའི་གནས་ཚུལ་ལ་བརྟག་ཞིབ་བྱེད་པར་སྤྱོད་པ་ཡིན། ཁྱད་ཆོས་ནི་བརྟག་ཞིབ་བྱ་རྒྱུའི་ནང་དོན་དང་སློབ་མས་དུས་རིམ་གཅིག་ནང་སྦྱངས་པའི་ནང་དོན་གཉིས་དབར་འབྲེལ་བ་དམ་ཟབ་ཡོད་པ་དང་། དམིགས་ཡུལ་ནི་སློབ་མས་གཏན་འཁེལ་ཟིན་པའི་སློབ་སྦྱོང་གི་ནང་དོན་ཁོང་དུ་ཆུད་ཚད་ལ་བརྟག་ཞིབ་བྱ་ཕྱིར་ཡིན།

གཉིས། གནས་ཚད་བརྟག་པའི་རྒྱུགས་ལེན། རྒྱུགས་ལེན་འདི་གལ་སྲིད་འདེམས་སྒྲུག་བྱེད་པར་སྤྱོད་ཚེ་འདེམས་སྒྲིག་རྒྱུགས་ལེན་ཞེས་ཀྱང་བརྗོད་ཆོག འདི་ནི་སློབ་མས་ཤེས་བྱ་འགའ་ཞིག་གམ་ནུས་རྩལ་འགའ་ཞིག་ཐད་སླེབས་དགོས་ངེས་ཀྱི་ཆུ་ཚད་ལ་བརྟག་ཞིབ་བྱ་ཕྱིར་སྤྱོད་པ་ཡིན།

གསུམ། ནུས་པ་བརྟག་པའི་རྒྱུགས་ལེན། འདིས་སློབ་མའི་མི་མངོན་པའི་ནུས་པར་བརྟག་དཔྱད་དང་། རྒྱུས་མངའ་བྱ་ཐུབ་པས་མིང་གཞན་ལ་མི་མངོན་པའི་ནུས་པ་བརྟག་པའི་རྒྱུགས་ལེན་ནམ་ཚོད་རྒྱུགས་ཞེས་བརྗོད་ཆོག འདི་ནི་སློབ་མའི་སང་ཉིན་ལ་ཚད་འཇལ་གཏན་འཁེལ་བྱ་བར་སྤྱོད་ཆོག་མོད་སློབ་གསོའི་ལམ་ལུགས་དང་ཆ་རྐྱེན་སོགས་ཀྱིས་རྐྱེན་པས་རང་རྒྱལ་དང་ལྷག་པར་དུ་རང་ལྗོངས་སུ་ཡོངས་ཁྱབ་བེད་སྤྱོད་བྱུང་མེད།

བཞི། བརྟག་དཔྱོད་རང་བཞིན་གྱི་རྒྱུགས་ལེན། སློབ་མས་ཤེས་བྱ་གང་རུང་ཞིག་བེད་སྤྱོད་ཐུབ་མིན་ནམ་ནུས་རྩལ་གང་རུང་ཞིག་ལྡན་ཡོད་མིན་སོགས་ལ་རྒྱུས་མངའ་ཡོང་ཕྱིར་སྤྱོད་ཆོག འོན་ཀྱང་རྒྱུགས་ལེན་རྣམ་གྲངས་འདི་ཆེད་དུ་ཇུས་འགོད་བྱ་དགོས་པ་གང་ཞིག་ད་ལྟའི་དུས་སུ་རང་རྒྱལ་དང་རང་ལྗོངས་སུ་ཡོངས་ཁྱབ་བེད་སྤྱོད་ཐུབ་མེད།

2_2 སྐར་གྲངས་ལ་གསལ་བྱེད་བྱ་ཐབས་ཀྱི་ཐད་ནས།

གཅིག དམིགས་ཚད་གཞིར་བའི་རྒྱུགས་ལེན། སློབ་མ་རྣམས་སྔོན་ནས་གཏན་འཁེལ་ཟིན་པའི་དམིགས་ཚད་དམ་ཚད་གཞིར་སླེབས་མིན་བརྟག་སྐབས་སྤྱོད་ཀྱི་ཡོད། ཁ་གསལ་བའི་ཚད་ལོན་ཚད་གཞི་ཡོད་ཀྱང་ཡིག་རྒྱུགས་གཏོང་མཁན་ཚང་མ་ཚད་ལོན་ཆོག་ལ་གཅིག་ཀྱང་ཚད་མ་ལོན་པ་ཡང་ཆོག གྲུབ་འབྲས་དཔྱད་འཇོག་བྱེད་སྐབས་ཚད་ལོན་མིན་གཉིས་སུ་དབྱེ་ཆོག་ལ་ཚད་ལོན་མིན་སོ་སོའི་ནང་ནས་ཀྱང་ལེགས་ཞན་དབྱེ་འབྱེད་བྱས་ཆོག སྦྱངས་འབྲས་མཚོན་པའི་རྒྱུགས་ལེན་ཡང་སྤྱིར་ན་རིགས་འདིར་གཏོགས་པ་ཡིན།

གཉིས། རྒྱུན་སྲོལ་གཞིར་བཟུང་གི་རྒྱུགས་ལེན། སློབ་མ་ཞིག་གི་གྲུབ་འབྲས་སློབ་མ་ཚོགས་པའི་དབུས་སུ་བཞག་ནས་ཚད་འཇལ་བ་སྟེ་སློབ་མ་འདིའི་གྲུབ་འབྲས་དང་སློབ་མ་གཞན་དག་བསྡུར་བ་བྱས་ནས་ཆུ་ཚད་ལ་བརྡར་ཤ་གཅོད་ཀྱི་ཡོད་ལ། བརྒྱ་ཆའི་ལུགས་ཀྱི་རྒྱུན་སྲོལ་ལམ་སྐར་མའི་ཚད་གཞི་གཞིར་བཟུང་ནས་འདེམས་སྒྲུག་དང་གདམ་གསེས་བྱེད་ཀྱི་ཡོད་པས་རྒྱུན་དུ་ཨང་རིམ་སྒྲིག་པའི་ཐབས་ལམ་སྤྱོད་ཀྱི་ཡོད།

2_3 རེ་འདུན་གྱི་ཐད་ནས།

གཅིག དཀའ་གནད་རྒྱུགས་ལེན། སློབ་མ་ཚོས་དཀའ་གནད་ཅུང་ཆེ་ཙམ་ཡིན་པའི་འདྲི་གཞི་ཁག་ལ་ལན་འདེབས་པའི་ནུས་པར་བརྟག་ཞིབ་བྱ་ཕྱིར་ཡིན་པས་ལན་འདེབས་པའི་དུས་ཚོང་འདང་ངེས་དང་འདྲི་གཞི་ཇུས་འདོན་སྐབས་དཀའ་གནད་ལ་བསམ་བློ་མང་ཙམ་གཏོང་དགོས།

གཉིས། མྱུར་ཚད་རྒྱུགས་ལེན། སློབ་མའི་བསམ་གཞིགས་སྐྱེན་པོ་ཡོད་མིན་ནམ་ནུས་རྩལ་གང་རུང་གི་བྱང་གོམས་ཚད་གཞིར་བརྟག་ཞིབ་བྱ་ཕྱིར་ཡིན། དེས་ན་འདྲི་གཞི་རྣམས་ཅུང་སླ་ཙམ་ཡིན་པས་ངེས་པར་དུ་དུས་ཚོད་ཀྱི་ཚད་བཀག་ནན་པོ་བཟོ་དགོས་ལ་འདྲི་གཞིའི་འབོར་ཚད་མང་པོ་ཡིན་དགོས་པ་མ་ཟད་ལན་འདེབས་ཐུབ་པའི་གྲངས་ཚད་དེ་སློབ་མའི་གྲུབ་འབྲས་ཀྱི་ཚད་འཇལ་ཚད་གཞིར་འཇོག་དགོས།

2_4 གཞི་ཁྱོན་ཆེ་ཆུང་གི་ཐད་ནས།

གཅིག ཁ་ཤས་རྒྱུགས་ལེན། གཞི་ཁྱོན་ཆུང་ཤོས་ཀྱི་རྒྱུགས་ལེན་ཞིག་སྟེ། ཐེངས་རེར་མི་རེ་ལ་རྒྱུགས་ལེན་བྱ་ཞིང་རྒྱུགས་ལེན་གྱི་ཐབས་ཤེས་དང་རྣམ་པ་ནི་སྟབས་བསྟུན་སྣེ་མང་ཅན་ཞིག་ཡིན། ཡིག་རྒྱུགས་གཏོང་མཁན་ལ་གདེང་འཇོག་ལེགས་པར་བྱ་ཐུབ་མོད། ཡིག་རྒྱུགས་གཏོང་མཁན་ལ་ཆེད་ལས་ཀྱི་གནས་ཚད་མཐོ་ཙམ་དང་བྱེད་སྒོའི་བྱང་ཚད་མཐོ་ཙམ་ཡོད་དགོས་པ་མ་ཟད་སྐབས་བསྟུན་གྱི་ནུས་རྩལ་ཡང་མཐོ་པོ་ཡོད་དགོས།

གཉིས། གཞི་རྒྱ་ཆེ་ཆུང་གི་རྒྱུགས་ལེན། གཉིས་ཀ་ཚོགས་པའི་རྒྱུགས་ལེན་དུ་གཏོགས་ཤིང་། དེ་གཉིས་དབར་གྱི་དབྱེ་མཚམས་ཀྱང་གསལ་བོ་མེད། སྤྱིར་ན་རྒྱུགས་སྤྲོད་མཁན་རྣམས་ཚོགས་པ་གཅིག་ནས་འོང་ཞིང་རྒྱུགས་ལེན་པ་གཅིག་གི་ས་རྒྱུགས་ལེན་བྱེད་པ་དང་རྒྱུགས་ལེན་ལ་ཞུགས་མཁན་ཉུང་ཙམ་ཡིན་པའི་རིགས་ལ་གཞི་རྒྱ་ཆུང་བའི་རྒྱུགས་ལེན་ཞེས་དང་དེ་ལས་བཟློག་ན་གཞི་ཁྱོན་ཆེ་བའི་རྒྱུགས་ལེན་ཞེས་བརྗོད་ཆོག

2_5 གཞན་དག་གི་ཐད་ནས།

གོང་གི་རྣམ་དབྱེ་དེ་དག་ནི་དེང་དུས་སྐད་ཡིག་ཡིག་ཚད་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ད་དུང་ཟུར་ངོས་གཞན་དག་ནས་ཡིག་ཐོག་རྒྱུགས་ལེན་དང་ཡིག་ཐོག་མིན་པའི་རྒྱུགས་ལེན། སློབ་ཞུགས་རྒྱུགས་ལེན་དང་ལས་གནས་བསྐོ་བཞག་གི་རྒྱུགས་ལེན། ལག་ཁྱེར་ལེན་པའི་རྒྱུགས་ལེན་དང་ལས་ཀར་འཇུག་པའི་རྒྱུགས་ལེན། བློ་རྒྱུགས་དང་རྩོད་རྒྱུགས་སོགས་ཀྱི་རྣམ་དབྱེ་ཧ་ཅང་མང་པོ་ཡོད།

3 སྤུས་ཚད་ཀྱི་ཚད་གཞི།

གཅིག ཕན་ཡོན་རང་བཞིན་ནམ་གོ་ཆོད་རང་བཞིན། སློབ་གསོ་ཚད་འཇལ་རིག་པའི་ནང་དུ་གོ་ཆོད་ཚད་ཅེས་བརྗོད་ཅིང་། དེ་ནི་རྒྱུགས་ལེན་གྱི་དོན་དམ་དུ་ཚད་འཇལ་དགོས་པའི་ནང་དོན་དང་ཕན་ནུས་ཀྱི་ཚད་གཞིར་ཚད་འཇལ་ཐུབ་མིན་བརྟག་དཔྱད་བྱེད་པའི་ཚད་གཞིར་བརྗོད་པ་ཡིན།

གཉིས། ཡིན་རྟོན་རུང་བའི་རང་བཞིན། སློབ་གསོ་ཚད་འཇལ་རིག་པའི་ནང་ཡིད་ཆེས་ཚད་ཅེས་བརྗོད་ཀྱི་ཡོད་ལ། ལག་ལེན་དངོས་ཀྱི་ནང་རྒྱུགས་ལེན་གང་འདྲ་ཞིག་ལ་ཡང་སྐྱོན་ཆ་རྩ་བ་ནས་མེད་པའི་ལེགས་པོ་ཀུན་འཛོམས་ཤིག་ཡོང་ཐབས་བྲལ་བས་ཡིག་རྒྱུགས་ལས་དོན་པས་ཧེ་བག་འདི་ཚད་གཞི་ཆུང་ཤོས་སུ་ཚོད་འཛིན་བྱ་རྒྱུ་ཙམ་དུ་ཟད་དོ།།

གསུམ། དབྱེ་འབྱེད་ཀྱི་ནུས་པ། སློབ་གསོ་ཚད་འཇལ་རིག་པའི་ནང་དུ་དབྱེ་འབྱེད་ཀྱི་ཚད་གཞི་ཞེས་བརྗོད། དེ་ནི་རྒྱུགས་ལེན་གྱིས་རྒྱུགས་སྤྲོད་སློབ་མའི་ཆུ་ཚད་ཀྱི་དབྱེ་འབྱེད་ནུས་པར་བྱ་བ་ཡིན།

བཞི། སྟབས་བདེ་རང་བཞིན། གོང་གསལ་ཀྱི་ཚད་གཞི་ཁག་ཕུད་རྒྱུགས་ལེན་གཅིག་ལ་ད་དུང་བེད་སྤྱོད་རང་བཞིན་གྱི་རེ་འདུན་ཡོད། དེ་ཡང་སྟབས་བདེའམ་བེད་སྤྱོད་རང་བཞིན་ཞེས་པ་ནི་རྒྱུགས་ལེན་ནང་དགོས་ངེས་ཀྱི་མི་ཤུགས་དང་དངོས་ཤུགས་དུས་ཚོད་སོགས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་འོས་འཚམས་ནང་སྟབས་བདེ་ཡོང་གང་ཐུབ་བྱ་དགོས། གལ་སྲིད་རྒྱུགས་ལེན་ཞིག་ལ་དུས་ཚོད་དང་མི་ཤུགས་དང་དངོས་ཤུགས་ཧ་ཅང་མང་པོ་གཏོང་དགོས་ཚེ་རྒྱུགས་ལེན་དེར་བེད་སྤྱོད་ཀྱི་རིན་ཐང་ཤིན་ཏུ་ནས་ཆུང་བ་ཡིན།

4 འདྲི་གཞིའི་རྣམ་པ།
4_1 ཐུན་མོང་གི་འདྲི་གཞི།

གཅིག བརྡར་གཅོད་འདྲི་གཞི། འདྲི་གཞིར་ཡིན་མིན་ནམ་འགྲིག་ནོར་གྱི་གདམ་བྱ་གཉིས་ལས་མེད་པས་འདྲི་གཞི་ཇུས་འགོད་སླ་ཞིང་སློབ་མས་ལན་འདེབས་བྱེད་ལམ་མགྱོགས་པས་དུས་ཚོད་ཐུང་ངུའི་ནང་དོན་མང་པོ་རྒྱུགས་ལེན་བྱ་ཐུབ་པ་ནི་དེའི་དགེ་མཚན་གྱི་ཕྱོགས་ཡིན།

གཉིས། འདེམས་འཇུག་འདྲི་གཞི། ཡང་དག་པའི་དྲིས་ལན་འདི་གདམ་བྱ་གཅིག་ཁོ་ན་ཡིན་ཆོག་ལ་གཅིག་ལས་མང་བའང་ཡོད་ཆོག་པས་ང་ཚོས་སྔ་མར་སྣེ་གཅིག་འདེམས་འཇུག་དང་། ཕྱི་མར་སྣེ་མང་འདེམས་འཇུག་ཅེས་བརྗོད་ཀྱི་ཡོད།

4_1_1 ཚད་བཀག

གཅིག གདམ་འཇུག་གི་འདྲི་གཞིས་བསམ་གཞིགས་ཀྱི་འབྲས་བུ་ལས་བསམ་གཞིགས་ཀྱི་བརྒྱུད་རིམ་མི་མངོན་པ་གང་ཞིག་བསམ་གཞིགས་ཀྱི་བརྒྱུད་རིམ་ནི་རྒྱུགས་ལེན་བྱེད་པའི་ངོས་ནས་བརྗོད་ན་ཧ་ཅང་གི་གལ་ཆེན་པོ་ཡིན།

གཉིས། གདམ་འཇུག་འདྲི་གཞིས་མཐུན་ཕྱོགས་ཀྱི་བསམ་གཞིགས་ཁོ་ནར་རྒྱུགས་ལེན་བྱེད་ཐུབ་པ་ལས་མི་མཐུན་ཕྱོགས་ཀྱི་བསམ་གཞིགས་ཐད་རྒྱུགས་ལེན་ཚད་འཇལ་བྱེད་མི་ཐུབ་པ་ནི་མངོན་གསལ་དོད་པོའི་ཞན་ཆ་ཞིག་ཡིན།

གསུམ། གདམ་འཇུག་འདྲི་ཞིས་སློབ་མའི་བརྡ་སྤྲོད་ནུས་པ་དང་བཀོལ་སྤྱོད་ནུས་པར་ཚད་ལེན་མི་ཐུབ།

གསུམ། མཚོན་རྟགས་རང་བཞིན་གྱི་འདྲི་གཞི། བརྡར་གཅོད་འདྲི་གཞི་དང་གདམ་འཇུག་འདྲི་གཞི་ཚང་མར་མཚོན་རྟགས་ཁག་ཅིག་སྤྱད་ནས་དྲིས་ལན་འདེབས་ཀྱི་ཡོད་པ་སྟེ། འོན་ཀྱང་དེ་ཚོ་ཚང་མར་སྟོང་འཇུག་གི་རྣམ་པ་སྤྱད་ཡོད། སྐད་ཡིག་རྒྱུགས་ལེན་ལ་ད་དུང་སྐད་ཡིག་མིན་པའི་མཚོན་རྟགས་ཀྱིས་ཐད་ཀར་ཁ་བྱང་ཐོག་རྟགས་བཀོད་ཆོག

1 འབྲེལ་རྟགས་འཐེན་པའི་འདྲི་གཞི། འདྲི་གཞིས་ཚད་འཇལ་དགོས་པའི་དོན་སྤྱིར་ན་ཕན་ཚུན་དོ་མཉམ་ཡིན་ཞིང་། རྒྱུན་དུ་ལན་འདེབས་པའི་ཐབས་ལམ་ནི་རྟགས་འཐེན་རྒྱུ་དེ་ཡིན། སྐད་ཡིག་རྒྱུགས་ལེན་ལ་སྐད་ཡིག་ཁོ་ནར་ཡོད་པའི་དམིགས་བསལ་གྱི་བརྡ་རྟགས་སམ་མཚོན་རྟགས་ཡོད་དེ།  གཅིག སྐད་ཆ་བཤད་སྐབས་སྒྲ་གདངས་ལྕིང་ཡང་མི་གཅིག་པས་ནང་དོན་ཐད་འཕོ་རྒྱུར་འགྱུར་འགྲོ་བ། གཉིས། སྐད་ཆ་བཤད་སྐབས་གཅོད་མཚམས་ཐ་དད་པས་ནང་དོན་ལ་འཕོ་འགྱུར་འགྲོ་བ།

བཞི། སྟོང་འཇུག་གི་འདྲི་གཞི། སྟོང་འཇུག་གི་འདྲི་གཞིར་ཡང་རིགས་མི་འདྲ་བ་སྣ་ཚོགས་ཡོད་མོད་མང་ཆེ་བ་ནི་ཆ་ཚང་བའི་སྐད་ཆའི་བར་གསེང་དུ་འགག་རྩའི་རང་བཞིན་གྱི་ཚིག་དང་རྣམ་དབྱེ་དག་ཁ་སྐོང་རྒྱུར་འཇོག་པ་དེ་ཡིན།

5 སྐད་ཡིག་རིག་ཚན་གྱི་རང་སྟོབས་འདྲི་གཞི།

སྐད་ཡིག་གི་ནུས་པ་དེ་སྐར་གྲངས་དཔྱད་བརྗོད་ཀྱི་གྲུབ་ཆ་གཙོ་བོ་ཞིག་ལ་འཇོག་དགོས་པ་དེ་ནི་རིག་ཚན་གཞན་དག་གི་རྒྱུགས་ལེན་དང་ཅུང་མི་འདྲ་བའི་ཆ་དེ་ཡིན། དེ་ཡང་འདྲི་གཞིའི་རྣམ་པ་དང་ནུས་པའི་རེ་འདུན་གྱི་འབྲེལ་བ་ལས།

གཅིག བཀོལ་སྤྱོད་འདྲི་གཞི། སློབ་མས་སྦྱངས་ཟིན་པའི་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ཁག་དོན་དངོས་ཀྱི་ལག་ལེན་ནང་བཀོལ་སྤྱོད་བྱ་བའི་ནུས་པར་བརྟག་ཞིབ་ཚད་ལེན་བྱ་ཕྱིར་སྤྱོད་ཆོག་པ་ཡིན་ལ།  རེ་འདུན་ནི། 1 དང་པོའི་ནང་དོན་ལ་འགྱུར་བ་འགྲོ་མི་ཆོག 2 མི་སྣ་དང་དེའི་འབོད་སྟངས་ཡང་དག་པ་ཡོང་བ་བྱ་དགོས། 3 དུས་ཚོད་དང་ས་ཆ་ཁ་གསལ་བོ་དགོས།

གཉིས། དྲིས་ལན་སྟབས་བདེའི་འདྲི་གཞི། སྟོང་འཇུག་གི་འདྲི་གཞིའི་ནང་དོན་མཐའ་དག་དྲིལ་ནས་སྟབས་བདེའི་འདྲི་གཞིར་འཆོས་ཆོག་པ་ཡིན། འོན་ཀྱང་དྲིས་ལན་སྟབས་བདེའི་འདྲི་གཞིའི་ནང་དོན་གྱི་གཤོང་ཚད་དེ་སྟོང་འཇུག་གི་འདྲི་གཞི་ལས་ཆེ་བ་ཡོད་ལ་ལན་འདེབས་བྱེད་པའི་སེམས་ཁམས་ཀྱི་བརྒྱུད་རིམ་དང་ནད་དོན་གྱི་རེ་བར་གཞིགས་ནས་རྙོག་འཛིང་ཡང་ཅུང་ཟད་ཆེ་བ་ཡོད། སྟོང་འཇུག་འདྲི་གཞི་དང་བསྡུར་བ་ནི། 1 འདྲི་གཞི་གཉིས་པོར་སློབ་མས་ཚིག་བསྡུས་ཤིང་དོན་གསལ་བའི་དྲིས་ལན་འདེབས་རྒྱུའི་རེ་བ་ཡོད་ལ། དེ་གཉིས་ཀས་སློབ་མའི་གནད་ལ་ཕོག་པོས་དྲིས་ལན་གྱི་འགག་གནད་བཟུང་བའི་ནུས་པར་ཚད་འཇལ་ཐུབ་ཀྱི་ཡོད། 2 སྟོང་འཇུག་འདྲི་གཞིས་དྲིས་ལན་ཆ་ཚང་དུ་གཏོང་བའི་ནུས་པ་མངོན་གྱི་ཡོད་ལ། དྲིས་ལན་སྟབས་བདེའི་འདྲི་གཞིས་དྲིས་ལན་གྱི་འགག་གནད་བཟུང་དགོས་པ་མ་ཟད་རང་སྐྱར་ཚིག་སྦྱོར་སྒྲིག་འཛུགས་བྱས་ཏེ་ཆ་ཚང་བའི་དྲིས་ལན་འདེབས་པའི་ནུས་མངོན་གྱི་ཡོད། 3 དྲིན་ལན་སྟབས་བདེའི་འདྲི་གཞིར་ལན་འདེབས་བྱ་རྒྱུའི་ནང་དོན་ལྟོས་བཅས་ཀྱིས་རྙོག་འཛིང་ཆེ་བས། རྒྱུགས་སྤྲོད་པས་འགག་གནད་དབར་གྱི་གཏན་ཚིགས་འབྲེལ་བར་དོ་སྣང་བྱས་ཏེ་ཚིག་སྦྱོར་སྒྲིག་འཛུགས་ཀྱི་གོ་རིམ་འོས་འཚམས་ལུགས་མཐུན་ཡོང་བ་བྱ་དགོས།

གསུམ། རྒྱས་གླེང་འདྲི་གཞི། དྲིས་ལན་གྱི་འགག་གནད་བཟུང་ཐུབ་པའི་རྨང་གཞིའི་ཐོག་གོང་གང་མདུན་སྤོས་ཀྱིས་རྒྱས་བཤད་བྱ་དགོས་པས་ལན་འདེབས་པའི་རྙོག་འཛིང་དང་དཀའ་གནད་དེ་སྟབས་བདེའི་དྲིས་ལན་ལས་གང་ཙམ་གྱི་ཆེ་བ་ཡོད།

དེ་ཡང་། 1 དཔེ་མཚོན་རང་བཞིན་ལྡན་པའི་འགག་གནད་འགའ་ཞིག་སྟབས་བདེའི་ཐོག་ནས་བརྗོད་པས་མི་འཐུས་པར་གནད་དོན་གཅིག་ལ་རྒྱས་བཤད་བྱེད་པར་སློབ་མ་མི་འདྲ་བས་དཔྱད་གཞིའི་ཡིག་རིགས་འདེམས་སྤྱོད་བྱ་རྒྱུའི་ཐད་ནས་ཆུ་ཚད་ཀྱི་ཁྱད་པར་མངོན་པ་ཡིན། 2 སློབ་མས་རང་གི་ལྟ་བ་རྒྱས་བཤད་བྱ་དགོས་པ་མ་ཟད་རིགས་པས་ཁུངས་སྐྱེལ་བྱ་དགོས་པས་རྒྱས་གླེང་འདྲི་གཞིའི་གཏན་ཚིགས་ཀྱི་འབྲེལ་བ་དེ་སྟབས་བདེའི་དྲིས་ལན་དང་བསྡུར་ན་གང་ཙམ་གྱི་རྙོག་འཛིང་ཆེ་བ་ཡོད། 3 ལྟ་བ་དང་དཔྱད་གཞིའི་མཐའ་དག་སྐད་ཡིག་བརྒྱུད་ནས་ཞིབ་གླེང་བྱ་དགོས་ལ་གཏན་ཚིགས་ཀྱི་གོ་རིམ་དབར་ལ་སྐད་ཡིག་གིས་འབྲེལ་མཐུད་བྱ་དགོས་པས་སྐད་ཡིག་གི་ནུས་པ་མཐོ་དམན་འདི་རྒྱས་གླེང་འདྲི་གཞིར་དཔྱད་བསྡུར་བྱེད་པའི་ཐད་ཀའི་ཆ་རྐྱེན་ཞིག་ཡིན།

བཞི། རྩོམ་ཡིག

རྩོམ་ཡིག་གི་རྣམ་དབྱེ་ཧ་ཅང་པོ་ཡོད་མོད་སྤྱིར་ན་རྩོམ་ཐུང་གྲས་དང་རིང་གྲས་གཉིས་སུ་དབྱེ་ཆོག་པ་ཡིན། དེ་ཡང་རྣམ་ཀུན་སློབ་ཁྲིད་དང་སྦྱོང་བརྡར་གྱི་བརྒྱུད་རིམ་ནང་དུས་ཚོད་སོགས་ཀྱི་ཚད་བཀག་ངེས་ཅན་ལྡན་པས་རྩོམ་ཐུང་གྲས་འབྲི་རྒྱུར་སྦྱོང་བརྡར་སྤྲོད་དགོས་པ་དང་དེས་རྨང་གཞི་བྱས་ནས་གཞི་ཁྱོན་ཆེ་བའི་རྒྱུགས་ལེན་ནང་ཐོན་ངེས་པའི་རྩོམ་རིང་གྲས་ཁག་ལ་བློ་སྒོ་འབྱེད་ཐབས་བྱ་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-23

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།