ཁྲིད་འཇུག་གི་ནུས་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲིད་འཇུག་གི་ནུས་རྩལ།
སློབ་ཐུན་ཞིག་འགོ་འཛུགས་སྐབས་རྒན་ལགས་ཀྱིས་རྟག་ཏུ་སློབ་ཐུན་འདིའི་སློབ་གཞིའི་ནང་དོན་དང་ཕན་ཡོན་གྱི་བྱ་ཐབས་ལ་གཞིགས་ཏེ་སློབ་མའི་དད་ཞེན་བསྐོང་འཐེན་བྱས་ཐོག་སློབ་སྦྱོང་བྱེད་པའི་ཀུན་སློང་འཕེལ་ཁར་སློབ་ཁྲིད་ཀྱི་དམིགས་ཡུལ་གསལ་རྟོགས། དོ་སྣང་བྱ་ཡུལ་དེ་སྦྱང་བྱའི་ནང་དོན་ཐོག་གཅིག་སྡུད་བྱ་རྒྱུ་དེ་ལྟའི་སློབ་ཁྲིད་ཀྱི་ནུས་རྩལ་ལ་སློབ་ཚན་ཁྲིད་འཇུག་གི་ནུས་རྩལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
导入技能
རིག་ཚན།
སློབ་གསོ་རིག་པ།
ཁོངས།
སློབ་ཁྲིད།
རིགས།
སྐད་ཡིག
ཚན་པ།
དམའ་འབྲིང་།
1 རྣམ་གྲངས།

གཅིག གནས་ཚུལ་ཕྱོགས་བསྡོམས་དང་སྔོན་སྦྱོང་ལ་ཞིབ་བཤེར། རྒན་ལགས་ཀྱིས་སློབ་ཐུན་འདིའི་སློབ་ཁྲིད་ཀྱི་ནང་དོན་ལ་གཞིགས་ནས་བལྟ་ཀློག་བྱེད་པའམ། རྩོམ་ཡིག་འབྲི་བ་སོགས་གང་རུང་ཞིག་ལ་ཕྱོགས་བསྡོམས་བྱེད་བཞིན་ནང་དོན་གསར་པ་སྒྲིག་འཛུགས་བྱེད་པ། སྐབས་འགར་སྔོན་སྦྱོང་ལ་ཞིབ་བཤེར་དང་ཕྱོགས་བསྡོམས་བྱ་རྒྱུ་ནས་འགོ་བཙུགས་ཏེ་སློབ་ཚན་གྱི་ནང་དོན་གསར་པ་སྒྲིག་འཛུགས་བྱ་དགོས།

གཉིས། གོང་མཐུད་འོག་འདྲེན་གྱི་འབྲེལ་བ་འཛུགས་ཐབས། སྐད་ཡིག་སློབ་ཚན་གྱི་སློབ་ཁྲིད་འདི་རྣམ་པའི་ཐོག་ནས་བལྟས་ན། ཕན་ཚུན་འབྲེལ་བ་མེད་པའི་ཁེར་རྐྱང་གི་རྩོམ་ཡིག་གམ་སློབ་ཚན་རེ་རེ་བ་ཞིག་ཡིན། དོན་དངོས་ཐོག་རྩོམ་ཡིག་གམ་སློབ་ཚན་གང་འདྲ་ཞིག་ཡིན་རུང་སྔ་མས་རྨང་གཞི་དང་ཕྱི་མས་གོམ་པ་གང་གིས་གཏིང་ཟབ་དང་རྒྱ་ཆེར་འགྲོ་བའི་གཏན་ཚིགས་ཀྱི་འགྲོས་ཤིག་ལྡན་ཡོད།

གསུམ། དོགས་སློང་དྲི་བསྐུལ་བྱས་ཐོག་བསམ་གཞིགས་བྱེད་རྒྱུར་བློ་སྒོ་འབྱེད་ཐབས། དགེ་རྒན་གྱིས་སློབ་ཚན་ཚུགས་མ་ཐག་གནད་དོན་གང་རུང་ཞིག་ལ་དོགས་འཆར་སྐྱེ་བའི་སྣང་ཚུལ་བཟོས་ཐོག་སློབ་མའི་དོ་སྣང་བྱེད་ཡུལ་མྱུར་དུ་གཅིག་སྡུད་ཡོང་ཐབས་བྱེད་པ་དེ་ནི་རྒྱུན་དུ་སྤྱོད་པའི་སློབ་ཚན་ཁྲིད་འཇུག་བྱ་ཐབས་ཤིག་ཡིན། ཁྱབ་ཁོངས་ནི་རྟག་ཏུ་སློབ་ཚན་དེ་ཉིད་ཀྱི་ལྟེ་བ་བྱས་ནས་འབྲེལ་ཡོད་གནད་དོན་ཁག་ལ་རྒྱ་བསྐྱེད་བྱེད་ཆོག་པ་སྟེ། རྩོམ་པ་པོའི་ཐོག་ནས་སམ་རྩོམ་ཡིག་འདི་ཉིད་ཀྱི་འབྱུང་ཁུངས་སམ་སློབ་ཚན་དེའི་ནང་དོན། ཡང་ན་སློབ་ཚན་དེ་ཉིད་ཀྱི་ཁ་བྱང་དང་བརྡ་སྤྲོད་ཀྱི་འགྲོ་ལུགས་སོགས་ནས་དྲི་བ་བསྐུལ་ཆོག དྲི་བ་དེ་རིགས་ཧ་ཅང་ཁག་པོ་མིན་ལ་བསམ་གཞིགས་ཀྱང་ངེས་གཏན་བྱ་དགོས་པ་ཞིག་བྱུང་ཚེ་སློབ་མ་མང་ཆེ་བས་གནད་དོན་དེར་བསམ་གཞིགས་བྱེད་པའི་དད་ཞེན་འདོན་སྤེལ་བྱེད་ཐུབ།

2 གྲུབ་ཆ།

སློབ་ཚན་ཁྲིད་འཇུག་གི་གྲུབ་ཆ་ཞེས་པ་ནི་སློབ་ཚན་ཁྲིད་འཇུག་བྱ་རྒྱུ་དེ་ཆ་རྐྱེན་གང་དག་ལས་གྲུབ་དགོས་པ་དང་། ཆ་རྐྱེན་འདི་དག་ཤོད་སྐབས་བརྡ་སྦྱོར་བྱེད་སྟངས་ཀྱི་གོ་རིམ་ཇི་ལྟར་ཡིན་པར་ཞིབ་འཇུག་བྱ་རྒྱུ་དེ་ཡིན།

2_1 དོ་སྣང་།

རང་གིས་འདུ་ཤེས་འཛིན་སྟངས་དེ་དམིགས་པ་དུ་མའི་ནང་གི་གཅིག་ལ་སྡུད་སྐབས་དམིགས་པ་གཞན་དག་མངོན་རྒྱུར་བཀག་འགོག་དང་ཚོད་འཛིན་བྱེད་ཀྱི་ཡོད་པས་སྐབས་དེའི་སེམས་ཁམས་ཀྱི་སྒུལ་སྐྱོད་འདུ་ཤེས་ཐོག་གཅིག་སྡུད་བྱ་བ་དེར་དོ་སྣང་ཟེར།

ཆ་རྐྱེན། འགྲེལ་བ། དཔེ་མཚོན།
ཤུགས་ཚད་ཐད། ཕྱི་རོལ་ཡུལ་གྱི་བྱ་དངོས་གཉིས་ཀྱིས་དུས་གཅིག་ཏུ་ཤན་ཞུགས་ཚེ་དོ་སྣང་བྱ་ཡུལ་དེ་ཤན་ཞུགས་ཚད་ཤུགས་དྲག་ཆེ་བའི་ཕྱོགས་དེར་འགྲོ་གི་ཡོད། དགེ་རྒན་གྱིས་གློ་བུར་དུ་སྐད་ཤུགས་ཆེ་རུ་བཏང་ཚེ་སེམས་པ་རྒྱ་ཡན་དུ་སོང་བའི་སློབ་མ་མང་བོའི་དོ་སྣང་བྱ་ཡུལ་དེ་གཉིད་སད་པ་ལྟར་སློབ་ཁྲིད་ཐོག་གཅིག་སྡུད་ཡོང་བ་ལྟ་བུ།
འགྱུར་ལྡོག་ཐད། ཚར་སྐུལ་ཆེ་ཙམ་ཡིན་མོད་ཡུན་རིང་སོང་ཚེ་ཁ་གཡེངས་མིག་གཡེངས་བྱེད་སྲིད། དེས་ན་སྐབས་བསྟུན་གྱིས་ཚར་སྐུལ་འགྱུར་ལྡོག་གཏོང་རྒྱུ་དེ་ཡང་དོ་སྣང་བྱེད་ཡུལ་གཅིག་སྡུད་ཡོང་བའི་ཆ་རྐྱེན་ཞིག་ཡིན། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་བཤད་སྟེགས་སམ་སློབ་ཕྲུག་གི་སྒྲོག་ཙེའི་བར་གསེང་ནས་ཕར་འགྲོ་ཚུར་འོང་བྱེད་པ་དེ་སློབ་མའི་ངོ་ནས་བརྗོད་ན་ཚར་སྐུལ་གྱི་འགྱུར་བ་ཞིག་ཡིན། སྐབས་འགར་སློབ་མ་རྣམས་ལ་ལྟ་ཞིབ་བྱེད་དུ་བཅུག་པ་དང་ཉན་དུ་འཇུག་པ། ཀློག་ཏུ་འཇུག་པ། བསམ་དུ་བཅུག་པ་སོགས་འགྱུར་ལྡོག་ཡང་ཡང་གཏོང་བ་དེས་སློབ་མའི་དོ་སྣང་བྱེད་ཡུལ་དེ་བས་རྒྱུན་བསྲིངས་ཡོང་བར་ཕན་ནུས་ཆེན་པོ་ཐོན་པ་ལྟ་བུ།
ཚར་སྐུལ་བསྡུར་བ། བྱ་དངོས་གཉིས་བསྡུར་བ་བྱ་དུས་མི་རྣམས་ལ་དེ་བས་དོ་སྣང་ཡོང་གི་ཡོད། ནག་པང་ཐོག་ཡི་གེ་འབྲི་སྐབས་སྤྱིར་ས་སྨྱུག་དཀར་པོ་སྤྱད་རུང་གཙོ་གནད་དང་འགག་རྩའི་ཚིག་རེ་ཟུང་ས་སྨྱུག་ཚོན་ཁྲས་བྲིས་པ་སོགས་བྱས་ན་སློབ་མའི་དོ་སྣང་བྱ་ཡུལ་གཅིག་སྡུད་ཡོང་རྒྱུར་ནུས་པ་ཐོན་གྱི་ཡོད་པ་ལྟ་བུ།
བསྐྱར་ཟློས། སློབ་ཁྲིད་བྱ་སྐབས་བསྐྱར་ཀློག་བྱ་རྒྱུ་དེ་ཡང་སློབ་མའི་དོ་སྣང་གཅིག་སྡུད་བཟོ་བའི་ཐབས་ལམ་ཞིག་ཡིན། དེ་ལ་ཕན་ནུས་གཉིས་ཡོད་དེ། གཅིག་ནི་སློབ་མ་རྣམས་དོ་སྣང་བྱེད་ཡུལ་གཅིག་སྡུད་མ་བྱུང་བ་དང་། ཅིག་ཤོས་ནི་བསྐྱར་ཟློས་ཐེངས་གཅིག་བྱས་ན་གདན་དོན་དེ་གལ་ཆེན་པོ་ཡིན་པ་དང་རང་སེམས་རྒྱ་ཡན་དུ་འགྲོ་བ་དེར་དགེ་རྒན་ནས་ཉེན་བརྡ་གཏོང་གི་ཡོད་པའི་ཚོར་སྣང་ཡོང་ཐུབ། གཟབ་གཟབ་ཉོན་ཨཱ། ངས་ཡང་བསྐྱར་ཐེངས་གཅིག་བཤད་ཀྱི་ཡིན་ཞེས་པའམ་སྒྲོག་ཙེའམ་ནག་པང་ཐེངས་འགའ་བརྡུངས་ནས་ངས་ཡང་བསྐྱར་ཐེངས་གཅིག་ཤོད་ཀྱི་ཡིན་ཞེས་ནན་བཤད་བྱེད་ཀྱི་ཡོད།
མཚར་སྣང་སྐྱེ་ཐབས། དཔེ་གསར་དང་ཡ་མཚན་ཅན་གྱི་བྱ་དངོས་ཀྱིས་སློབ་མ་རྣམས་ལ་མཚར་སྣང་སྦྱིན་པ་དེ་ནི་མཚར་སྣང་གིས་ཀུན་སློང་སྐོང་འཐེན་བྱ་བའི་རྒྱུ་རྐྱེན་ཡིན། ཁྲིད་འཇུག་གི་ཇུས་འགོད་བྱེད་སྐབས་ཐམས་ལམ་འདྲ་མིན་སྤྱོད་པ་དང་ཟུར་ངོས་ཁྱད་མཚར་ནས་བཟུང་ཏེ་སློབ་མ་ཚོར་མཚར་སྣང་སྐྱེ་ཐུབ་པ་བཟོ་ཡི་ཡོད་པ་ལྟ་བུ།
2_2 སློབ་སྦྱོང་གི་ཀུན་སློང་སྐྱེད་བསྲིང་།

ཀུན་སློང་ནི་སློབ་སྦྱོང་ལ་ཐད་ཀར་སྐུལ་འདེད་གཏོང་བའི་ནང་རྐྱེན་གྱི་སྒུལ་ཤུགས་ཡིན། དེ་ཡང་མི་ཞིག་གི་སེམས་ཁམས་སམ་ལུས་ཁམས་ཐད་ཀྱི་དགོས་མཁོ་གང་རུང་ཞིག་ལ་འདུན་པ་བཅིངས་ཤིང་། དེར་འབྲས་བུ་མ་ཐོབ་བར་འབྲེལ་ཡོད་ཀྱི་དམིགས་འབེན་གང་རུང་ལ་ཕན་འབྲས་ལྡན་པའི་བྱེད་སྒོ་སྤེལ་མཚམས་མི་འཇོག་པའི་ཛ་དྲག་ཆེ་བའི་སེམས་ཁམས་ཀྱི་བརྒྱུད་རིམ་དེར་ཀུན་སློང་ཟེར་བ་ཡིན།

བྱ་ཐབས།
འགྲེལ་བ། དཔེ་མཚོན།
བསྔགས་བརྗོད་བྱ་རྒྱུ། མི་སུ་འདྲ་ཞིག་ཡིན་རུང་རང་གི་བྱ་སྤྱོད་ལ་ཚད་མཐོའི་གདེང་འཇོག་ཐོབ་པ་དེས་སླད་ཀྱི་བྱ་སྤྱོད་མཐའ་དག་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་གྱི་ཡོད། སློབ་ཕྲུག་གཅིག་ལ་འཛིན་གྲྭའི་ནང་དགེ་རྒན་གྱིས་བསྔགས་བརྗོད་ཐོབ་ཚེ་དེར་མུ་མཐུད་ནས་འབད་བརྩོན་བྱ་རྒྱུའི་འདུན་པ་དྲག་པོ་སྐྱེད་པ་ལྟ་བུ།
གྲུབ་འབྲས་ལ་རྒྱུས་མངའ་ལོན་པ། གཞི་རྩའི་ཆར་བསྟོད་བསྔགས་བྱེད་པ་དང་ཁྱད་མེད། དགེ་རྒན་གྱིས་དེ་སྔོན་སློབ་ཕྲུག་འདིའི་སྦྱང་འབྲས་སྐྱོ་ཙམ་ཡིན་མོད། ད་ཆ་ཡར་རྒྱས་མགྱོགས་པོ་ཞེ་དྲགས་ཕྱིན་འདུག་སོགས་སྐབས་བསྟུན་གྱིས་སློབ་མའི་གྲུབ་འབྲས་ལ་དཔྱད་དཔོག་བྱས་ན་སློབ་མ་རང་ངོས་ནས་ཡང་པའི་ཁ་ཕྱོགས་རྙེད་པའམ། སླད་ལེགས་བཅོས་བྱ་རྒྱུའི་འདུན་པ་དྲག་པོ་སྐྱེས་ནས་སློབ་སྦྱོང་ཀུན་སློང་སྐྱེད་བསྲིངས་བྱེད་པ་ལྟ་བུ།
དམིགས་ཚད་གསལ་སྟོན་དགོས་པ། སློབ་ཚན་འགོ་ཚུགས་པ་དང་ཆབས་ཅིག་རྒན་ལགས་ནས་སློབ་ཚན་འདིའི་ནང་དམིགས་ཚད་འདི་བཞིན་བསྒྲུབ་དགོས་པའི་བླང་བྱ་བཏོན་པས་སློབ་མས་དམིགས་ཚད་འདི་འགྲུབ་ཕྱིར་འབད་པའམ་དམིགས་ཚད་འདིར་མ་སླེབས་བར་བརྩོན་པ་བྱ་རྒྱུའི་ཀུན་སློང་འཕེལ་བ་ཡིན། མངོན་བརྗོད་དང་བརྡ་རྙིང་སོགས་ཚིག་གསར་གང་ཤེས་རྟོགས་དང་དེ་དག་སྤྱད་ནས་ཚིག་གྲུབ་བམ་བརྗོད་པ་གང་རུང་འབྲི་ཤེས་པ་ལྟ་བུ།
གྲུབ་འབྲས་ཐོབ་པ་བྱ་རྒྱུ། སེམས་ཁམས་རིག་པ་མཁས་ཅན་ཀའེ་ཙེས་བྱ་དངོས་གང་ཞིག་གིས་ཀྱང་གྲུབ་འབྲས་ཐོན་པ་ལས་ལྷག་པའི་བློ་ཡིད་ཚིམས་པའི་ཚོར་སྣང་སྦྱིན་མི་ཐུབ་ལ། རང་ལ་སྔར་བས་གྲུབ་འབྲས་ཐོབ་པར་དེ་ལས་ལྷག་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་པའི་བྱ་དངོས་གཞན་ཞིག་ཀྱང་མེད། སློབ་ཕྲུག་ཞིག་ལ་རྩོམ་ཡིག་འབྲི་བའི་ཐད་གྲུབ་འབྲས་ངེས་ཅན་ཞིག་ཐོབ་སྟེ་ཚགས་པར་རམ་དུས་དེབ་ཐོག་རང་གིས་བྲིས་པའི་རྩོམ་འདོན་ཐུབ་ཚེ་སླད་མར་དེ་བས་མང་བ་དང་ཡག་པ་འབྲི་ཐུབ་པ་བྱ་རྒྱུའི་འདུན་པ་དྲག་པོ་ཡོང་བ་ལྟ་བུ།
ཤུགས་རྐྱེན་བཟང་བོ་ཐེབས་པ་བྱ་རྒྱུ། ཐུན་མོང་ཐོག་གྲོས་བསྡུར་བྱས་ན་སློབ་མ་ཚོར་ཕྱོགས་མང་གི་ཆ་འཕྲིན་སྤེལ་བའི་རྣམ་པ་ཞིག་ཆགས་ཀྱི་ཡོད། གཅིག་བརྟེན་གཅིག་དྲན་གྱི་འཆར་སྒོ་སྣ་ཚོགས་ལ་བརྟེན་ནས་རང་འགུལ་ཐོག་བསམ་གཞིགས་བྱེད་པ་མ་ཟད། རང་གི་བསམ་འཆར་འདོན་རྒྱུའི་རེ་འདོད་དང་སླད་གྲོས་བསྡུར་དེ་རིགས་ནང་ཞུགས་རྒྱུའི་ཀུན་སློང་ངམ་འདུན་པ་ཡོང་གི་ཡོད་པ་ལྟ་བུ།
དུས་ཚོད་གཏན་འཁེལ་དང་འགྲན་རྩོད་རྣམ་པའི་ཤུགས་རྐྱེན་ཐེབས་ཐབས། རང་ཉིད་སློབ་མ་གཞན་ལས་རྣམ་པར་རྒྱལ་འདོད་དང་སྔོན་ལ་ལེགས་འགྲུབ་ཐུབ་པ་བྱ་དགོས་སྙམ་པའི་ཀུན་སློང་སྐྱེ་དགོས་ན་དུས་ཚོད་ཚད་བཀག་བཟོ་རྒྱུ་དེ་ཡང་ཐབས་ལམ་ཞིག་ཡིན། སློབ་མ་ཚོར་ཚད་བཀག་དུས་ཚོད་ནང་དགེ་རྒན་གྱིས་བསྐུལ་བའི་འདྲི་གཞི་ལེགས་འགྲུབ་ཡོང་ཐུབ་པ་མ་ཟད་རང་ཉིད་སྔོན་ལ་འགྲུབ་ཐུབ་པ་བྱ་རྒྱུའི་ཀུན་སློབ་སྐྱེས་ནས་དུས་ཚོད་དམ་འཛིན་གྱིས་སློབ་སྦྱོང་བྱེད་པ་ལྟ་བུ།



3 ​དོ་སྣང་གནད་དོན།      

གཅིག སློབ་ཚན་ཁྲིད་འཇུག་བྱེད་སྐབས་སློབ་གཞིའི་ནང་དོན་དང་འབྲེལ་འདྲིས་ཟབ་ཅིང་གནད་ལ་འཕིགས་པའི་ནང་དོན་འདེམས་དགོས།

གཉིས། སློབ་ཚན་ཁྲིད་འཇུག་བྱེད་སྐབས་སྐད་ཆར་ཞིབ་བརྟག་བྱ་དགོས།

གསུམ། སློབ་ཚན་ཁྲིད་འཇུག་གི་དུས་ཚོད་དམ་འཛིན་ཡག་པོ་བྱ་དགོས།







སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-20

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།