སློབ་ཁྲིད་ཀྱི་བརྒྱུད་རིམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སློབ་ཁྲིད་ཀྱི་བརྒྱུད་རིམ།
དགེ་རྒན་གྱིས་གཙོ་ཁྲིད་ནུས་པ་བཏོན་པའི་སྔོན་འགྲོའི་ཆ་རྐྱེན་འོག སློབ་མས་སློབ་གཞི་ངེས་ཀློག་དང་། གོ་བ་ལེན་པའི་བརྒྱུད་རིམ་ལ་ཟེར་བ་ཡིན། དེ་ལ་སློབ་མའི་ཤེས་ཡོན་རྒྱ་ཆེར་གཏོང་བ་དང་བལྟ་ཀློག་གི་གོམས་གཤིས་ལེགས་པོ་འཇགས་པ། སློབ་མས་མི་རིགས་ཀྱི་སྐད་ཡིག་ལ་དགའ་ཞེན་དང་། ཁོ་ཚོས་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་དད་མོས་དང་སྙིང་སྟོབས་གསོ་སྐྱོང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྤྱོད་བཟང་དར་སྤེལ་དང་། དྭངས་གཙང་ལྷད་མེད་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་གསོ་སྐྱོང་བྱ་རྒྱུ་བཅས་ཀྱི་ལས་འགན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
教学过程
རིག་ཚན།
སློབ་གསོ་རིག་པ།
ཁོངས།
བལྟ་ཀློག
རིགས།
སྐད་ཡིག
ཚན་པ།
དམའ་འབྲིང་།
1 ལེ་ཚན་གཅིག་གི་བརྒྱུད་རིམ།
1_1 ལེ་ཚན་སློབ་ཁྲིད།

《སློབ་འབྲིང་སྐད་ཡིག་སློབ་ཁྲིད་ཀྱི་རྩ་འཛིན》གྱི་རེ་འདུན་གཞིར་བཟུང་ནས་སློབ་མར་དགོས་ངེས་ཀྱི་ཤེས་ཡོན་སློབ་ཁྲིད་བྱེད་པ་མ་ཟད། དེ་བས་གལ་ཆེ་བ་ནི་ཁོ་ཚོའི་ཉན་པ་དང་། འཆད་པ། ཀློག་པ། འབྲི་བ་བཅས་ཀྱི་སྐད་ཡིག་ནུས་པ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། དེའི་དམིགས་ཡུལ་ནི་སྐད་ཡིག་སློབ་ཁྲིད་ཀྱི་གྲུབ་ཆ་འོས་མཐུན་ཞིག་བསྐྲུན་ནས་སློབ་པ་དང་། སྦྱོང་བ། འཆད་པ་དང་སྦྱོང་བ། ཤེས་ཡོན་སློབ་པ་དང་ནུས་པ་དང་གོམས་གཤིས་གསོ་སྐྱོང་བྱེད་པ། རིག་སྟོབས་འཕེལ་རྒྱས་དང་། དད་ཞེན། ཀུན་སྤྱོད་གསོ་སྐྱོང་བྱ་རྒྱུ་བཅས་ཚུལ་མཐུན་གྱི་སྒོ་ནས་གཅིག་འགྱུར་བྱ་རྒྱུ་དེ་ཡིན་པ་མ་ཟད། སྐད་ཡིག་སློབ་ཁྲིད་ཀྱི་ཕན་འབྲས་གོང་མཐོར་གཏོང་བ་དང་། སྐད་ཡིག་སློབ་ཁྲིད་ཀྱི་བརྒྱུད་རིམ་ཡང་དག་པར་མངོན་འགྱུར་བྱ་རྒྱུ་དེ་ཡིན།

1_2 བརྒྱུད་རིམ།

གཅིག སློབ་ཁྲིད་དམིགས་ཚད་དང་འཆར་གཞི་གསལ་པོ་དགོས་པ། ལེ་ཚན་རེ་སློབ་ཁྲིད་བྱེད་སྐབས་ཐོག་མར་དགེ་རྒན་གྱིས་སློབ་མར་ལེ་ཚན་དེའི་ནང་དོན་ཆེ་ལོང་ཙམ་བལྟ་དགོས་པའི་རེ་བ་བཏོན་ཏེ་སློབ་མས་ལེ་ཚན་གྱི་ནང་དོན་སྤྱི་ཁོག་རགས་པ་ཙམ་ཤེས་རྟོགས་བྱས་པའི་རྨང་གཞིའི་ཐོག་ལེ་ཚན་དེར་ཤེས་བྱའི་གནད་གང་ཡོད་མེད་ཤེས་རྟོགས་བྱེད་དགོས་པ་དང་། ལེ་དེའི་སློབ་སྦྱོང་གི་གཙོ་གནད་གསལ་པོ་དགོས་པ། ལེ་ཚན་གྱི་གནད་བསྡུས་བཟོ་དགོས་པ།

གཉིས། ཀློག་སློབ་ཁྲིད། ཀློག་སློབ་པའི་སློབ་ཚན་ལ་དཔེ་སྟོན་གྱི་ནུས་པ་ཡོད་པར་བརྟེན་དགེ་རྒན་ནས་ཀྱང་ལེ་ཚན་དེའི་ནང་གི་ཤེས་བྱའི་གནད་མཚོན་ཤུགས་ཆེ་ཤོས་གྱི་སློབ་ཚན་དེ་ཀློག་སློབ་པའི་སློབ་ཚན་དུ་བདམས་དགོས། སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་། ཕྱོགས་ཡོངས་ནས་སློབ་མའི་རང་ཀློག་གི་དགོས་མཁོར་གཞིགས་ཏེ་གཅིག་ནས་ཤེས་ཡོན་སློབ་པ་དང་། གཉིས་ནས་ཐབས་ཤེས་བསླབ་ནས་ཀློག་སློབ་པའི་སློབ་ཚན་གྱིས་སློབ་མའི་རང་ཀློག་ནུས་པ་གསོ་སྐྱོང་བྱ་རྒྱུའི་ནུས་པ་འདོད་པ་ཐུབ་པ་བྱ་དགོས།

གསུམ། རང་ཀློག་སློབ་ཚན། སློབ་མའི་རང་ཀློག་ནུས་པ་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བྱས་པའི་སློབ་ཚན་ཞིག་ཡིན། འོན་ཀྱང་དེར་དགེ་རྒན་གྱིས་ཟུར་ཁྲིད་ཡོད་དགོས། སྤྱིར་བཏང་གི་བྱ་ཐབས་ནི་སློབ་མས་སྔོན་སྦྱོང་དང་། སློབ་ཚན་ལ་རྒྱུས་མངའ་བྱུང་བའི་རྨང་གཞིའི་ཐོག སློབ་ཚན་གྱི་རྩོམ་ལུས་ཁྱད་ཆོས་དང་། རང་ཀློག་ཟུར་འདོན་སློབ་ཚན། མཇུག་གི་བསྐྱར་སྦྱོང་གཞིར་བཟུང་། རང་ངོས་ནས་གྲོས་འཆར་གྱི་དྲི་གཞི་འཆར་བཀོད་བྱེད་དགོས། དགེ་རྒན་དང་སློབ་མའི་བསམ་འཆར་བརྗེ་རེས་བྱས་ཏེ་གྲོས་བསྡུར་གྱི་དྲི་གཞི་གཏན་འཁེལ་བཟོ་བ་དང་དེ་རྗེས་རིམ་བཞིན་དྲི་གཞིར་གྲོས་བསྡུར་བྱ་དགོས།

བཞི། མཇུག་བསྡོམས་དང་ཚོད་ལེན། ལེ་ཚན་གཅིག་གི་སློབ་ཚན་སྦྱངས་ཟིན་རྗེས། དུས་ཐོག་ཏུ་སྦྱངས་ཟིན་པའི་ནང་དོན་ཁག་ལ་ཕྱོགས་བསྡུས་དང་། མཇུག་བསྡོམས་དང་བསྐྱར་སྦྱོང་བཅས་བྱས་ཏེ་ཤེས་བྱ་སྲ་བརྟན་དུ་གཏོང་དགོས། མཇུག་བསྡོམས་བྱེད་སྐབས་སློབ་མར་ལེ་ཚན་ནང་གི་སློབ་ཚན་ཡོངས་ལ་བསྡུར་བ་དང་དབྱེ་ཞིབ་བྱེད་དགོས་པའི་རེ་བ་འདོན་དགོས་པ་མ་ཟད། མཐུན་པའི་ནང་ནས་འགལ་བ་འཚུལ་བ་དང་འགལ་བའི་ནང་ནས་མཐུན་པ་འཚོལ་བ། ལེ་ཚན་དེའི་རྩོམ་ཡིག་གི་མཚོན་དོན་དང་རྒྱུ་ཆ་གདམས་སྒྲིག་དང་། རྩོམ་གྱི་ཇུས་འགོད། ཚིག་གྲུབ་བཀོལ་སྤྱོད་སོགས་ཀྱི་གཅིག་མཐུན་ཁྱད་ཆོས་ཕྱོགས་བསྡུས་བྱས་ཏེ་སློབ་མས་རིམ་བཞིན་ལྟ་ཀློག་དང་རྩོམ་འབྲིའི་ཆོས་ཉིད་ཁོད་དུ་ཆུད་པ་དང་། འབྲི་ཀློག་གི་ནུས་པ་རིམ་བཞིན་འཇགས་པ་བྱ་དགོས། ལེ་ཚན་སློབ་ཁྲིད་ནང་ད་དུང་ཀློག་པ་དང་འབྲི་བའི་སློབ་ཁྲིད་གཉིས་ཟུང་འབྲེལ་བྱ་རྒྱུར་ཡིད་གཟབ་བྱས་ཏེ་ཀློག་པ་དང་འབྲི་བའི་སློབ་ཁྲིད་དམིགས་ཡུལ་གཅིག་མཐུན་ཡོང་ཐབས་དང་སྦྱོང་བརྡར་མཉམ་བགྲོད་ཡོང་བ་བྱེད་དགོས། 

2 སློབ་ཚན་གཅིག་གི་སློབ་ཁྲིད།
2_1 སྒྲིག་གཞི།

རྩོམ་ཡིག་གཅིག་སློབ་གཞིའི་ནང་བཅུག་ནས་སློབ་ཚན་དུ་གྱུར་རྗེས་རྩོམ་པ་པོ་ཞིག་གི་རྩོམ་ཡིག་ཙམ་མ་ཡིན་པར་སྐད་ཡིག་སློབ་གཞིའི་མ་ལག་ཁྲོད་ཀྱི་ཕན་ཚུན་བྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཏུ་འགྱུར་བ་ཡིན། སློབ་གཞི་སྒྲིག་མཁན་གྱིས་རྩོམ་ཡིག་དེ་དེབ་གང་རུང་ཞིག་དང་ལེ་ཚན་གང་རུང་ཞིག་ཏུ་བཀོད་རྗེས། དེ་དང་སྔོན་རྗེས་ཀྱི་སློབ་ཚན་བར། དེ་བཞིན་སློབ་གཞི་དེའི་ནང་གི་ལེ་ཚན་གཞན་བར། སློབ་དུས་དེ་དང་ལོ་རིམ་དེའི་སློབ་ཁྲིད་བར་ལ་འབྲེལ་བ་ཆགས་པ་རེད། དམིགས་བསལ་གྱི་གནས་བབས་དེའི་ཐོག་དགེ་རྒན་གྱིས་སློབ་ཁྲིད་ཇི་ལྟར་བྱེད་པ་དང་། སློབ་མས་ཇི་ལྟར་བྱས་ཏེ་རྩོམ་ཡིག་དེ་སློབ་སྦྱོང་བྱ་དགོས་སམ་ཞེ་ན། རྩོམ་སྒྲིག་པའི་དགོངས་གཞི་དེ་རྣམ་པ་ངེས་ཅན་ཞིག་བརྒྱུད་ནས་མངོན་པར་བྱས་ཡོད་པས། དེ་ནི་སློབ་ཚན་རྩོམ་སྒྲིག་གི་རྩོམ་སྟངས་དང་སྒྲིག་གཞི་ཡིན།

2_2 བརྒྱུད་རིམ།

བསླབ་གཞི་ཞིག་གི་སློབ་ཁྲིད་དེ་ངེས་པར་དུ་ཆོས་ཉིད་གཉིས་དང་མཐུན་དགོས་ཏེ། གཅིག་ནི་ཚོར་ཤེས---གོ་བ་ལེན་པ---གཟིགས་དཔྱད་དང་དཔྱད་བརྗོད་ཀྱི་ཆོས་ཉིད་ཡིན་པ་དང་། གཞན་ཞིག་ནི་སྔོན་སྦྱོང---སློབ་ཚན་ཉན་པ---སྲ་བརྟན་དང་བཀོལ་སྤྱོད་ཀྱི་སློབ་ཁྲིད་ཆོས་ཉིད་དེ་ཡིན། ཕུལ་བྱུང་གི་དགེ་རྒན་འགས་ཆོས་ཉིད་དེ་གཉིས་གཅིག་གྱུར་བཟོས་ཏེ་སློབ་ཐབས་མི་འདྲ་བ་དུ་མ་བཟོས་ཡོད། གང་ལྟར་དགེ་རྒན་ནས་རྨང་གཞིའི་འཁྲིད་སྲོལ་གང་ཞིག་བཀོལ་སྤྱོད་བྱས་ཀྱང་། བསླབ་གཞི་ཞིག་གི་སློབ་ཁྲིད་བརྒྱུད་རིམ་ནས་བཤད་ན་ཚང་མ་གཤམ་གསལ་དོན་གནད་ལྔ་ལས་མ་འདས་ཏེ།

༡ ངེས་ཀློག ༢ བསླབ་གཞིའི་ནང་དོན་ཆེ་ལོང་ཙམ་ཤེས་རྟོགས་བྱེད་པ། ༣ བསླབ་གཞིའི་ནང་དོན་ལ་དབྱེ་མཚམས་མང་དུ་བཟོས་ནས། སྔར་བས་གཏིང་ཟབ་པའི་གོ་བ་ལེན་པ། ༤ བསླབ་གཞིའི་ནང་དོན་ལ་ཕྱོགས་བསྡོམས་དང་རྒྱ་སྐྱེད་གཏོང་བ། ༥ བསླབ་གཞི་དང་ཟུང་འབྲེལ་བྱས་ཏེ་བསྐྱར་སྦྱོང་བྱེད་པའམ། སྦྱངས་གཞི་འདོན་པ་བཅས་ཡིན།

3 ​བྱ་ཐབས།

གཅིག བསླབ་གཞིར་དབྱེ་བ་འབྱེད་པ་དང་། གོ་བ་བླངས་རྗེས་འགག་གནད་ཅིག་བཀོད་སྒྲིག་བྱས་ཏེ་རྩོམ་ཡིག་གི་བསམ་བློའི་དོན་སྙིང་དང་རྩོམ་འབྲིའི་ཁྱད་ཆོས་སོ་སོར་ཕྱོགས་བསྡུས་དང་ཕྱོགས་བསྡོམས་བྱེད་དགོས།

གཉིས། བསླབ་གཞིའི་སྒྲིག་གཞིར་གཞིགས་ཏེ་དུས་ཐོག་ཏུ་ཕྱོགས་བསྡུས་དང་ཕྱོགས་བསྡོམས་བྱེད་དགོས།

གསུམ། རྩོམ་པ་པོ་དང་ཀློག་པ་པོས་བསླབ་གཞིར་ཕྱོགས་བསྡོམས་བྱེད་དགོས། ཀློག་པ་པོའི་ངོས་ནས་ཕྱོགས་བསྡོམས་བྱེད་པ་ནི་དོན་དངོས་ཐོག་བརྩམས་ཆོས་ལ་གདེངས་འཇོག་བྱེད་པ་ཞིག་ཡིན།

བཞི། བསྡུར་བའི་ནང་ཕྱོགས་བསྡུས་དང་ཕྱོགས་བསྡོམས་བྱེད་པ།

ལྔ། བརྡ་རྙིང་དང་མངོན་བརྗོད་ཀྱི་བཅིངས་པའི་བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་ལ་ཕྱོགས་བསྡོམས་བྱེད་སྐབས་རྟག་ཏུ་ནང་དོན་དབྱེ་ཞིབ་དང་ཟུང་འབྲེལ་བྱེད་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-20

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།