བསླབ་ཚན་གསར་བའི་དམིགས་ཚད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསླབ་ཚན་གསར་བའི་དམིགས་ཚད།
རྒྱལ་ཁབ་བསླབ་ཚན་གྱི་རྩ་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན་ལ། དེ་ནི་རྒྱལ་ཁབ་ཀྱིས་རྨང་གཞིའི་བསླབ་ཚན་གྱི་རྩ་བའི་ཚད་ལྡན་ཅན་དང་སྤུས་ཚད་ཀྱི་རེ་བ་ཡིན། བསླབ་ཚན་གསར་བའི་བཅོས་སྒྱུར་ནི་རང་རྒྱལ་གྱིས་སློབ་ཁྲིད་རྩ་འཛིན་དེ་བསླབ་ཚན་ཚད་གཞི་རུ་སྒྱུར་བ་ཡིན། དེ་ལས་བསླབ་ཚན་གསར་བའི་བཅོས་སྒྱུར་གྱི་རྩ་བའི་དམིགས་འབེན་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新课程标准
ཕྱི་ཡིག་གི་མིང་།
The new curriculum standard
འཆར་གཞི་འགོད་མཁན།
རྒྱལ་ཁབ་སློབ་གསོ་པུའུ།
ཁྱབ་ཁོངས།
སློབ་ཆུང་། དམའ་འབྲིང་། མཐོ་འབྲིང་།
བསླབ་གཞི་བཅོས་སྒྱུར།
2001ལོར་ཐེངས་དང་པོར་བཅོས་སྒྱུར་བྱས་པ་དང2011ལོར་ཡང་བསྐྱར་བཅོས་སྒྱུར་བྱས།
ཞིབ་བཤེར་ལས་ཁུངས།
རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་ཞིབ་བཤེར་ཨུ་ཡོན་ཚོགས་པ།
ཁོངས།
བསླབ་ཚན་གསར་བའི་ཚད་གཞི།
ཚན་པ།
འོས་འགན་སློབ་གསོ།
1 སྤྱིའི་དམིགས་ཚད།

1 སྐད་ཡིག་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་སློབ་མའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་དང་། ཕ་ཡུལ་ལ་དགའ་བའི་བརྩེ་སེམས། སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་གཤིས་བཟང་བཅས་གསོ་སྐྱོང་བྱས་ནས་སློབ་མའི་རྒྱུད་ལ་རིམ་བཞིན་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་གྲུབ་པ་དང་། རིག་གནས་ཀྱི་གནས་ཚུལ་དང་མཛེས་དཔྱོད་ཀྱི་འདུན་པ་གོང་མཐོར་གཏོང་དགོས།

2 མེས་རྒྱལ་དང་རང་མི་རིགས་ཀྱི་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པའི་རིག་གནས་ལ་ཤེས་རྟོགས་བྱེད་པ་དང་། མི་རིགས་གཞན་པའི་རིག་གནས་ཀྱི་བློ་རིག་བསྡུ་ལེན་བྱེད་པ། དེང་རབས་ཀྱི་རིག་གནས་འཚོ་བར་དོ་ཁུར་བྱེད་པ་དང་། རིག་གནས་སྣ་ཚོགས་ལ་བརྩི་སྲུང་བྱེད་པ། མིའི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་རོ་བཅུད་ཉམས་སུ་ལེན་པ་བཅས་བྱེད་དགོས།

3 མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེར་དགའ་བའི་བརྩེ་སེམས་སྐྱེད་སྲིང་བྱེད་དགོས་པ་དང་། སྐད་ཡིག་སློབ་སྦྱོང་བྱེད་པའི་ཧུར་སེམས་དང་གོམས་གཤིས་ལེགས་པོ་ཆགས་པར་བྱེད་པ། སྐད་ཡིག་སློབ་སྦྱོང་བྱེད་པའི་རྩ་བའི་ཐབས་ཤེས་ཁོང་དུ་ཆུད་པ་བཅས་དགོས།

4 སྐད་བརྡའི་ནུས་པ་གོང་མཐོར་གཏོང་བ་དང་ཆབས་ཅིག་བསམ་གཞིག་གི་ནུས་པ་གོང་མཐོར་གཏོང་དགོས་པ་དང་། འཆར་ཡན་གྱི་ནུས་པ་དང་མི་མངོན་པའི་གསར་གཏོད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་། ཡང་དག་པའི་ཤེས་ཡོན་ལ་བརྩི་མཐོང་དང་དར་སྤེལ་གཏོང་བའི་ཚན་རིག་གི་རྣམ་འགྱུར་རིམ་བཞིན་ཆགས་པར་བྱེད་པ། ཚན་རིག་དང་མཐུན་པའི་བསམ་བློའི་ཐབས་ཤེས་རགས་ཙམ་ཁོང་དུ་ཆུད་པ་བཅས་བྱེད་དགོས།

5 རང་འགུལ་གྱི་ཐོག་ནས་རྩད་གཅོད་ཞིབ་དཔྱད་ཀྱིས་སློབ་སྦྱོང་བྱེད་པ་དང་། ལག་ལེན་གྱི་ཁྲོད་ནས་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་དགོས།

6 བོད་ཡིག་གི་དབྱངས་གསལ་སྔོན་རྗེས་དང་མགོ་འདོགས་བརྩེགས་གསུམ་སོགས་ངོས་འཛིན་ཐུབ་པ་མ་ཟད། སྒྲ་འདོན་སྟངས་ཀྱི་ཁྱད་པར་ལྟར་ཡང་དག་པར་འདོན་ཐུབ་པ། རྒྱུན་སྤྱོད་ཀྱི་མིང་ཚིག3000གཡས་གཡོན་གྱི་དག་ཆ་ཤེས་པ་མ་ཟད། བེད་སྤྱོད་གཏོང་ཤེས་པ། ཡང་དག་པའི་ཡི་གེ་འབྲི་ལུགས་གོམས་པར་བྱེད་པ་དང་། ཡིག་གཟུགས་ཀྱི་འགྱུར་བར་དོ་སྣང་བྱེད་དགོས་པ། ཡིག་གཟུགས་དང་བྲིས་ཀྱང་ཐིག་རྩ་ལྟར་གཟུགས་ཐོན་པོས་འབྲི་ཐུབ་པ་མ་ཟད། མགྱོགས་ཚད་ངེས་ཅན་ཞིག་དགོས་པ། དེ་བཞིན་སུམ་ཅུ་པའི་སྒྲ་སྦྱོར་དང་དོན་གྱི་འཇུག་ཚུལ་ཤེས་པ་དང་། ཉེར་མཁོའི་མངོན་བརྗོད་ཁོང་དུ་ཆུད་པ། ཉེར་མཁོའི་དཔེ་རྒྱན་དང་གཟུགས་རྒྱན་གྱི་ཚིག་རྒྱན་སྦྱོར་སྟངས་ཤེས་པ་བཅས་དགོས།

7 རང་རྐྱ་འཕེར་བའི་སྒོ་ནས་ལྟ་ཀློག་བྱེད་པའི་ནུས་པ་དང་། བརྩེ་སེམས་མཚོན་ཚུལ་ལ་ཉམས་ཞིབ་བྱེད་རྒྱུ་གཙིགས་ཆེར་འཛིན་པ། ཅུང་ཕུན་སུམ་ཚོགས་པའི་སྐད་བརྡའི་རྒྱུ་ཆ་གསོག་འཇོག་བྱས་ནས་སྐད་ཆའི་ཚོར་སྣང་སྐྱེན་པོ་ཞིག་གྲུབ་པ་བྱེད་དགོས། ལྟ་ཀློག་བྱེད་ཐབས་སྣ་ཚོགས་བེད་སྤྱོད་བྱེད་ཤེས་དགོས་པ་དང་། རྩོམ་རིག་བརྩམས་ཆོས་ལ་ཤེས་རྟོགས་དང་མྱོང་རོལ་རགས་ཙམ་བྱེད་ཐུབ་པ་མ་ཟད། དེའི་ཁྲོད་ཀྱི་མཆོག་ཏུ་གྱུར་པའི་བསམ་ཕྱོགས་དང་ཉམས་མཚར་གྱིས་རང་ཉིད་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཐུབ་པ། རང་གཤིས་དར་སྤེལ་བཏང་ནས་རང་སོའི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་དགོས། ཚིག་མཛོད་ཁག་ལ་བརྟེན་ནས་ཉེ་རྩོམ་གོ་སླ་བ་དང་དེང་རྩོམ་ལྟ་ཀློག་བྱེད་ཐུབ་པ་དགོས།

8 སྤྱིར་བཏང་གི་ཉེར་སྤྱོད་ཡི་གེ་ཁག་འབྲི་ཐུབ་པ་དང་། ནང་དོན་ཞིབ་ཅིང་ཁ་གསལ་བ་དང་། ཚིག་སྦྱོར་བདེ་པོའི་ལམ་ནས་རང་ཉིད་ཀྱི་བསམ་དོན་ཇི་བཞིན་གླེང་ཐུབ་པ། རྣམ་ཀུན་གྱི་འཚོ་བའི་དགོས་མཁོར་གཞིགས་པའི་རྒྱུན་སྤྱོད་ཀྱི་མཚོན་ཐབས་ལ་བརྟེན་ནས་རྩོམ་ཡིག་འབྲི་ཐུབ་པ་བཅས་བྱེད་དགོས།

9 རྒྱུན་དུ་ངག་ཐོག་ནས་འབྲེལ་བ་བྱེད་པའི་གཞི་རྩའི་ནུས་པ་ལྡན་པ་དང་། ཕན་ཚུན་འབྲེལ་གཏུག་བྱེད་པའི་བྱེད་སྒོ་སྣ་ཚོགས་ཀྱི་ཁྲོད་དུ་ཕ་རོལ་པོའི་སྐད་ཆ་ཉན་ཤེས་པ་དང་། རང་ཉིད་ཀྱི་བསམ་ཚུལ་གསལ་པོར་བརྗོད་ཤེས་པ། བསམ་འཆར་སྤེལ་རེས་བྱེད་ཤེས་པ། གུས་ཞབས་ལྡན་པའི་སྒོ་ནས་མི་དང་མིའི་དབར་འབྲེལ་ལམ་འཛུགས་ཤེས་པ་དང་སྤྱི་ཚོགས་ཀྱི་འབྲེལ་བ་བྱེད་ཚུལ་ལམ་ཙམ་ཤེས་དགོས་ལ། ཕན་ཚུན་མཉམ་ལས་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས།

10 སྐད་ཡིག་གི་རྒྱུན་མཁོའི་ཚིག་མཛོད་ཁག་བེད་སྤྱོད་ཤེས་པ་དང་། ཆ་འཕྲིན་འཚོལ་སྡུད་དང་ཐག་གཅོད་པའི་ནུས་པ་རགས་ཙམ་ལྡན་དགོས།

2 ལོ་རིམ1-9བར།
2_1 རྨང་གཞིའི་ཤེས་བྱ།

1 དག་ཡིག་དང་ཚིག་མཛོད་ཁག་བྱང་ཆུབ་པོས་བེད་སྤྱོད་གཏོང་ཤེས་བྱས་ཏེ་སློབ་རིམ་གོང་མ་གསུམ་གྱི་རྨང་གཞིའི་ཐོག རྒྱུན་སྤྱོད་མིང་ཚིག2000ནས2500ཡི་དག་ཆ་ཤེས་པ་དང་མ་ནོར་བར་འབྲི་ཐུབ་པ་དགོས།

2 མུ་མཐུད་དུ་ཉེ་ཚིག་དང་ལྡོག་ཚིག་གསོག་འཇོག་བྱེད་དགོས་པ་དང་རྒྱུན་སྤྱོད་མངོན་བརྗོད་ཁག་ཤེས་པ་བྱེད་དགོས།

3 ཡིག་མགོ་འབྲི་སྟངས་དང་། ཤད་འབྲི་སྟངས་ཁག་ཤེས་པ་བྱེད་དགོས།

4 བོད་ཡིག་ལ་ཉེ་བར་མཁོ་བའི་བརྡ་རྟགས་ཁག་ཤེས་པ་བྱེད་དགོས།

5 ལེགས་བཤད་ལྗོན་དབང་བློ་འཛིན་བྱེད་ཐུབ་པ་དང་། སུམ་ཅུ་པའི་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གྱི་དོན་སྦྱོར་དང་། བརྡ་སྤྲོད་ཀྱི་གཞུང་ནས་དངོས་སུ་མ་བསྟན་པའི་རྒྱུན་སྤྱོད་ཆེ་བའི་ཚིག་ཕྲད་གཞན་དག་གི་དོན་སྦྱོར་ཤེས་པ་དགོས།

6 ཉེར་སྤྱོད་ཆེ་བའི་ཚིག་རྒྱན་སྦྱོར་སྟངས་ཤེས་པ་དགོས།

7 ཚུགས་མ་འཁྱུག་གི་ཡི་གེ་ཚགས་དམ་པོ་དང་། ཆེ་ཆུང་སྙོམས་པོ། དཀར་ཆ་དང་ནག་ཆ་གསལ་པོ་འབྲི་ཐུབ་པ་དགོས།

8 ཡིག་མཁན་གྲགས་ཅན་གྱི་ཡིག་གཟུགས་ལ་ལད་མོས་བྱས་ཏེ་ཡིག་གཟུགས་མི་འདྲ་བ་ཁག་གི་མཛེས་དཔྱོད་རིན་ཐང་ལ་ཉམས་ཞིབ་བྱེད་ཐུབ་པ་དགོས།

2_2 ལྟ་ཀློག

1 སྒྲ་དག་ལ་ཚིག་གི་གཅོད་མཚམས་འགྲིག་པ་དང་། བརྩེ་དུང་ལྡན་པའི་སྒོ་ནས་སྒྲོག་འདོན་བྱེད་ཐུབ་པ་དགོས།

2 བློ་འདོན་བྱེད་པའི་གོམས་གཤིས་ཆགས་དགོས་པ་མ་ཟད་། མགྱོགས་ཚད་ངེས་ཅན་ཞིག་དགོས་པ་དེ་ཡང་དུས་ཚོད་སྐར་མ་རེར་ཚེག་ཁྱིམ400ཡན་བློ་འདོན་གྱེར་ཀློག་བྱེད་ཐུབ་པ་དགོས།

3 ཅུང་བྱང་པོས་རགས་ཀློག་དང་མིག་བཤར་བྱེད་སྟངས་ཀྱི་ཐབས་ཤེས་བཀོལ་ནས་ལྟ་ཀློག་གི་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ་རང་རྒྱུད་ཀྱི་མཐོང་རྒྱ་ཆེ་རུ་འགྲོ་བ་བྱེད་དགོས།

4 སློབ་ཚན་འགོ་ནས་མཇུག་བར་བཀླགས་རྗེས་རྩོམ་པ་པོའི་བསམ་ཕྱོགས་དང་བརྗོད་བྱ་གཙོ་བོ་རྟོགས་ཐུབ་པ་དང་། སློབ་ཚན་ཁྲོད་ཀྱི་གནད་འགག་ཆེ་བའི་ཚིག་དང་རྗོད་པས་སྐད་བརྡའི་ཁོར་ཡུག་ཁྲོད་ཐོན་པའི་དོན་སྙིང་ལ་གོ་བ་ཡག་པོ་ལོན་པ་དང་། ཚིག་ནུས་ཐོན་ཚུལ་ལ་བརྟག་ཞིབ་བྱེད་ཐུབ་པ་དགོས།

5 སློབ་ཚན་གྱི་ནང་དོན་དང་བརྗོད་བྱ་མཚོན་སྟངས་ལ་རང་ཉིད་ཀྱི་ལྟ་ཚུལ་ཡོད་དགོས་པ་དང་། རང་སོ་སོའི་ལྟ་ཚུལ་དང་དོགས་གནད་འདོན་ཐུབ་པ་མ་ཟད། མཉམ་ལས་ཀྱི་ཐོག་ནས་དཀའ་གནད་ལ་གྲོས་བསྡུར་བྱེད་ཐུབ་པ་དགོས།

6 ལྟ་ཀློག་བྱེད་སྐབས་ཞིབ་འབྲི་དང་། བཀོད་འབྲི། གསལ་བཤད་བགྲོ་གླེང་། བརྩེ་དུང་མཚོན་པ་སོགས་ཀྱི་འབྲི་སྟངས་མི་འདྲ་བ་ཁག་ལ་ཤེས་རྟོགས་བྱེད་དགོས།

7 དངོས་བྲིས་དང་རྟོག་བཟོའི་བརྩམས་ཆོས་དབྱེ་འབྱེད་ཐུབ་པ་དང་། སྙན་རྩོམ། ལྷུག་རྩོམ། བརྩམས་སྒྲུང་། འཁྲབ་གཞུང་སོགས་ཀྱི་རྩོམ་རིག་གི་རྣམ་པར་རྒྱུས་མངའ་ཡོང་བ་བྱེད་དགོས།

8 རྩོམ་རིག་བརྩམས་ཆོས་ལ་མྱོང་རོལ་བྱེད་པ་དང་། རང་སོའི་བརྩེ་སེམས་ཀྱི་མྱོང་ཚོར་དགོས་པ། བརྩམས་ཆོས་ཀྱི་དོན་སྤྱི་རགས་ཙམ་ཤེས་རྟོགས་ཐུབ་པ་བྱས་ནས་རང་བྱུང་ཁམས་དང་། དེ་བཞིན་བརྩམས་ཆོས་ཀྱི་བསམ་བློའི་བརྩེ་དུང་གི་ཁ་ཕྱོགས་ཚུལ་ལ་རིག་གནས་ཀྱི་རྒྱབ་ལྗོངས་དང་ཟུང་འབྲེལ་བྱས་ཏེ་རང་ཉིད་ཀྱི་གདེང་འཇོག་བྱེད་ཐུབ་པ་དང་། བརྩམས་ཆོས་ནང་གི་མི་སེམས་འགུལ་བའི་གནས་ཚུལ་དང་སྣང་བརྙན་ལ་རང་གི་མྱོང་ཚོར་བརྗོད་ཐུབ་པ། བརྩམས་ཆོས་ཀྱི་ཕུན་སུམ་ཚོགས་པའི་སྐད་བརྡའི་མཚོན་ནུས་ལ་ཉམས་ཞིབ་བྱེད་ཐུབ་པ་བཅས་དགོས།

9 ཚན་རིག་སྐོར་གྱི་བརྩམས་ཆོས་ལྟ་ཀློག་བྱེད་སྐབས་ལྟ་ཀློག་བྱེད་པའི་ནང་རྩོམ་ཡིག་ནང་གི་ཚན་རིག་གི་སྙིང་སྟོབས་དང་ཚན་རིག་གི་བསམ་བློ་མཚོན་སྟངས་ཤེས་རྟོགས་བྱ་རྒྱུར་ཡིད་གཟབ་བྱེད་དགོས།

10 གོ་སླ་བའི་དགག་སྒྲུབ་རྩོམ་ཡིག་ལྟ་ཀློག་བྱས་ཏེ་ལྟ་བ་དང་དཔྱད་གཞི་ཁག་སོ་སོ་དབྱེ་འབྱེད་ཐུབ་པ་དང་། ལྟ་བ་དང་དཔྱད་ཞིབ་གནས་ལུགས་དང་། དོན་དངོས། གཞི་འཛིན་གྲངས། རི་མོ་དང་རེའུ་མིག་སོགས་འབྲེལ་བ་ཤེས་ཐུབ་པ་མ་ཟད། རང་ཉིད་ཀྱི་བསམ་གཞིགས་བརྒྱུད་ནས་ཐག་གཅོད་ཐུབ་པ་བྱེད་དགོས།

11 ལེགས་བཤད་དང་དམངས་གཞས་ཀྱི་རྩོམ་སྟངས་དང་ཚིག་སྦྱོར་ཉམས་ཞིབ་དང་ཤེས་རྟོགས་བྱེད་པ་དང་། སྙན་འཇེབས་ཡིད་དབང་འཕྲོག་པའི་ཚིག་སྦྱོར་ཉམས་ལེན་དང་བཀོལ་སྤྱོད་ཐུབ་པ་བྱས་ཏེ་རང་ཉིད་ཀྱི་མཛེས་དཔྱོད་འདུན་པ་གོང་མཐོར་གཏོང་དགོས།

12 ཉེ་རབས་ཀྱི་རྩོམ་ཡིག་ལྟ་ཀློག་བྱེད་དགོས་པ་མ་ཟད། མཆན་འགྲེལ་དང་ལག་ཆའི་དཔེ་དེབ་ལ་བརྟེན་ནས་རྩ་བའི་ནང་དོན་རྟོགས་ཐུབ་པ་དགོས་པ་དང་། ཕུལ་བྱུང་གི་ལེགས་བཤད་དང་སྙན་ཚིག་ཤོ་ལོ་ཀ80ཙམ་ངག་སྐྱོར་གཏོང་ཐུབ་པ་དགོས།

13 སྦྱངས་ཟིན་པའི་བརྡ་སྤྲོད་ཀྱི་ཤེས་བྱས་སློབ་ཚན་གྱི་སྐད་བརྡའི་དཀའ་གནད་ལ་གོ་བ་ལེན་རྒྱུར་གཞོགས་འདེགས་བྱེད་ཐུབ་པ་དང་། རྒྱུན་མཁོའི་ཚིག་རྒྱན་སྦྱོར་སྟངས་ཀྱི་ཤེས་བྱས་སློབ་ཚན་གྱི་བརྗོད་དོན་མཚོན་རྒྱུར་ཐོན་པའི་ནུས་པར་མྱོང་ཚོར་བྱེད་ཐུབ་པ། སློབ་ཚན་དང་འབྲེལ་བའི་རྩོམ་པ་པོ་གྲགས་ཅན་གྱི་བརྩམས་ཆོས་དང་མཛད་རྣམ་མདོར་བསྡུས་རྟོགས་ཐུབ་དགོས།

14 ཆ་རྐྱེན་ཡོད་པའི་ས་ཁུལ་དང་སློབ་གྲྭའི་སློབ་མས་དཔེ་མཛོད་ཁང་ནང་དྲ་སྦྲེལ་ལ་བརྟེན་ནས་རང་ཉིད་ལ་མཁོ་བའི་ཆ་འཕྲིན་དང་དཔྱད་གཞི་འཚོལ་སྡུད་བྱེད་དགོས།

15 རང་ཉིད་ཀྱི་ལྟ་ཀློག་འཆར་གཞི་གཏན་འབེབས་བྱེད་ཤེས་པ་དང་རིགས་སྣ་ཚོགས་པའི་དཔེ་དེབ་མང་པོ་ལྟ་ཀློག་བྱེད་དགོས་ཤིང་། སློབ་ཕྱིའི་ལྟ་ཀློག་ཡིག་འབྲུ་ཁྲི260ལས་མི་ཉུང་བར་བྱས་ཏེ་སློབ་ལོ་རེར་བོད་ཡིག་གི་དཔེ་དེབ་ཅུང་གྲགས་ཆེ་བ་གཉིས་ནས་གསུམ་བར་ལྟ་ཀློག་བྱེད་དགོས།

2_3 རྩོམ་འབྲི།

1 རྩོམ་ཡིག་འབྲི་སྐབས་དམིགས་ཡུལ་མི་འདྲ་བ་དང་ཡུལ་མི་འདྲ་བར་བསམ་བློ་གཏོང་ཐུབ་པ་དགོས།

2 རྩོམ་ཡིག་ནང་བྲིས་པའི་བརྩེ་དུང་ངོ་མ་ཡིན་དགོས་པ་དང་། རང་ཉིད་ཀྱིས་རང་བྱུང་ཁམས། སྤྱི་ཚོགས། མི་ཚེ་བཅས་ཀྱི་ཐུན་མོང་མ་ཡིན་པའི་མྱོང་ཚོར་དང་ཟོལ་མེད་ཀྱི་ཉམས་ཞིབ་མཚོན་གང་ཐུབ་བྱེད་དགོས།

3 ཕྱོགས་མི་འདྲ་བའི་ཐོག་ནས་འཚོ་བར་ལྟ་ཞིབ་བྱས་ཏེ་འཚོ་བ་ནི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་པ་ཤེས་ཚོར་ཡོང་བ་བྱེད་དགོས་པ་དང་། བྱ་དངོས་ཀྱི་ཁྱད་ཆོས་འཛིན་ཐོག་གསར་གཏོད་ཀྱི་དོན་སྙིང་ལྡན་པའི་སྒོ་ནས་མཚོན་གང་ཐུབ་བྱེད་དགོས།

4 མཚོན་བྱའི་ནང་དོན་གྱི་སྙིང་པོར་གཞིགས་ཏེ་འོས་ཤིང་འཚམ་པའི་བརྗོད་བྱ་མཚོན་ཐབས་བདམས་ཐུབ་པ་དང་། བརྗོད་བྱའི་ནང་དོན་སྔ་ཕྱིའི་གོ་རིམ་དང་རྒྱས་བསྡུས་བཀོད་སྒྲིག་རན་པོ་བྱེད་ཐུབ་ཁར་གོ་རིམ་གསལ་པོའི་སྒོ་ནས་རང་གི་བསམ་དོན་འཚོལ་ཐུབ་པ་དགོས། གཅིག་བརྟེན་གཅིག་དྲན་དང་འཆར་སྣང་གི་བྲི་ཐབས་ལ་བརྟེན་ནས་མཚོན་བྱའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པ་དགོས།

5 ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་ཐུབ་པ་དེ་ཡང་ནང་དོན་གསལ་ཞིང་ཞིབ་ཕྲ་ཡོང་བ་བྱེད་དགོས་པ་དང་། སྟབས་བདེའི་གསལ་བཤད་རྩོམ་ཡིག་འབྲི་ཐུབ་པ་དེ་ཡང་ཁ་གསལ་ཞིང་གོ་བདེ་པོ་ཞིག་ཡོང་བ་བྱེད་དགོས་པ། སྟབས་བདེའི་དགག་སྒྲུབ་རྩོམ་ཡིག་འབྲི་ཐུབ་པ་དེ་ཡང་བསྒྲུབ་བྱ་ངདང་སྒྲུབ་བྱེད། སྒྲུབ་རིམ་བཅས་ཚང་ཞིང་བདེན་ཡོད་ཁུངས་ལྡན་ཞིག་ཡོང་གང་ཐུབ་བྱེད་དགོས། དེ་བཞིན་འཚོ་བའི་དགོས་མཁོར་གཞིགས་པའི་རྒྱུན་སྤྱོད་ཡིག་རིགས་འབྲི་ཐུབ་པ་དགོས།

6 རྩོམ་ཡིག་གི་ནང་ནས་གཙོ་བོའི་ཆ་འཕྲིན་བླངས་ཏེ་བསྡུས་འབྲི་བྱེད་ཐུབ་པ་དང་། རྩོམ་ཡིག་གི་ནང་གནས་འབྲེལ་བ་དང་རང་གི་འཆར་སྣང་ལ་གཞིགས་ནས་རྩོམ་ཡིག་གི་ནང་དོན་རྒྱས་འབྲི་དང་མཐུད་འབྲི་བྱེད་ཐུབ་པ། རྩོམ་ཡིག་གི་རྩོམ་སྟངས་སམ་ནང་དོན་མཚོན་སྟངས་སོགས་ལ་འགྱུར་བ་བཏང་ནས་བསྐྱར་འབྲི་བྱེད་ཐུབ་པ་བཅས་དགོས།

7 རང་རྐྱ་འཕེལ་བའི་སྒོ་ནས་རྩོམ་ཡིག་འབྲི་བའི་འདུ་ཤེས་ཡོད་པ་དང་། རྩོམ་རིག་འབྲི་བའི་བརྒྱུད་རིམ་ནང་དཔྱད་གཞི་འཚོལ་སྡུད་དང་། གནད་བསྡུས་འབྲི་བ། ཟིན་བྲིས་འགོད་པ། དག་བཅོས་སྣོན་འཕྲི་བྱེད་པ་སོགས་ཀྱི་ལྷུ་ཚུགས་ལ་ཡིག་གཟབ་བྱེད་དགོས།

8 རང་རྩོམ་ལ་བཟོ་བཅོས་བྱེད་པའི་གོམས་གཤིས་ཡོད་པ་དང་། བཟོ་བཅོས་བྱེད་སྐབས་སྐད་ཆའི་ཚོར་བ་དང་། སྦྱངས་ཟིན་པའི་རྒྱུན་མཁོའི་བརྡ་སྤྲོད་དང་ཚིག་རྒྱན་སྦྱོར་སྟངས་ཀྱི་ཤེས་བྱར་བརྟེན་ནས་ནང་དོན་ལྷུ་འགྲིག་ཅིང་ཚིག་སྦྱོར་བདེ་པོ་ཞིག་བཟོ་ཐུབ་པ་དགོས། དེ་བཞིན་མི་གཞན་དང་རྩོམ་འབྲིའི་བློ་སྐྱེད་བརྗེ་རེས་བྱེད་ཐུབ་པ་དང་། སློབ་གྲོགས་ཕན་ཚུན་རྩོམ་ཡིག་ལ་བཟོ་བཅོས་དང་གདེང་འཇོག་བྱེད་རེས་བྱས་ནས་རྩོམ་འབྲིའི་མྱོང་ཚོར་དང་བལྟ་སྟངས་བརྗེ་རེས་བྱེད་དགོས།

9 བསླབས་ཟིན་པའི་བརྡ་དག་གི་ཤེས་བྱ་ཁག་རྩོམ་འབྲིའི་ལག་ལེན་དུ་འཁྱོལ་བ་བྱས་ནས་རྒྱུན་མཁོའི་དག་ཆ་མ་ནོར་བར་འབྲི་ཐུབ་པ་དང་། བྲིས་རྩོམ་གྱི་ཡིག་གཟུགས་ལེགས་ཤིང་ཁམས་གཙང་པོ་ཡོང་བ་བྱེད་དགོས།

10 སློབ་ལོ་རེར་རྩོམ་ཡིག་ཐེངས14འབྲི་དགོས་པ་དང་། དུས་ཚོད་སྐར་མ45ནང་དུ་ཚེག་ཁྱིམ500ཡན་གྱི་རྩོམ་ཡིག་འབྲི་ཐུབ་པ།

2_4 ཁ་སྐད་ཀྱི་འབྲེལ་འདྲིས།

1 སྐད་ཆ་བཤད་ཡུལ་དང་སྐད་ཆ་བཤད་སའི་ཁོར་ཡུག་ལ་ཡིད་གཟབ་བྱེད་ཐུབ་པ་དང་། ཡ་རབས་ཚུལ་མཐུན་གྱི་སྒོ་ནས་སྐད་ཆ་བཤད་སྟངས་སློབ་སྦྱོང་བྱེད་དགོས།

2 ངང་རྒྱུད་རིང་ཞིང་རིག་པ་བསྒྲིམས་ནས་མི་གཞན་གྱི་སྐད་ཆ་ཉན་དགོས་པ་དང་། ཕ་རོལ་པོའི་སྐད་གདངས་དང་། རྣམ་འགྱུར། ལག་བརྡ་སོགས་ལ་གཞིགས་ནས་ལྟ་བ་དང་བསམ་དོན་རྟོགས་ཐུབ་དགོས།

3 གདེང་ཚོད་ཡོད་པ་དང་འགན་འཁྲི་ཡོད་པའི་ཐོག་ནས་རང་ཉིད་ཀྱི་ལྟ་བ་བརྗོད་ཐུབ་པ། དེ་ཡང་སྐད་ཆ་སྒྲ་དག་འཕྲོད་ཅིང་སྔ་ཕྱི་འབྲེལ་མཐུད་ལྡན་ལ་བརྗོད་གཞི་དང་ཁ་མ་བྲལ་བ་བྱེད་དགོས།

4 གཏམ་གླེང་སྐབས་རྣམ་འགྱུར་དང་སྐད་གདངས་ལ་ཡིད་གཟབ་བྱས་ཏེ་བཤད་པའི་སྐད་ཆར་གོ་སྐོན་བློ་འགུག་གི་ནུས་པ་ལྡན་དགོས།

5 གཏམ་གླེང་བྱེད་པའི་བརྒྱུད་རིམ་ནང་སྐབས་འཕྲལ་གྱི་དགོས་མཁོར་གཞིགས་ཏེ་རང་ཉིད་ཀྱི་བཤད་བྱའི་ནང་དོན་དང་བཤད་སྟངས་ཀྱི་རྣམ་པར་འགྱུར་བ་གཏོང་རྒྱུར་ཡིད་གཟབ་བྱས་ཏེ་གང་ལ་དེ་བསྟུན་གྱི་གཏམ་བཤད་ཐུབ་པའི་ནུས་པ་གོང་མཐོར་གཏོང་དགོས།

6 རང་ཉིད་ཀྱི་མཐོང་ཐོས་བརྗོད་སྐབས་ནང་དོན་ཞིབ་ཅིང་རྗོད་ཚིག་གསོན་ཉམས་ལྡན་པ་ཞིག་ཡོང་བ་བྱེད་དགོས་པ་དང་། བསྐྱར་བཤད་དང་བརྒྱུད་བཤད་བྱེད་སྐབས་གཏམ་དོན་ཆ་ཚང་ཞིང་གནད་ལ་འབིགས་པ་དང་། གཙོ་གནད་འབུར་དུ་ཐོན་པ་ཞིག་ཡོང་བ་བྱེད་དགོས།

7 བརྗོད་གཞི་འོས་འཚམ་ལ་གཞིགས་པའི་སྐབས་འཕྲལ་གཏམ་བཤད་བྱེད་ཐུབ་པ་དང་། ཐོག་མའི་གྲ་སྒྲིག་ལ་བརྟེན་ནས་བརྗོད་བྱ་གཙོ་བོ་གཏམ་བཤད་བྱེད་ཐུབ་པ་དེ་ཡང་རང་ཉིད་ཀྱི་ལྟ་ཚུལ་ཡོད་ཁར་གོ་སྐོན་བློ་འགུག་གི་ནུས་པ་ངེས་ཅན་ལྡན་པ་ཞིག་དགོས།

8 སློབ་ཁང་ཕྱི་ནང་དུ་གནད་དོན་ལ་གྲོས་བསྡུར་བྱེད་སྐབས་གཙོ་གནད་དང་། གོ་རིམ། གཞི་འཛིན་ས་བཅས་ཡོད་པའི་ཐོག་ནས་རང་གི་ལྟ་སྟངས་བརྗོད་ཐུབ་པ་དང་། གྲོས་བསྡུར་གྱི་གནད་འགག་ཉན་ཐུབ་པ་མ་ཟད། བསམ་འཆར་བཤད་ཐུབ་པ་དགོས།

2_5 ཕྱོགས་བསྡུས་རང་བཞིན་གྱི་སློབ་སྦྱོང་།

1 རང་རྟོགས་ཀྱི་སྒོ་ནས་རྩོམ་ཡིག་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་ཐུབ་པ་དང་། འཁྲབ་སྟོན་དང་གྲོས་བསྡུར་སོགས་ཀྱི་བྱེད་སྒོའི་ནང་ཕན་ཚུན་མཉམ་ལས་ལེགས་གྲུབ་སྤྲོ་སྣང་ཉམས་སུ་མྱོང་དགོས།

2 སློབ་སྦྱོང་དང་འཚོ་བའི་ཁྲོད་ནས་སྤྲོ་སྣང་འཕེལ་བའི་གནད་དོན་སྟོན་ཐུབ་པ་མ་ཟད། ཐུན་མོང་ཐོག་གྲོས་བསྡུར་བྱས་ཏེ་ཞིབ་འཇུག་བྱ་གཞི་འདེམས་ཐུབ་པ་དང་། ཞིབ་འཇུག་གི་འཆར་གཞི་སྟབས་བདེ་བཟོ་ཐུབ་པ། དུས་དེབ་དང་དཔེ་དེབ་བམ་མཚམས་སྦྱོར་གྱི་ཐོག་ནས་འབྲེལ་ཡོད་དཔྱད་གཞི་ལེན་ཐུབ་པ། གནད་དོན་ལ་དབྱེ་ཞིབ་བྱ་རྒྱུར་གྲོས་བསྡུར་བྱས་ཏེ་རང་སྟོབས་སམ་མཉམ་ལས་ཀྱི་ཐོག་ནས་ཞིབ་འཇུག་གི་སྙན་ཞུ་སྟབས་བསྡུས་འབྲི་ཐུབ་པ་དགོས།

3 སློབ་གྲྭ་དང་། རང་ས་ཁུལ། རྒྱལ་ཁབ་ཕྱི་ནང་བཅས་ཀྱི་དོན་ཆེན་ལ་སེམས་ཁུར་བྱེད་པ་དང་། ཚང་མས་མཉམ་དུ་དོ་ཁུར་དང་དོ་སྣང་བྱ་ཡུལ་དུ་གྱུར་པའི་གནད་དོན་ལ་དམིགས་ཏེ་དཔྱད་གཞི་འཚོལ་བསྡུ་དང་། བརྟག་དཔྱད་འཚམས་འདྲི། ཕན་ཚུན་གྲོས་བསྡུར་བཅས་བྱེད་པ། ཡི་གེ་དང་རི་མོ་སོགས་ཀྱི་ལམ་ནས་སློབ་སྦྱོང་གི་གྲུབ་འབྲས་འགྲེམ་སྟོན་བྱེད་ཐུབ་པ་དགོས།

4 དཔྱད་གཞི་འཚོལ་བཤེར་དང་བེད་སྤྱོད་གཏོང་བའི་རྩ་བའི་ཐབས་ཤེས་ཁོང་དུ་ཆུད་པ་དང་། གདོད་མའི་དཔྱད་གཞི་དང་གཞན་བརྒྱུད་དཔྱད་གཞིའི་དབར་གྱི་ཁྱད་པར་གཙོ་བོ་དབྱེ་འབྱེད་ཐུབ་པ། ལུང་འདྲེན་བྱས་པའི་དཔྱད་གཞིའི་འབྱུང་ཁུངས་མཆན་འགོད་བྱེད་དགོས་ཤེས་པ་བཅས་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-20

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།