འཐོབ་བྱའི་རྒྱུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱུ་ཡི་རྒྱན་གྱི་ནང་གསེས་བཞི་བ་འཐོབ་བྱའི་རྒྱུ་ནི་ཡིད་ལ་འདོད་པའི་འབྲས་བུ་འཐོབ་བྱའི་རྒྱུ་ཐབས་ཤེས་ཀྱི་གཡོ་འཕྲུལ་སྟོན་པའི་རྒྱན་ཞིག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
谋得因
1 གོ་དོན།

འཐོབ་བྱ་གང་ཞིག་ཐོབ་བྱེད་དེས།།

ཐོབ་པར་སྟོན་པ་འཐོབ་བྱའི་རྒྱུ།།

འཐོབ་བྱའི་འབྲས་བུ་གང་ཞིག་ཐོབ་བྱེད་ཀྱི་རྒྱུ་ཁྱད་པར་ཅན་གཞན་ཞིག་ལ་བརྟེན་ནས་ཐོབ་པར་སྟོན་པ་ཞིག་ཡིན།

2 རྩ་བའི་དཔེར་བརྗོད།

ཁེངས་པ་གོམས་པར་བྱའོ་ཞེས།།

གྲོགས་མོ་མཛའ་བོའི་གནས་བཀོད་ལ།།

བུ་མོ་སྨིན་འཁྱོག་མིག་གཡོན་གྱིས།།

མཆུ་ནི་གཡོ་ཞིང་ལྟ་བར་བྱེད།།

ཅེས་པ་སྟེ། གོ་དོན་ནི། བུ་མོ་འགའ་ཞིག་རང་གི་མཛའ་བོ་ལ་སེམས་ཆགས་པའི་དབང་དུ་གྱུར་ཅིང་། དེ་དང་མཉམ་དུ་འགྲོགས་པ་དང་མི་མཐུན་པའི་ཁེངས་སེམས་ཅུང་ཟད་ཙམ་ཡང་བྱ་མི་ནུས་པའི་མཛའ་བ་ཤུགས་ཆེན་པོ་ཡོད་པ་དེ། རང་གི་མཛའ་བོས་ཤེས་རྟོགས་ཐུབ་པའི་ཆེད་དུ། ད་ནི་བདག་ཀྱང་ཁེངས་པ་བསླབ་ཅིང་གོམས་པར་བྱའོ་སྙམ་ནས། རང་གི་མཛའ་བོ་དངོས་ལ་ཁེངས་པ་བྱ་བར་མི་ནུས་པ་དེའི་ཕྱིར་རང་ཉིད་ཀྱི་གྲོགས་མོ་ཞིག་ལ་རང་གི་མཛའ་བོ་ཡིན་པ་ལྟར་བྱས་ནས་སྡོད་དུ་བཅུག་པ་ནི་གྲོགས་མོའི་མཛའ་བོའི་གནས་སུ་བཀོད་པ་སྟེ། གྲོགས་མོ་དེ་ལ་བུ་མོ་དེས་ཁེངས་པའི་ང་རྒྱལ་གྱིས་ཁྲོ་བའི་རྣམ་འགྱུར་སྨིན་མ་འཁྱོག་ཅིང་མིག་གཡོན་པར་ལྟ་བ་དང་། མཆུ་གཡོ་བ་ལ་སོགས་པའི་རྣམ་འགྱུར་ལ་སློབ་པར་བྱེད་དོ་།། ཞེས་པ་འདིར། ཁྲོས་པའི་རྣམ་འགྱུར་དེ་ལྟ་བུས་རང་གི་བདག་པོ་ལ་ཁེངས་པར་བྱ་མི་ནུས་པར་རང་གི་བདག་པོས་ཤེས་པ་ན། རང་གི་བདག་པོ་མཛའ་བོ་དེ་ཡང་བུ་མོ་དེ་ལ་ཤིན་ཏུ་སེམས་ཤིང་། འདི་ནི་འདི་ལྟ་བུས་བདག་ལ་མཛའ་བ་ཆེན་པོའི་དབང་དུ་སོང་བ་ཞིག་གོ་སྙམ་ནས། བརྩེ་གདུང་ཆེན་པོའི་དབང་གིས་དུས་རྟག་ཏུ་མཉམ་དུ་འགྲོགས་པ་འཐོབ་པར་འགྱུར་བ་ཡང་ཐོབ་བྱེད་ཀྱི་རྒྱུ་དེ་ལྟ་བུ་ལ་ལྟོས་པའི་ཕྱིར། ཐོབ་བྱེད་ཀྱི་བྱ་བ་དེ་ནི་རྒྱུ་དང་། དེས་ཐོབ་པའི་དམིགས་ཡུལ་དངོས་དེ་འབྲས་བུར་གྱུར་པ་ལྟ་བུའོ།།

རྩ་བའི་དཔེར་བརྗོད་འདིའི་ཚིག་འགྲེལ་བྱེད་སྟངས་གོང་དུ་བཀོད་པ་ནི་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་སྙན་འགྲེལ་ལྟར་བཀོད་པ་ཡིན་ལ། སྡེ་དགེ་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་སྙན་འགྲེལ་ལྟར་ན། ཐོབ་བྱེད་ཀྱི་རྒྱུ་ནི། གྲོང་ཆོས་ལ་མ་ཞུགས་ཤིང་སྐྱེས་པ་གཞན་མེད་པའི་ཁེངས་པ་ཅན་གྱི་བུ་མོ་འདི་གྲོང་ཆོས་ལ་རིམ་གྱིས་གོམས་པར་བྱའོ་སྙམ་པའི་ཀུན་སློང་སྔོན་དུ་བཏང་བའི་བུ་མོ་ཞིག་གིས། བུ་མོ་ཕྱུགས་ཆུང་མ་དེ་རང་གི་མཛའ་བོའི་གནས་སམ་གམ་དུ་བཀོད(འཁྲིས་སུ་བཞག)ནས། བུ་མོ་དེ་གཉིས་ལ་སྨིན་མ་འཁྱོག་ཅིང་མིག་ཡོན་པོར་ལྟ་བའི་ཚུལ་གྱིས་མཆུ་ནི་གཡོ་ཞིང་། ཁྱོད་གཉིས་མཛའ་བར་བྱོས་ཤིག་ཅེས་བརྡས་གོ་བར་བྱས་ནས་ཡང་ཡང་ལྟ་བར་བྱེད་དོ།།དེ་ལྟར་བྱས་པས་བུ་མོ་ཕྱུགས་ཆུང་མ་དེ་ངོ་ཚ་དང་བྲལ་ནས་མཛའ་བོ་དང་འགྲོགས་པ་འཐོབ་པར་གྱུར་ཏོ།། ཞེས་རང་གི་འདི་བཞིན་དུ་བཤད་ན་ལེགས་པར་མངོན་ནོ་སྙམ་མོ།། ཞེས་གསུངས་པ་དེ་བློ་ལ་འཆར་བདེ་བར་སྣང་བས། འགྲེལ་བཤད་སྔོན་མ་དེ་དང་བསྡུར་ནས་གང་ལེགས་དཔྱད་པར་ཞུ།

3 ​རྣམ་གསལ་གྱི་དཔེར་བརྗོད།

བོད་མཁས་པས།

དལ་བའི་རྟེན་འདིར་ཚེ་འདིའི་བསྒྲུབ་བྱ་ལ།།

བསྐུལ་བའི་སྙིང་གཏམ་རྣ་བར་སྤྲོ་བྱེད་ཀྱང་།།

ཚོགས་གཉིས་དམ་པའི་ལམ་ལས་མི་འཁྱོག་པའི།།

བསམ་དང་སྦྱོར་བའི་རི་མོ་ཅི་ཡང་བརྩམས།།ཞེས་པ་ལྟ་བུ།


དུང་དཀར་བས།

གཞོན་ནུའི་མི་ཚེ་དགའ་སྐྱིད་དུས་ཡིན་ཞེས།།

ཉམས་དགའི་རྩེད་འཇོར་རོལ་ལ་སྐུལ་བྱེད་ཀྱང་།།

སྐྱེས་སྟོབས་འབར་བའི་དུས་ཡུན་ཐུང་ངུ་འདིར།།

རིག་གཞུང་སློབ་པའི་བརྩོན་སེམས་སྔར་ལས་རྒྱས།།ཞེས་པ་ལྟ་བུའོ།།


རྒྱལ་དབང་ལྔ་བས།

དབང་ཕྱུག་གོ་ཆས་དཀའ་སྤྱད་ཀྱིས།།

གཞོན་ནུ་གདོང་དྲུག་ལེགས་བསྒྲུབས་པས།།

ལེགས་སྦྱར་གནས་ལ་ལྟ་བའི་བློ།།

དཀའ་བ་མེད་པར་ལྷུན་གྱིས་གྲུབ།།

ཅེས་སྔོན་རྒྱལ་བོ་བདེ་སྤྱོད་བཟང་བོས། བྲམ་ཟེ་དབང་ཕྱུག་གོ་ཆ་ལ་སྒྲ་སློབ་པའི་བཀའ་ཕབ་སྟེ། བྲམ་ཟེས་སྨིན་དྲུག་བསྒྲུབས་ནས་འགྲུབ་ཅིང་ཞལ་བསྟན་ཏེ། སྒྲའི་ལེའུ་བཅོ་ལྔའི་བར་རྫོགས་པར་བསླབས་པའི་ལོ་རྒྱུས་ལ་སྦྱར་ཏེ་གསུངས་པས། ཚིག་རྐང་རྔ་མ་གཉིས་ཀྱིས་འཐོབ་བྱེད་ཀྱི་རྒྱུ་དང་ཕྱི་མ་གཉིས་ཀྱིས་ཐོབ་བྱའི་འབྲས་བུ་བསྟན། དཔེར་བརྗོད་འདིར། ལ་ལས་སྐྱེད་བྱེད་ཀྱི་རྒྱུ་དང་ཁྱད་པར་མེད་པའི་སྐྱོན་འཕེན་ཀྱང་། གསུང་རྒྱུན་ལ། དཔེར་བརྗོད་ལས། བྲམ་ཟེ་དབང་ཕྱུག་གོ་ཆས་སྒྲ་བསླབས་པའི་ལོ་རྒྱུས་ལ་སྦྱར་ཏེ་གསུངས་པས། བྲམ་ཟེས་སྨིན་དྲུག་བསྒྲུབས་པའི་རྒྱུ་ལས་འབྲས་བུ་སྒྲ་རིག་པའི་གཞུང་ལུགས་ཐུགས་སུ་ཆུད་པའི་དངོས་རྒྱུ་དང་། དངོས་འབྲས་གཙོ་བོ་སྟོན་པ་མ་ཡིན་པར། བདེ་སྤྱོད་ཀྱིས་སྒྲ་སློབ་པར་བསྐུལ་བ་སོགས་འཐོབ་བྱེད་ཀྱི་རྒྱུ་ལ་ངོས་འཛིན་དགོས་པར་གསུངས།


བསེ་ཚང་བས།

གནས་ཀུན་སློབ་པར་བརྩོན་ལ་སྡིག་གྲོགས་དག།

མ་འདོད་ཁྲེལ་དགོས་གཏམ་གྱིས་མགྲིན་པ་བཏེགས།།

ལ་ལས་གཏམ་དེར་རྒོལ་བའི་ཚིག་སྣོན་མདས།།

འཐབ་པས་བསླབ་བརྩོན་མོས་འདུན་ཁེངས་པས་བསྐུལ།།ཞེས་པ་ལྟ་བུའོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-14

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།