ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ།
བོད་ཀྱི་སློབ་གསོ་བ་དང་ནང་དོན་རིག་པ་བ་ཆེན་མོ་ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་ནི་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་ཁོངས་བྱ་ཁྱུང་དགོན་པའི་ཉེ་འདབས་ཀྱི་གུང་ཡེ་དགོན་ཚར་ཞེས་པའི་གྲོང་སྡེར་སྐུ་འཁྲུངས་ཤིང་། ཁོང་ཉིད་དགུང་ལོ34སྟེང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གདན་ཞུས་ལྟར་བོད་ཡིག་དགེ་རྒན་གྱི་འགན་བཞེས་ནས་སྐལ་ལྡན་གྱི་སློབ་བུ་མང་བོ་ལ་བོད་ཀྱི་བརྡ་སྤྲོད་དང་སྙན་ངག་སོགས་དཔེ་ཁྲིད་མཛད་པར་མ་ཟད། མཚོ་སྔོན་གསོ་རིག་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་དཔེ་ཁྲིད་གནང་། 1987ལོར་པཎ་ཆེན་སྣང་བ་མཐའ་ཡས་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་བཀའ་ལུང་བཞིན། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་རྒན་དུ་ཕེབས་ནས་བསྟུད་མུར་ལོ་འགར་གྲུབ་མཐའ་རིས་མེད་ཀྱི་བོད་སོག་གི་བླ་སྤྲུལ་བརྒྱ་ཕྲག་དུ་མར་བྱང་ཆུབ་ལམ་རིམ་ཆེན་མོ་གཙོ་བྱས་པའི་གཞུང་ཆེན་དུ་མའི་དཔེ་ཁྲིད་གནང་། ཁོང་གིས་བགྲང་བྱ་བཅུ་ཕྲག་འགའི་རིང་ལ་དངོས་སུ་བསྐྱངས་པའི་རིགས་སོ་སོའི་སློབ་མ་ནི་ཞིང་ཆེན་ཕྱི་ནང་གི་ལས་གནས་སོ་སོ་ན་ཐང་མར་བརྡལ་བ་ཇི་བཞིན་ཁྱབ་ཡོད་པར་མ་ཟད། རྐང་འཛིན་གྱི་ཀ་བ་ལྟ་བུར་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏日东·洛桑遐智嘉木措
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1922-2001)
ཡབ།
གཟུངས་ཐར།
འཁྲུངས་ཡུལ།
མཚོ་སྔོན་དཔའ་ལུང་།
ཡུམ།
མཚོ་སྐྱིད།
1 འཁྲུངས་རབས།

དགེ་བའི་བཤེས་གཉེན་ཆེན་མོ་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་ནི། སྤྱི་ལོ1922ལོར་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་ཁོངས་བྱ་ཁྱུང་དགོན་པའི་ཉེ་འདབས་ཀྱི་གུང་ཡེ་དགོན་ཚར་ཞེས་པའི་གྲོང་སྡེར་ཡབ་གཟུངས་ཐར་དང་ཡུམ་མཚོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། མ་ཡུམ་གྱི་ལྷུམས་སུ་བཞུགས་དུས་ནས་སེམས་དཔའ་ཆེན་པོ་ཁ་གྱ་འཇམ་དབྱངས་དཔལ་ལྡན་གྱིས་ཤར་གདོང་སྐུ་ཕྲེང་བཞི་བའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བདུན་གྱི་སྟེང་དགེ་ལྡན་བསྟན་པའི་འབྱུང་གནས་དཔལ་ལྡན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དུ་གདན་དྲངས་ཤིང་རྗེ་བེ་སི་རིན་པོ་ཆེ་བློ་བཟང་བསྟན་པ་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་བློ་བཟང་བཤད་སྒྲུབ་རྒྱ་མཚོར་གསོལ། སན་ཁྲོན་ཨ་ལགས་ཡཱང་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་སྐྱེས་ཆེན་དུ་མ་ཚུལ་བཞིན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་དང་སུམ་རྟགས་དག་གསུམ། སྒྲ་སྙན་ངག་སྐར་རྩིས་སོགས་ཐུན་མོང་གི་རིག་གནས་ལ་གསན་སྦྱོང་མཛད་ཅིང་དཔྱིས་ཕྱིན་པར་མཁྱེན། མཁས་གྲུབ་ཆེན་པོ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དང་། དཔལ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་རྣམ་གཉིས་ཀྱི་དྲུང་དུ་སྔ་ཕྱིར་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་རྒྱ་ཆེར་མཛད་ཅིང་། འཛིན་གྲྭ་རིམ་བརྒྱུད་མཐར་ཕྱིན་ཏེ་བཀའ་བཅུ་རབ་འབྱམས་པའི་མིང་བཏགས་བླངས། བསྟན་པའི་གསལ་བྱེད་ཆེན་མོ་བླ་བྲང་བླ་ཁོ་རིན་པོ་ཆེ་དང་། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་རིན་པོ་ཆེ་སོགས་ལས་ཀྱང་དབང་ལུང་ཁྲིད་མན་ངག་གི་བདུད་རྩི་མང་དུ་མནོས་ཤིང་མཁས་པའི་གྲགས་པ་རིམ་གྱིས་འབར། ཁྱད་པར་དུ་ཁོང་གི་ལམ་རིམ་ཆེན་མོའི་ཤིང་པར་ལ་ཞུ་དག་ཞིབ་གསལ་གནང་བའི་ཡོན་ཏན་གྱིས་ཐུགས་ཡིད་འཕྲོག་སྟེ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་མཆོག་ནས་མཁྱེན་རབ་ཀྱི་དབང་ཕྱུག་ཤར་གདོང་སྤྲུལ་བའི་སྐུ་ཞེས་རྗེས་སུ་ཡི་རངས་ཀྱི་མེ་ཏོག་འཐོར་ཞིང་། རྡོ་སྦིས་དགེ་བཤེས་རིན་པོ་ཆེ་མཆོག་ནས་ཀྱང་བྱ་ཁྱུང་གི་ས་དཀར་ནང་ན་གསེར་སེར་བོ་རྡོག་རྡོག་ཅིག་འདུག་ཅེས་དོན་དང་མཐུན་པའི་བསྔགས་བརྗོད་བླ་མེད་མཛད།

2  ཕྱག་ལས་གནང་ཚུལ།

1956ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་གདན་ཞུས་ལྟར་སློབ་གྲྭ་དེ་གའི་བོད་ཡིག་དགེ་རྒན་གྱི་འགན་བཞེས་ཏེ་སྔ་ཕྱིར་བོད་ཀྱི་བརྡ་སྤྲོད་དང་རྩོམ་རིག སྙན་ངག་བཅས་ཀྱི་དཔེ་ཁྲིད་མཛད་ཅིང་སློབ་མའི་བློ་དང་འཚམས་པའི་བསླབ་གཞི་དུ་མའང་རྩོམ་སྒྲིག་གནང་།1958ལོར་མ་ཉེས་ཁ་གཡོགས་ཐེབས་ཤིང་དེ་ནས་ལོ་ཉི་ཤུའི་རིང་ལ་ལུས་སེམས་གཉིས་ཀས་འོ་རྒྱལ་ཆེན་པོ་མྱངས་ཀྱང་། དམ་པའི་རང་རྟགས་མ་ཉམས་པའི་ངོ་མཚར་ལོ་རྒྱུས་མི་ཉུང་བ་ཡོད་པར་གྲགས། 1979ལོར་དཀར་འདོན་བྱས་ཏེ་སླར་ཡང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོའི་ཁུར་བཞེས་ཐོགས་ཕྱིར་སློབ་གྲྭ་ཆེན་མོ་བ་དང་། ཞིབ་འཇུག་སློབ་མ། དགེ་རྒན་བཅས་ལ་གང་ལ་གང་འཚམ་གྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཏེ་ནང་དོན་རིག་པ་དང་། ཚད་མ་རིག་པ།གནའ་རབས་རྩོམ་རིག སྙན་ངག་བཅས་བུམ་པ་གང་བྱོའི་ཚུལ་དུ་དཔེ་ཁྲིད་མཛད་དེ་བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་དུ་སྤེལ་བར་བྱས་རྗེས་བླ་མེད་བཞག་པས་སྙན་པའི་གྲགས་པ་གངས་ལྗོངས་ཡོངས་སུ་ཁྱབ། ཁྱད་པར་དུ་ཁོང་རིན་པོ་ཆེའི་ཁོག་ན་ཡོན་ཏན་གྱི་གཏེར་བརྡོལ་ཀྱང་ཕྱི་རུ་ཁེངས་ཤིང་དྲེགས་པའི་ཉམས་ཡེ་ནས་མེད་པ། རྙེད་པ་དང་བཀུར་བསྟི་དོན་དུ་མི་གཉེར་ཞིང་འཚོ་བ་འདོད་ཆུང་ཆོག་ཤེས་ལྡན་པ། རིས་མེད་ཐུགས་རྗེ་ཀུན་ལ་ཁྱབ་ཅིང་གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་ཡོན་ཏན་གྱིས་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པས་དད་པའི་སྙིམ་པ་སྙིང་གར་མི་སྦྱོར་བ་གཅིག་ཀྱང་མེད། 1985ལོར་ལས་འཁྱུར་ངལ་གསོ་བྱས་ཟིན་ནའང་དཔེ་ཁྲིད་ཀྱི་དགོས་མཁོ་ལྟར་ཡང་བསྐྱར་སློབ་གྲྭའི་གདན་ཞུས་དང་དུ་བླངས་པའི་ཐོག  ད་དུང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། མཚོ་སྔོན་སློབ་གསོ་སློབ་གླིང་གི་དགེ་སློབ་རྣམས་ཀྱི་རེ་བ་ལྟར་དངོས་ཕེབས་དཔེ་ཁྲིད་གནང་སྟེ་འདོད་པའི་རེ་བ་ཡིད་བཞིན་དུ་བསྐངས་པ་ལས། ཁོང་གི་སྐུ་ཚེ་གང་བོ་མི་རིགས་སློབ་གསོའི་ལས་དོན་ལ་ཕུལ་བའི་སྙིང་སྟོབས་དེ་གསལ་བར་མཚོན་ཐུབ་པ་ཡིན།

དགུང་ལོ་དོན་གཅིག་པ་སྟེ་སྤྱི་ལོ1992ལོའི་ཟླ་ལྔ་བའི་ནང་གདན་ས་བྱ་ཁྱུང་ཆོས་སྡེར་དཔེ་ཆོས་རིན་ཆེན་སྤུངས་པའི་བཤད་ཁྲིད་ཞིབ་རྒྱས་ཆ་ཚང་དང་རྟེན་འབྲེལ་བསྟོད་པའི་བཤད་པ་ཞིབ་རྒྱས་བཅས་གནང་བ་མ་ཟད།   ཆོས་སྡེ་ཆེན་པོ་འདི་བསྐྱར་བཞེང་གི་འགོ་ཚུགས་པ་ནས་བཟུང་རབ་བྱུང་དགེ་ཚུལ་དང་བསྙེན་རྫོགས་བསྒྲུབས་པ།  པྲ་ཏིའི་སུམ་རྟགས་དང་དབྱངས་ཅན་དགྱེས་གླུ།   སྙན་ངག་སྤྱི་དོན་སོགས་ཀྱིས་མཚོན་པའི་རིག་གནས་ཀྱི་འཆད་ཁྲིད་དང་།   དཔེ་ཆོས་དང་བེའུ་བུམ་སྔོན་པོ།   ལམ་རིམ་ཆེ་ཆུང་ཟིན་བྲིས་དང་བཅས་པ།   དྲང་ངེས་ལེགས་བཤད་སྙིང་བོ་དཀའ་འགྲེལ་དང་བཅས་པ།   དབུ་མའི་སྤྱི་མཐའ་དཔྱོད་དང་དགོངས་པ་རབ་གསལ།  སྤྱོད་འཇུག་འགྲེལ་ཆེན་རྒྱལ་སྲས་མ།   འདུལ་བ་ཐུབ་བསྟན་བྱི་དོར་སོགས་ཀྱི་དཔེ་ཁྲིད་ཞིབ་རྒྱས་གནང་བའི་སྐབས་དང་འཕྲལ་དུ་དགེ་འདུན་པ་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་ཐད་ལ་ཤ་ཚའི་བསླབ་བྱ་དམར་རྗེན་དུ་གནང་བ་བཅས་ཀྱི་བཀའ་དྲིན་བསྐལ་བའི་མཐར་ཡང་གཞལ་དཀའ་བར་མཛད་དོ། །

དགུང་ལོ་དོན་ལྔ་བ་སྟེ1996ལོའི་ཟླ་དང་པོའི་ཡར་ཚེས་ལ་ཐེ་ཝན་ནས་ཡོང་བའི་དད་ལྡན་ཆོས་ཞུ་བ་བཅུ་ཕྲག་འགས་གསོལ་བ་བཏབ་པའི་ངོར་དཔལ་ལྡན་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་སྟ་གོན་སྔོན་འགྲོ་དང་བཅས་པ་གནང་སྟེ་རེ་འདོད་བསྐངས།   ཧོར་ཟླ་གསུམ་པའི་ནང་ཨ་ལགས་གསང་སྒྲོག་ཚང་ནས་ཞུས་པ་ལྟར་གསང་སྒྲོག་དགོན་དུ་ཕེབས་ཏེ་གསང་སྒྲོག་དང་ཀོའུ་བ་དགོན།   ངང་རོང་།   གནམ་རྫོང་སོགས་ཀྱི་དགེ་འདུན་པ་མང་བོར་སྤྱོད་འཇུག་འགྲེལ་ཆེན་གྱི་བཤད་ཁྲིད་གནང་།   ཧོར་ཟླ་དྲུག་པའི་ཚེས་གཅིག་ཉིན་གདན་ས་ཆེན་པོ་རོང་བོ་དགོན་ཆེན་གྱི་གསེར་ཁྲི་ཁ་སོ་ཚང་དང་རྗེ་བླ་མ་འདི་ཉིད་ཀྱི་འཕྲིན་ལས་ཀྱི་གདུང་འདེགས་སུ་གྱུར་པའི་སྲས་མཆོག་རོང་བོ་བློ་བཟང་སྙན་གྲགས་སོགས་ཀྱིས་ཡང་ཡང་གསོལ་བ་བཏབ་པ་ལྟར་སེར་ཕྲེང་གི་བསུ་བ་རྒྱ་ཆེན་པོའི་ངང་རོང་བོ་དགོན་ཆེན་དུ་ཕེབས་ཏེ༧ཤར་སྐྱབས་མགོན་མཆོག་སྤྲུལ་བརྒྱད་པ་རིན་པོ་ཆེས་གཙོས་གསན་མཁན་སྟོང་ཕྲག་ལྷག་ལ་བླ་མ་ལྔ་བཅུ་བའི་ཁྲིད་སྔོན་དུ་འགྲོ་བའི་སྒོ་ནས་འཇིགས་བྱེད་བཅུ་གསུམ་པའི་བཀའ་དབང་དང་།   རྡོ་རྗེ་འཆང་ཆེན་པོ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་རྒྱུད་འགྲེལ་ཆེན་མོའི་བཤད་ལུང་སོགས་བཀའ་ཆོས་མང་དུ་གནང་།  བསྒྲུབ་བྱ་བརྒྱ་དང་ཉི་ཤུ་ཙམ་བསྙེན་རྫོགས་སུ་བསྒྲུབས།   ལོ་དེའི་ཧོར་ཟླ་བརྒྱད་པའི་ནང་སྔོན་ནས་གསོལ་བ་བཏབ་པ་ལྟར་བ་ཡན་མཐའ་རྒྱ་དགོན་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ།   བླ་སྤྲུལ་དགེ་བཤེས་མང་བོ་དང་དགེ་འདུན་པ།   དད་ལྡན་ཆོས་ཞུ་བ་ཁྲི་ཕྲག་དུ་མར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་ཞིང་དབང་ཡོན་ལྟོས་ཆེ་བ་བཏེགས་པ་ལས་བཀའ་འགྱུར་ཚར་གཅིག་ཨུ་ཚུགས་མཐའ་སྐྱེལ་གྱིས་བཞེས་པ་ལས་གཞན་འབུལ་གྲངས་ཚང་མ་ཕྱིར་སློག་མཛད་པ་འདི་ཡང་ལོག་འཚོ་དང་ནོར་གྱི་ཕྱིར་དུ་ཆོས་འཚོང་བ་དང་གཡོ་ཐབས་ཀྱིས་མགོ་བསྐོར་བའི་དེང་དུས་ཀྱི་བསྟན་པ་འཛིན་པར་རློམ་པའི་གསོག་གསོབ་དག་དང་གཏན་ནས་མི་འདྲ་བའི་རྣམ་པར་ཐར་བ་ངོ་མཚར་བའོ། །

དགུང་ལོ་དོན་དྲུག་པ་སྟེ་སྤྱི་ལོ1997ལོར་བར་ལམ་རྒྱ་ནག་ཏུ་སྐུ་བརྙན་ཆེ་ཆུང་འདྲ་མིན་མང་པོ་བཞེངས་ཏེ་སྐུ་ཁོག་ཏུ་ཚོང་ཁང་དང་འགྲེམ་སྟོན་ཁང་བཟོ་བ་དེ་འདྲ་གཏན་ནས་མི་རུང་བར་དགོངས་ཏེ་དེ་ལུགས་ཀྱི་བསླབ་སྟོན་དང་རྒྱ་ནག་ཧྲེའི་ཕྱོགས་སུ་བཞེངས་པའི་སྟོན་པ་སྐུ་བརྙན་མཐོ་ཚད་ལ་མུ་བརྒྱད་ཅུ་གྱ་བརྒྱད་ཡོད་པ་དེ་ལ་གཟུངས་གཞུག་སྐུ་གསུང་ཐུགས་རྟེན་གང་མང་དང་བཀའ་འགྱུར་རིན་པོ་ཆེ་སོགས་ཀྱིས་ཕྱུར་བུར་གཏམས་པར་བྱས་ཏེ་རབ་གནས་ཀྱང་མཛད་པར་བརྟེན་དེ་ཕྱོགས་ཀྱི་སྐྱེ་བོ་མང་བོས་ཁོང་ཚོའི་སྐུ་བརྙན་ཆེན་པོ་དེ་བཞིན་མཚོ་སྔོན་བྱ་ཁྱུང་དགོན་པའི་བླ་མ་ཤར་གདོང་རིན་པོ་ཆེ་ནས་གཟུངས་གཞུག་དང་རབ་གནས་མཛད་དེ་སྐུ་གསོན་པོར་བཏང་ཡོད་པས་གཞན་དང་མི་འདྲ་ཞེས་ངོམ་བཞིན་ཡོད་སྐད།   འཕྲིན་ལས་དེ་ལ་བརྟེན་ནས་དེང་དུས་རྒྱ་ནག་ཏུ་སྐུ་བརྙན་ཅི་འདྲ་ཞིག་བཞེངས་ནའང་གཟུངས་གཞུག་དང་རབ་གནས་སོགས་ཀྱི་སྲོལ་དར་ཁྱབ་ཆེ་བར་སོང་སྣང་ངོ་། །

དགུང་ལོ་དོན་བདུན་པ་སྟེ་སྤྱི་ལོ1998ལོར་གདན་ས་བྱ་ཁྱུང་དགོན་དུ་དབྱར་ཧྲིལ་བོར་རྒྱུད་སྡེ་སྤྱི་རྣམ་གྱི་བཤད་ཁྲིད་གཟབ་རྒྱས་བསྩལ།  དགུང་ལོ་དོན་དགུ་བ་སྟེ་སྤྱི་ལོ2000ལོར་སྐུ་ཞབས་ཨ་རོལ་མཆོག་སྤྲུལ་རིན་པོ་ཆེས་ཞུས་པ་ལྟར་གདན་ས་བྱ་ཁྱུང་གི་བླ་སྤྲུལ་གསུམ་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དང་ཞིབ་འཇུག་སློབ་མ་སོགས་བཅུ་ཕྲག་ཁ་ཤས་ལ་བྱང་ཆུབ་ལམ་རིམ་ཆེན་མོ་དང་ལམ་རིམ་ཟིན་བྲིས་སྦྲགས་ཏེ་བཤད་ཁྲིད་རྒྱས་པར་བསྩལ།

ཁོང་གིས་ལོ་ངོ་བཅུ་ཕྲག་འགའི་རིང་ལ་དངོས་སུ་བསྐྱངས་པའི་རིགས་སོ་སོའི་སློབ་མ་ནི་མཚོ་སྔོན་གྱི་ལས་གནས་སོ་སོར་ཐང་མ་བརྡལ་བ་ཇི་བཞིན་ཁྱབ་ཡོད་པ་དང་། དེའི་ནང་ནས་ལ་ལ་ནི་ཕུལ་དུ་བྱུང་བའི་སྲིད་འཛིན་གྱི་འགོ་འདྲེན་དུ་གྱུར་ཏེ་སྤྱི་ཚོགས་ཀྱི་ཕན་བདེའི་ལས་དོན་ལ་གཞོལ། ཁ་ཅིག་ནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་དུ་གྱུར་ཏེ་ཕ་མས་བུ་ལ་ཇི་བཞིན་མི་རབས་གསར་བ་གསོ་སྐྱོང་གི་ལས་ལ་བརྩོན།འགའ་ཤས་ནི་ཆེད་ལས་སྣ་ཚོགས་ཀྱི་རྐང་འཛིན་དུ་གྱུར་ཏེ་རང་གི་བློ་གྲོས་ཀྱི་རྩལ་དང་སྟོབས་ལ་བརྟེན་ནས་མི་རྣམས་ལ་བསམ་པའི་ལོངས་སྤྱོད་དང་དངོས་པོའི་ལོངས་སྤྱོད་འཛད་དུ་མེད་པ་གསར་སྐྲུན་བྱེད་བཞིན་མཆིས་པས། ཁོང་ནི་བོད་ཀྱི་མཁས་པ་རྒན་པའི་ཁྲོད་ནས་མི་རིགས་སློབ་གསོའི་ཁྲིད་སྟེགས་སུ་བཞུགས་ཡུན་ཆེས་རིང་ཞིང་བཀའ་དྲིན་ཆེས་ཆེ་བའི་དགེ་རྒན་ཆེན་མོ་ཞིག་ཡིན་ཞེས་ཀུན་ལ་སྨྲ་བར་སྤོབས་སོ།།

3  མཚན་སྙན།

1987ལོར་པཎ་ཆེན་སྣང་བ་མཐའ་ཡས༧བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་བཀའ་ལུང་ལྟར་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་རྒན་དུ་དངོས་ཕེབས་ཀྱིས་གྲུབ་མཐའ་རིས་མེད་ཀྱི་བོད་སོག་གི་བླ་སྤྲུལ་བརྒྱ་ཕྲག་དུ་མར་དབྱར་ཟླ་བཞི་བའི་ཚེས་བཅོ་ལྔའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་པཎ་ཆེན་ཐམས་ཅད་མཁྱེན་པས་བྱང་ཆུབ་ལམ་རིམ་ཆེན་མོའི་དབུ་བཙུགས་ནས(འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་བརྒྱན)ཞེས་པའི་བར་ཐུགས་ཡིད་ཤིན་ཏུ་དགྱེས་པའི་སྒོ་ནས་བཤད་ཁྲིད་གནང་ནས(ད་ལྟ་མཁས་བཙུན་བཟང་གསུམ་གྱི་བདག་པོ་ཨ་ལགས་ཤར་གདོང་ཚང་ཡིན་དེ་རིང་ནས་བཟུང་ཁོང་གིས་ངའི་ཚབ་བྱེད་ནས་ཁྱེད་ཅག་ལ་བྱང་ཆུབ་ལམ་རིམ་ཆེན་མོའི་ཁྲིད་གནང་རྒྱུ་ཡིན)གསུངས་ནས་ལམ་རིམ་གྱི་དཔེ་ཆ་བླ་མ་རིན་པོ་ཆེའི་ཕྱག་ཏུ་གནང་། དེ་ནས་མཉམ་མེད་ཙོང་ཁ་བས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་ཞེས་པའི་མཚན་བྱང་ལ་དུས་ཚོད་བཞི་ཙམ་ལ་ཟབ་ཁྲིད་རྒྱ་ཆེར་མཛད་པས་མཁས་པའི་མཚན་སྙན་འཐོབ་པའི་བླ་མ་དང་དགེ་བཤེས་མཐའ་དག་ངོ་མཚར་བའི་གནས་སུ་གྱུར། དེ་ནས་བཟུང་སྟེ་ལུང་རིགས་དཔེ་གསུམ་གྱི་མཐའ་སྤྲོས་ཤིང་། མན་ངག་ཞལ་ཤེས་ཉམས་མྱོང་དང་བཅས་པའི་སྒོ་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་ཟབ་ཁྲིད་གནང་བ་གཙོ་བྱས་ཏེ། དོན་གྱི་ལམ་རིམ་བེའུ་བུམ་སྔོན་པོ་དཔེའི་ལམ་རིམ་ཆོས་དཔེ་རིན་ཆེན་སྤུངས་བ། ལམ་རིམ་བློ་སྦྱོང་དང་བླ་མ་མཆོད་པའི་ཁྲིད་ཡིག་ལ་སོགས་པའི་གཞུང་། གནད་ཀྱི་མདུད་རྒྱ་འགྲོལ་དཀའ་བ་མཐའ་དག་བྲག་ཐོག་ནས་ཆུ་འཕྱོ་དང་ནམ་མཁའ་ལ་མདུང་བསྐོར་བ་བཞིན་ཕངས་མེད་དུ་སྩལ་བས་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་ཀུན་གྱི་ཡིད་དབང་རབ་ཏུ་འཕྲོག་སྟེ་གཙུག་གི་རྒྱན་དུ་བཀུར་བ་དང་དགེ་བཤེས་པོ་ཏོ་བ་གཉིས་པའི་མཚན་རང་ཤུགས་ཀྱིས་ཐོགས། ད་དུང་རྒྱ་བོད་ཀྱི་དགོན་ཁག་མང་བོར་ཕེབས་ནས་དད་ལྡན་སེར་སྐྱ་བགྲང་ལས་འདས་པ་སྨིན་གྲོལ་གྱི་ལམ་དུ་བཀོད་པར་མ་ཟད་རྒྱུན་གྱི་གླེང་མོལ་ཡན་གྱི་གསུང་བཤད་རྣམས་སུའང་གདུལ་བྱ་རང་རང་གི་བློ་དང་འཚམ་པའི་སྐྱབས་འགྲོ་དང་ལས་འབྲས་སོགས་ལམ་རིམ་གྱི་ཆོས་སྐོར་རྣམས་ཁ་བརྡའི་ཚུལ་དུ་གནང་བ་དང་། གཞན་མི་རིགས་རང་གི་སྐད་ཡིག་སློབ་གསོའི་ཕྱོགས་ལའང་ཐུགས་ཁུར་དང་རྒྱབ་སྐྱོར་བླ་མེད་གནང་བ་ལ(ཉན་ཤེས་ན་ཨ་ལགས་ཤར་གདོང་ཚང་གི་ཁ་བརྡའི་ནང་ན་མན་ངག་མང་པོ་ཡོད)ཅེས་ཆུ་བཟང་རྡོ་རྗེ་འཆང་གིས་དངོས་སུ་གསུངས། རྒྱལ་བའི་གསུང་རབ་བཀའ་དང་དགོངས་འགྲེལ་ཀུན་ལ་ནང་བྱན་ཆུབ་པ་དང་ངེས་པ་གཏིང་ནས་རྙེད་པས། ཕྱི་ནང་གི་མཁས་པ་སུ་ཞིག་གིས་དོན་མི་འདྲ་བའི་དྲི་བ་གང་མཛད་ཀྱང་། རྒྱལ་བའི་དགོངས་པ་དང་མཐུན་པར་མ་ཟད་སྐྱེ་བོ་དེའི་བློ་དང་འཚམ་པའི་དྲི་ལན་བློ་ཐོག་ཏུ་འབབ་པ་རེ་གནང་རྒྱུ་ཡོད་པ་ནི་གཞུང་ལུགས་གདམས་པར་ཤར་བའི་རྟགས་མཚན་དུ་འདོད་དོ། ཁོང་གིས་བསྟན་འགྲོའི་དོན་རླབས་སྒྲུབ་པའི་མཛད་བཟང་གིས་འཕྲིན་ལས་དབྱར་མཚོ་བཞིན་དུ་འཕེལ་ཞིང་རྒྱལ་ཁབ་ཕྱི་ནང་གི་མི་རིགས་ཐ་དད་པའི་དད་ལྡན་རྣམས་བུང་བའི་ཚོགས་འཁོར་བ་བཞིན་དྲུང་དུ་འདུས་པའི་ངོ་མཚར་ཁྱད་ཆོས་བསམ་བརྗོད་ཡུལ་ལས་འདས་སོ།།

4  གསུང་འབུམ་གྱི་ནང་དོན་དང་ཁྱད་ཆོས།

རྗེ་འདི་ཉིད་འཆད་པ་དང་རྩོད་པའི་ཡོན་ཏན་ལ་མངའ་བརྙེས་པར་མ་ཟད། རྩོམ་པའི་ཡོན་ཏན་ལའང་དབང་འབྱོར་བ་ཞིག་ཡིན་པས། གཞོན་དུས་ལེགས་བཤད་ཀྱི་རྩོམ་མི་ཉུང་བ་ཞིག་སྤེལ་མོད་ཀྱི། ལ་ལ་ནི་མི་ངེས་མེད་ཀྱི་ལག་ཏུ་འཁྱམས་པས་ལག་ཐོགས། ཕལ་ཆེར་ནི་དུས་ཀྱི་འཕོ་འགྱུར་གྱིས་ཁྱུར་མིད་བཏང་བ་ཤིན་ཏུ་ཕངས་ཆེ་བའི་གནས་སུ་གྱུར། རྗེ་འདི་བས་ཉེ་བའི་ལོ་བཅུ་ཕྲག་ལྷག་གི་རིང་ལ་སྔ་ཕྱིར་བརྩམས་པའི་ལེགས་བཤད་ཀྱི་རྩོམ་སྣ་ཚོགས་དང་ཁོང་གིས་དངོས་སུ་དཔེ་ཁྲིད་གནང་སྐབས་རྣམ་དཔྱོད་ལྡན་པའི་སློབ་བུ་འགས་ཟིན་བྲིས་སུ་བཏབ་པ་རྣམས་ལྡེབས་གཅིག་ཏུ་བསྒྲིགས་པ་ལ། རྩོམ་པ་པོ་རང་ཉིད་ཀྱིས་ལན་དུ་མར་སྤྱིར་བོད་ལ་རིག་གནས་འདི་འདྲ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཡོད་པའི་ཐོག་མཁས་དབང་རིམ་བྱོན་གྱིས་བརྩམས་པའི་ལེགས་བཤད་ཀྱི་རྩོམ་གསེར་སྦྱང་བཙོ་མའི་རི་བོ་ལྟ་བུ་ཁྲི་ཕྲག་མང་པོ་བཞུགས་པ་ལ། ད་ལྟ་དེ་དག་ལ་སྦྱོང་མཁན་དང་གོ་མཁན། ཉམས་སུ་ལེན་མཁན་ནི་ཉིན་མོའི་སྐར་མ་ལྟ་བུར་གྱུར་ན། སྐྱེས་སྦྱངས་ཀྱི་ཡོན་ཏན་ནམ་མཁའི་མེ་ཏོག་གི་ཟེའུ་འབྲུར་ཆགས་པ་བདག་ལྟ་བུའི་ངག་འཆལ་ལ་འབྲས་བུ་ཅི་ཞིག་མཆིས་ཞེས་གསུངས་ཏེ་ཤིན་ཏུ་མི་དགྱེས་པའི་ཚུལ་མཛད་ཀྱང་། སློབ་བུ་ཚོས་པར་དུ་བཏབ་ན་ཕན་སླེབས་ཆེ་བས་ཅིས་ཀྱང་ཐུགས་འཁྲོལ་གནང་བར་ཞུ་ཞེས་ཡང་ཡང་ནན་གྱིས་བསྐུལ་བ་ལ་བཟློག་མ་ནུས་པས། དེ་ལྟ་ན་བྱེ་མའི་གསེབ་ཀྱི་གསེར་སིལ་མ་ལྟ་བུ་ལེགས་ཆ་རེ་གཉིས་རེ་ཡོད་ན་དེ་བཞིན་དང་། མ་རྟོགས་ལོག་རྟོག་གི་སྐྱོན་ཚབས་ཧ་ཅང་ཐལ་བ་ཡོད་ན། བསྲེགས་བཅད་བརྡར་གསུམ་དང་མཚུངས་པའི་དགག་སྒྲུབ་རྣམ་དག་བགྱིད་པ་རྒྱལ་བའི་དགོངས་པར་གནས་པས་དེ་བཞིན་མཛད་པར་ཞུ་ཞེས་པར་འདེབས་བྱས་ཆོག་པའི་ལྡེ་མིག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ལ་གཏད་ཅིང་ཀློག་པ་པོ་ལ་ཕན་སླེབས་རེ་ཡོད་ན་དེ་ལས་ཆེ་བའི་དགེ་བ་མེད་ཅེས་གསུང་བཞིན་དུ་བརྩམས་ཡོན་སྐར་གང་ཡང་མེད་པར་བྱས་པའི་ཐོག་སྒོར་ཁྲི་གཉིས་ཀྱི་ཞལ་འདེབས་གནང་བ་ལ། ཁོང་གི་བུ་སློབ་རྣམ་དཔྱོད་ཅན་དག་གིས་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཁྱོན་བསྡོམས་པོད་དྲུག་ཡོད་པ་དེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་རྒྱ་ཆེ་བའི་ཀློག་མཁན་རྣམས་ཀྱི་སྤྱན་ལམ་དུ་བཀྲམ་པས། ཀློག་མཁན་རྣམས་ཀྱིས་ཀྱང་དགའ་བསུ་ཆེན་པོ་ཐོབ། གསུང་འབུམ་དེར2000ལོའི་ཟླ་དགུ་བར་ཞིང་ཆེན་བཅོ་ལྔའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་དཔེ་སྐྲུན་ཁང་བཅོ་བརྒྱད་ཀྱིས་བསྡུས་པའི་དཔེ་དེབ་དཔྱད་འདེམ་ཁྲོད་ཕུལ་བྱུང་དཔེ་དེབ་ཀྱི་བྱ་དགའ་ཐོབ་པ་དང་། 2001ལོའི་ཟླ8པར་སྐབས་ལྔ་བའི་རྒྱལ་ཡོངས་བོད་ཡིག་དཔེ་དེབ་དཔྱད་འདེམ་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། ཡང་ལོ་དེའི་ཟླ12པར་པེ་ཅིན་དུ་སྐབས་ལྔ་བའི་མི་རིགས་དཔེ་དེབ་ཀྱི་བྱ་དགའ་ཨང་དང་པོ་ཐོབ། བྱ་དགའ་འདི་ལ་མཚོན་ན་ཀྲུང་གོའི་མི་རིགས་དཔེ་དེབ་ཀྱི་བྱ་དགའི་ཆེས་མཐོ་བའི་རྣམ་གྲངས་ཡིན།འདི་གའི་དཔེ་སྐྲུན་ཁང་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞིང་།དགེ་བ་འདི་ཡིས་བོད་ཀྱི་རིག་གནས་སྔར་ལས་འཕེལ་ཞིང་རྒྱས་པར་གྱུར་ཅིག་གུ།

སྤྱིར་ཁོང་གི་གསུང་རྩོམ་ནི་ཁ་གསལ་ཞིང་གོ་བདེ་བ་དང་། རྒྱས་བསྡུས་འཚམ་ཞིང་གནད་དུ་འཁེལ་བ་ཞིག་ཡིན་ལ། གསུང་འབུམ་དེབ་དང་པོ་རུ་ད་ལྟའི་སློབ་གྲྭ་ཆེན་མོ་བ་དང་ལས་དང་པོ་དག་གི་བློ་ཁ་དང་བསྟུན་ནས་ལམ་རིམ་ཆེན་མོའི་སྐྱེས་བུ་ཆུང་ངུ་དང་སྐྱེས་བུ་འབྲིང་གི་སྐབས་ཀྱི་བརྗོད་དོན་དག་གོ་སླ་བའི་ངང་ལེགས་པར་བཀྲལ་ཡོད། དེའི་རྗེས་རྟེན་འབྲེལ་བསྟོད་པ་དང་། བླ་མ་ལྔ་བཅུ་བའི་འགྲེལ་བ། འཕྲིན་ཡིག་གི་སྐོར། སྙན་རྩོམ་གྱི་སྐོར། བསླབ་བྱའི་སྐོར། པར་བྱང་སྨོན་ཚིག རྟོགས་བརྗོད་དང་གསོལ་འདེབས་ཀྱི་སྐོར།འཕྲིན་བཅོལ་གྱི་སྐོར། དཀར་ཆག་གི་སྐོར་སོགས་བསྡུས་ཡོད། པོད་གསུམ་པ་རུ་དཔེ་ཡི་སྒོ་ནས་དོན་སྟོན་པའི་དཔེ་ཆོས་རིན་ཆེན་སྤུངས་པའི་འགྲེལ་བ་མོས་ལྡན་ཡིད་ཀྱི་བདུད་རྩི་ཞེས་པ་དང་བློ་སྦྱོང་མཚོན་ཆ་འཁོར་ལོའི་བཤད་པ་བཀོད་ཡོད། པོད་བཞི་བ་རུ(བེའུ་བུམ་སྔོན་པོའི་འགྲེལ་བ)ལ་འགྲེལ་ལེགས་པར་བཏབ་ནས་སློབ་གཉེར་གནང་མཁན་རྣམས་ལ་གོ་བདེའི་ངག་གིས་བཀྲལ་ཡོད། པོད་ལྔ་བ་རུ་བློ་སྦྱོང་དོན་བདུན་མ་རྒྱས་པར་བཀོད་པའི་སྟེང་། འགྲེལ་བ་གསལ་ལ་མ་ནོར་བར་ཆ་ཚང་བར་གསུངས་ཡོད། པོད་དྲུག་པ་རུ་ཞི་ལྷག་གི་སྐོར་བཀོད་ཡོད་དོ། །

གོང་གསལ་གྱི་གསུང་རྩོམ་པོད་དྲུག་པོའི་ནང་དུ་ཁོང་གི་སྐུ་ཚེ་གང་བོར་མི་རིགས་སློབ་གསོ་དང་། བོད་ཀྱི་རིག་གནས་རྒྱུན་འཛིན་སྤེལ་གསུམ་གྱི་མཛད་རྗེས་བླ་མེད་བཞག་པའི་ངང་ཚུལ་དེ་ཡོངས་སུ་འདུས་ཡོད་པས། དེང་རབས་བོད་རིགས་ཤེས་ལྡན་ན་གཞོན་སུ་ཡིན་ཡང་ཁོང་གི་ལེགས་བཤད་བཙོ་མ་གསེར་དང་འདྲ་བའི་གསུང་རྩོམ་འདིར་མཇལ་བ་ཙམ་གྱིས་ངེས་ཤེས་ཆེན་པོ་འདྲོངས་པར་མ་ཟད། ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་ཀྱི་བླ་ན་མཐོ་བའི་རང་བཞིན་ཡང་རྟོགས་ཐུབ་བོ། །

5 དགོངས་པ་ཆོས་དབྱིངས་སུ་ཐིམ་པ།

དགུང་ལོ་བརྒྱད་ཅུ་བ་སྟེ་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ﹙སྤྱི་ལོ2001﹚ལོའི་ཟླ་དྲུག་པར་དཔལ་མཉམ་མེད་དགེ་ལྡན་བསྟན་པའི་ཆུ་མགོ༧རྗེ་བླ་མ་གང་གི་གདན་ས་བྱ་ཁྱུང་ཆོས་ཀྱི་སྡེ་ཆེན་པོར།   དགེ་འདུན་སྤྱི་དང་གཅན་རོང་ཚོ་ཆེན་བཅོ་བརྒྱད་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཡང་ཡང་ཞུས་པ་ལྟར་ཞལ་གྱིས་བཞེས་ཏེ།    ཐུགས་སྲས་ཆེན་པོ་རོང་བོ་ཤར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་དང་སྐུ་ཞབས་ཨ་རོལ་མཆོག་སྤྲུལ་རིན་པོ་ཆེ།   གདན་ས་རང་གི་བླ་སྤྲུལ་བགྲེས་གཞོན་དང་ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་དུ་མ།   དགེ་འདུན་འདུས་པ་རྒྱ་མཚོ་དང་དད་ལྡན་མང་ཚོགས།  ཐེ་ཝན་དང་རྒྱ་ནག་ནས་ཡོང་བ་བཅས་བསྡོམས་པའི་ཆོས་ཞུ་བ་འབུམ་ཕྲག་བརྒལ་བ་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་བ་དང་ཉིན་ཤས་ལ་མང་ཚོགས་ལ་ཕྱག་དབང་མཇལ་ཁ་གནང་བ།  མཇུག་ཏུ་བསྒྲུབ་བྱ་དུ་མ་བསྙེན་རྫོགས་དང་རྟ་མགྲིན་གྱི་དབང་སོགས་གནང་མཐར་ཞལ་སློབ་ནང་མ་ཁག་ལ་ད་ལས་ཀ་ཚང་མ་འགྲུབ་སོང་བ་ཡིན།  ཁྱེད་རང་ཚོས་ཀྱང་ངལ་གསོ་གྱིས།   ངས་ཀྱང་ངལ་གསོ་རྒྱག་གི་ཡིན་གསུངས་ཏེ་གཟིམ་ཁང་དུ་སྐུ་རྐྱང་དུ་བཞུགས།   ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་སྐུ་ཚེ་འདིའི་དབང་དུ་བཏང་བའི་གདུལ་བྱ་དང་འགྲོ་དོན་རྫོགས་པར་གཟིགས་ཏེ་ངོ་མཚར་བའི་བཞུགས་སྟངས་དང་བཅས་བསམ་བཞིན་དུ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་གཟུགས་སྐུ་རགས་པའི་ཟ་མ་ཏོག་དོར་བར་མཛད་པ་ལ།   བུ་སློབ་རྣམས་ཀྱིས་གདུང་མཆོད་དགོངས་རྫོགས་ཀྱི་རིམ་པ་རྒྱ་ཆེར་བགྱིས་ཏེ་སྐུ་གདུང་ཞུགས་འབུལ་ཞུ་པའི་སྐབས་རིང་བསྲེལ་མང་བོ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བྱོན་པ་སོགས་ངོ་མཚར་བའི་མཛད་པ་བཅས་མཉམ་མེད་བུ་རམ་ཤིང་བའི་བསྟན་པ་དྲི་མ་མེད་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་དང་འགྲོ་དོན་རླབས་ཆེན་སྒྲུབ་སླད་ངེས་དོན་གྱི་མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་བའི་བཤེས་གཉེན་ཆེན་མོ་ཁོང་གིས་ཆུང་བྱིས་པའི་དུས་ནས་བཟུང་ཆུ་ཚོད་སྐར་ཆ་རེ་ཡང་ཆུད་ཟོས་སུ་མ་བཏང་བར་དམ་པའི་ཆོས་ལ་འཆད་རྩོད་རྩོམ་གསུམ་དང་འགྲོ་དོན་སྒྲུབ་པ་ངོ་ལྐོག་བྲལ་བའི་སྒོ་ནས་ཁོང་གི་སྐུ་ཚེ་གང་བོ་བསྟན་འགྲོའི་དོན་དུ་ཕུལ།

མདོར་ན་རྗེ་བཙུན་བླ་མ་དམ་པ་འདི་ནི་ཐུགས་གཤིས་དྲང་ཞིང་ཐུགས་སྟོབས་ཆེ་བ།   འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མ་རིང་དུ་སྤངས་ཏེ་ཆེན་པོ་དག་གི་ངོར་མི་ལྟ་ཞིང་དམན་པའི་ཡུལ་རྣམས་འཛུམ་གྱིས་བསུ་བ།   ནང་དུ་སྤངས་རྟོགས་ཡོན་ཏན་གྱི་གཏེར་བརྡོལ་ནའང་ཕྱི་རུ་ཁེངས་ཤིང་དྲེགས་པའི་ཉམས་ཟུར་ཙམ་ཡང་མི་མངོན་པར་སྦས་པའི་རྣལ་འབྱོར་ལ་བརྩོན་པ།   བཤེས་གཉེན་བསྟེན་ཚུལ་ལམ་གྱི་སྲོག་ཏུ་བྱས་པའི་བཀའ་དང་བསྟན་བཅོས་ལས་ཟུར་ཙམ་ཡང་འདའ་བར་མི་ནུས་པ།  བདེ་སྡུག་དང་ཆག་འཇིག་དྲག་པོ་ཅི་ཙམ་བྱུང་ན་ཡང་ལས་འབྲས་དཔང་བོར་འཛིན་པ།   བསྟན་པ་དང་སྟོན་པའི་ཆེད་དུ་སྐུ་སྲོག་ཀྱང་གཏོང་ནུས་པ་བཅས་རྒྱལ་སྲས་སེམས་དཔའ་ཆེན་པོའི་རྣམ་པར་ཐར་བ་ངེས་དོན་སྐྱེས་བུ་དམ་པའི་མཛད་སྤྱོད་ཤཱཀྱའི་དགེ་སྦྱོང་ཞིག་ལ་ཚང་དགོས་པའི་ཆོས་མཐའ་དག་ལྷན་སྐྱེས་སུ་མངའ་བ་བཅས་གང་གི་རྣམ་ཐར་མདོར་བསྡུས་སུ་བྲིས་པའི་དགེ་བས་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བའི་རྒྱུར་གྱུར་ཅིག།  །།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-18

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།