སྤྱི་དང་བྱེ་བྲག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསྡུས་གྲྭའི་རིགས་ལམ་ལ་ཆེ་འབྲིང་ཆུང་གསུམ་དུ་དབྱེ་བའི་བསྡུས་འབྲིང་གི་ཁོངས་གཏོགས་ཏེ། སྤྱི་དང་བྱེ་བྲག་ཅེས་པ་ནི། སྤྱི་དང་བྱེ་བྲག་གཉིས་ཕར་ཁྱབ་ཚུར་ཁྱབ་ཡོད་མེད་རྩོད་གཞིར་བཟུང་ནས་བརྡ་དང་རིག་པར་བྱང་བར་བྱེད་པའི་བསྡུས་ཚན་ཞིག་ཡིན་ཞིང་། དེ་ཡང་དགར་གཞི་ལ་སྤྱི་དང་དགར་བྱ་ལ་བྱེ་བྲག་ཟེར་ཏེ། དཔེར་ན། མི་ལྟ་བུ་སྤྱི་ཡིན་ཏེ། དེ་ལས་རྒྱ་མི་དང་། བོད་མི། སོག་མི་སོགས་དབྱེ་བ་མང་དུ་དགར་རྒྱུ་ཡོད་པའི་ཕྱིར། བོད་མི་ལྟ་བུ་བྱེ་བྲག་ཡིན་ཏེ། ཁྱོད་མི་ཡང་ཡིན། ཁྱོད་མི་དང་བདག་གཅིག་འབྲེལ་ཡིན། ཁྱོད་མི་ཡིན་ཞིང་མི་ཡིན་པའི་གཞི་མཐུན་པ་དུ་མ་ཡོད་པའི་ཕྱིར། དེར་ཐལ། དེ་མིའི་བྱེ་བྲག་གི་མཚན་ཉིད་ཡིན་པའི་ཕྱིར། ལྟ་བུའོ། །
1 གཞན་ལུགས་དགག་པ།

ཁ་ཅིག་ན་རེ། སྤྱི་ཡིན་ན་བྱེ་བྲག་མ་ཡིན་པས་ཁྱབ་ཟེར་ན། དངོས་པོ་ཆོས་ཅན། བྱེ་བྲག་མ་ཡིན་པར་ཐལ། སྤྱི་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དངོས་པོ་ཆོས་ཅན། སྤྱི་ཡིན་པར་ཐལ། ཁྱོད་ཀྱི་བྱེ་བྲག་ཡོད་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཀྱི་བྱེ་བྲག་ཡོད་པར་ཐལ། བུམ་པ་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་དངོས་པོའི་བྱེ་བྲག་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན། ཁྱོད་དངོས་པོ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། བུམ་པ་ཆོས་ཅན། དངོས་པོ་དང་བདག་གཅིག་ཏུ་འབྲེལ་ཡིན་པར་ཐལ། དངོས་པོ་དང་བདག་ཉིད་གཅིག་ཡིན་པ་གང་ཞིག དངོས་པོ་དང་ཐ་དད་ཀྱང་ཡིན། དངོས་པོ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བུམ་པ་ཆོས་ཅན། དངོས་པོ་དང་བདག་ཉིད་གཅིག་ཡིན་པར་ཐལ། དངོས་པོ་དང་རང་བཞིན་གཅིག་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དངོས་པོ་དང་ཐ་དད་ཡིན་པའི་ཕྱིར། གཟུགས་ཡིན་པའི་ཕྱིར། རྟགས་གསུམ་པ་མ་གྲུབ་ན། བུམ་པ་ཆོས་ཅན། དངོས་པོ་མེད་ན་ཁྱོད་མེད་དགོས་པར་ཐལ། དངོས་པོ་མེད་ན་ཁྱོད་གང་དྲན་དྲན་ཡིན་དགོས་པའི་ཕྱིར། གོང་གི་རྟགས་གསུམ་པ་མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་མ་ཡིན་ཞིང་དངོས་པོའང་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། ཙན་དན་གྱི་ཀ་བ་དེ་ཡང་དེ་ཡིན། ཤུག་པའི་ཀ་བ་དེ་ཡང་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དངོས་པོ་ཆོས་ཅན། བྱེ་བྲག་ཡིན་པར་ཐལ། ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཤེས་བྱའི་བྱེ་བྲག་ཡིན་པར་ཐལ། ཁྱོད་ཤེས་བྱ་ཡིན། ཁྱོད་ཤེས་བྱ་དང་བདག་ཉིད་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་ཤེས་བྱ་ཡང་ཡིན་པའི་གཞི་མཐུན་དུ་མ་གྲུབ་པའི་ཕྱིར། སོགས་སྤྲོ།

2 རྩོད་པ་སྤོང་བ།

ཀ་བུམ་གཉིས་ཆོས་ཅན། སྤྱི་ཡིན་པར་ཐལ། ཚོགས་སྤྱི་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྤྱི་མ་ཡིན་པར་ཐལ། ཁྱོད་ཀྱི་བྱེ་བྲག་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྱོད་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར། སོགས་སྤྲོ།

3 དབྱེ་བ།

སྤྱི་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་རིགས་སྤྱི་དང་།  ཚོགས་སྤྱི།  དོན་སྤྱི་གསུམ་ཡོད།  དེ་ལས་རིགས་སྤྱི་དང་སྤྱི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན།  ཚོགས་སྤྱི་ནི་རང་གི་ཆ་ཤས་དུ་མ་འདུས་པའི་གཟུགས་རགས་པ་ལ་གོ་དགོས།  དོན་སྤྱི་ནི་དཔེར་བཞག་ནས་བཤད་ན་བློ་ངོར་ཤར་བའི་ཁང་བ་དེ་ཁང་བ་དངོས་མིན་ཡང་ཁང་བ་དངོས་ལྟར་སྣང་བ་ལྟ་བུར་གོ་དགོས། 

4 གཞུང་གང་ལས་འཕྲོས་པ།

བསྡུས་ཚན་འདི་ཚད་མ་རྣམ་འགྲེལ་གྱི་གཞུང་ལས་འཕྲོས་པ་ཡིན་ཏེ།  རྣམ་འགྲེལ་རང་དོན་ལེའུ་ལས། དེ་སྤྱི་ཁྱད་པར་ཞེས་བྱ་བའི། །བྱེ་བྲག་འདི་ནི་བློ་དོན་ལ། །དེ་ཉིད་ལས་གཞན་ལས་ལྡོག་པས། །ཆོས་ཀྱི་བྱེ་བྲག་རབ་ཏུ་བརྟག །ཅེས་སྤྱི་དང་བྱེ་བྲག་གི་རྣམ་གཞག་བསྡུས་པའི་ཚུལ་གྱིས་གསུངས་པའི་ཕྱིར་རོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-09

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།