བསླབ་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསླབ་གནས།
དེང་རབས་ལྟར་ན་མི་སྒེར་གྱི་རིག་གཞུང་གི་མིང་བཏགས་སམ་རིག་གཞུང་རང་བཞིན་གྱི་གཟེངས་རྟགས་རིགས་ཤིག་ཡིན་ལ། སློབ་གསོའི་ཆུ་ཚད་ཀྱི་ཚད་གཞི་ལོངས་པར་བདེན་དཔང་བྱེད་པའི་རྣམ་པ་ཞིག་ཀྱང་ཡིན། དེ་འོས་ཚད་འདང་བའི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་གླིང་། ཡང་ན་རྒྱལ་ཁབ་རིམ་པ་ནས་མཆོག་མཆན་ཐོབ་པའི་རིག་གཞུང་ཚན་ཁག་དང་ཞིབ་དཔྱོད་ཚན་ཁག་དག་གིས་སྤྲད་ཆོག་ལ། མི་ཚེ་གང་བོར་བཀོལ་ཆོག་པ་ཡིན། དེ་ལ་རིགས་གསུམ་ཡོད་དེ། ཤེས་རམས་པའི་བསླབ་གནས། རབ་འབྱམས་པའི་བསླབ་གནས། འབུམ་རམས་པའི་བསླབ་གནས། བོད་ཀྱི་ལུགས་ལྟར་ན་དེ་སྔོན་གདན་ས་ཆེན་པོ་གསུམ་མ་བྱུང་གོང་དུ་རབ་འབྱམས་པ་དང་། དཀའ་བཞི་བ། བཀའ་བཅུ་ཞེས་པའི་མཚན་གནས་སྤྲད་དེ་གྲྭ་སྐོར་དམ་བཅའ་འཇོག་སྲོལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
学位
ཕྱི་ཡིག་གི་མིང་།
academic degree
མིང་གཞན།
མཚན་གནས།
1 ​ངོ་སྤྲོད།

དེང་སྐབས་འཛམ་གླིང་རྒྱལ་ཁབ་སོ་སོ་དང་ས་ཁུལ་གྱི་བསླབ་གནས་སྒྲིག་སྲོལ་ཁྱད་པར་ཅུང་ཙམ་ཡོད་དེ། རིམ་པ་གསུམ་ནས་ལྔ་བར་དུ་ཡོད་མོད། འོན་ཀྱང་ཤེས་རམས་པའི་བསླབ་གནས། རབ་འབྱམས་པའི་བསླབ་གནས། འབུམ་རམས་པའི་བསླབ་གནས་གསུམ་ངེས་པར་དུ་ཡོད་དགོས།  སློབ་གསོ་པུའུ་བསླབ་གནས་དང་ཞིབ་འཇུག་སློབ་མའི་སློབ་གསོ་འཕེལ་རྒྱས་ལྟེ་གནས་ནི་སློབ་གསོ་པུའུ་ཡིས་ཐད་གཏོགས་ལས་ཁུངས་ཡིན་ལ། སློབ་གསོ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཚོགས་ཀྱིས་ཆོག་མཆན་ཐོབ་པ་ལྟར། སྤྱི་ལོ2000ལོར་རྒྱལ་ཕྱི་ནང་ཀུན་ཏུ་ཀྲུང་གོའི་བསླབ་གནས་འཛིན་ཡིག་དང་དེའི་སློབ་གསོའི་རྒྱབ་ལྗོངས་བདེན་སྤྲོད་བྱེད་པའི་བྱ་བ་འགོ་བརྩམས་ལ། སྤྱི་ལོ2006ལོར་ཕྱི་འགྲིམས་སློབ་གསོའི་དགོས་མཁོ་ལྟར། མཐོ་འབྲིང་ཚོགས་རྒྱུགས་དང་མཐོ་རྒྱུགས་སྐར་འབྲས་བདེན་སྤྲོད་ཀྱི་བྱ་བ་འགོ་བརྩམས། སྤྱི་ལོ2008ལོ་ནས་བཟུང་། འབྲིང་རིམ་ལས་རིགས་སློབ་གསོའི་མཐར་ཕྱིན་འཛིན་ཡིག་བདེན་སྤྲོད་ཀྱི་བྱ་བའི་འགོ་བརྩམས། སྤྱི་ལོ2016ལོའི་ཟླ1བའི་ཚེས1ཉིན་ནས་བཟུང་། ཤེས་རམས་པ་དང་རབ་འབྱམས་པ། འབུམ་རམས་པའི་བསླབ་གནས་འཛིན་ཡིག་སྡེ་ཁག་རང་ཉིད་ནས་ཇུས་འགོད་སྒོས་སྟེར་དགོས་ལ། དེའི་སྟེང་རྒྱལ་རྟགས་བཀོལ་སྤྱོད་བྱས་མི་ཆོག་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཚོགས་ཀྱིས་དཔར་བཏབ་པའི་གཅིག་གྱུར་གྱི་བསླབ་གནས་འཛིན་ཡིག་བཀོལ་སྤྱོད་མི་བྱེད། རྒྱལ་སྲིད་སྤྱི་ཁང་བསླབ་གནས་ཨུ་ཡོན་ལྷན་ཚོགས་དང་སློབ་གསོ་པུའུ་ཡིས་བསྒྲགས་པའི《བསླབ་གནས་འཛིན་ཡིག་དང་བསླབ་གནས་གནང་བའི་ཆ་འཕྲིན་དོ་དམ་ཐབས་བཀོད》ལས། རྒྱལ་ཡོངས་བསླབ་གནས་རྣམ་པ་གཅིག་གྱུར་གྱི་ལོ་རྒྱུས་མཇུག་རྫོགས་པར་གྱུར།

2 དེང་རབས་བསླབ་གནས།

ཤེས་རམས་པའི་བསླབ་གནས། འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བའི་རྒྱུན་སྤྱོད་བྱེད་ཀྱིན་པའི་མཐོ་རིམ་སློབ་གསོ་ཆེས་ཐོག་མའི་བསླབ་གནས་ཡིན། རིག་ཚན་མི་འདྲ་བ་ལས་རིགས་མི་འདྲ་བའི་ཤེས་རམས་པའི་བསླབ་གནས་ཡོད། དཔེར་ན་རྩོམ་རིག་བསླབ་གནས་ལྟ་བུ།

ཤེས་རམས་པའི་བསླབ་གནས་གཉིས་པ། སྦྱངས་དགོས་པའི་རིག་ཚན་ཚར་རྗེས། ཡང་བསྐྱར་རེ་ཞུ་སྒོས་རིག་ཚན་ཆེད་ལས་གཞན་ཞིག་ལ་སློབ་སྦྱོང་བྱས་ཏེ། སྦྱངས་འབྲས་དང་རིག་གནས་ཆུ་ཚད་ཚད་གཞི་ལོན་ན་གནང་བའི་བསླབ་གནས། སྤྱིར་བཏང་དུ་ལོ་གཉིས་ཡིན།

རབ་འབྱམས་པའི་བསླབ་གནས། འཛམ་གླིང་རྒྱལ་ཁབ་མང་ཆེ་ཤོས་ཀྱིས་རྒྱུན་སྤྱོད་བྱེད་ཀྱིན་པའི་ཞིབ་འཇུག་སློབ་མའི་ཆེས་ཐོག་མའི་བསླབ་གནས་ཡིན། འདི་ནི་དངོས་གཞི་ཚན་ཁག་གི་སློབ་གསོ་དང་ཤེས་རམས་པའི་བསླབ་གནས་རྨང་གཞི་བྱས་ཏེ། རིག་གཞུང་རང་བཞིན་གྱི་བསླབ་གནས་དང་ཆེད་ལས་རབ་འབྱམས་པའི་བསླབ་གནས་རིགས་གཉིས་ཡོད། རིམ་པ་གསུམ་གྱི་བསླབ་གནས་ནང་གི་གཉིས་པ་ཡིན།

འབུམ་རམས་པའི་བསླབ་གནས། འཛམ་གླིང་རྒྱལ་ཁབ་མང་ཆེ་ཤོས་ཀྱིས་རྒྱུན་སྤྱོད་བྱེད་ཀྱིན་པའི་ཞིབ་འཇུག་སློབ་མའི་ཆེས་མཐོ་རིམ་པའི་བསླབ་གནས་ཡིན། འདི་ནི་རིམ་པ་གསུམ་གྱི་བསླབ་གནས་ནང་གི་ཆེས་མཐོ་བའི་བསླབ་གནས་ཡིན།  དེ་ལ་རིག་གཞུང་རང་བཞིན་གྱི་བསླབ་གནས་དང་ལས་རིགས་ཅན་གྱི་བསླབ་གནས་གཉིས་ཡོད།

མཚན་འཛིན་འབུམ་རམས་པའི་བསླབ་གནས། འཛམ་གླིང་རྒྱལ་ཁབ་མང་ཆེ་ཤོས་ཀྱིས་རྒྱུན་སྤྱོད་བྱེད་ཀྱིན་པའི་མཚན་འཛིན་རང་བཞིན་གྱི་རིག་གཞུང་མཚན་སྙན་ཡིན། ཆ་རྐྱེན་གྱི་ངོས་ཐད་ནས་རྒྱལ་ཁབ་སོ་སོ་མི་འདྲ་ནའང་མིང་གཅིག་གྱུར་ཡིན། རང་རྒྱལ་ལ་མཚོན་ན་སྤྱི་ལོ1983ལོ་ནས་བཟུང་མཚན་འཛིན་འབུམ་རམས་པའི་བསླབ་གནས་གནང་འགོ་ཚུགས་པ་ཡིན་ལ། དེ་ནི་རྒྱལ་ནང་ནི་ཕུལ་བྱུང་མཁས་པ་དང་ཚན་རིག་པ། ཆབ་སྲིད་པ། སྤྱི་ཚོགས་འགུལ་སྐྱོད་པའི་རིག་གཞུང་དང་དཔལ་འབྱོར། སློབ་གསོ། ཚན་རིག རིག་གནས། འཕྲོད་བསྟེན་སོགས་ཀྱི་ཁྱབ་ཁོངས་སུ་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིགས་ལས་དོན་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་ཡོད་པ་དག་ལ་གནང་བ་ཡིན།

རིག་གཞུང་རང་བཞིན་གྱི་བསླབ་གནས། ཚན་རིག་བསླབ་གནས་ཀྱང་ཟེར་ཏེ། རིག་གཞུང་གི་ངོ་བོ་དང་ཁྱད་ཆོས་ལས་གནང་བའི་རིག་གཞུང་རང་བཞིན་གྱི་རྣམ་པ་ཞིག་ཡིན། གཙོ་བོ་རིག་གཞུང་གི་གཞུང་ལུགས་དང་ཞིབ་འཇུག་གི་ཁ་ཕྱོགས་ལ་ལྟ་དགོས་ཡིན།

ཆེད་ལས་བསླབ་གནས། ལས་རིགས་བསླབ་གནས་ཀྱང་ཟེར། རང་རྒྱལ་གྱིས་སློབ་གསོའི་མ་ལག་ནང་གི་དམིགས་གསལ་གྱི་བཙུགས་པའི་བསླབ་གནས་ཀྱི་རྣམ་པ་ཞིག་ཡིན། དམིགས་ཡུལ་ནི་གཞུང་ལུགས་རྨང་གཞི་བརྟན་པོ་ཡོད་པའི་མིའི་ལས་རིགས་བྱ་བའི་ཁྲོད་བཀོལ་སྤྱོད་རང་བཞིན་ལྡན་པའི་འཇོན་ཐང་མི་སྣ་གསོ་སྐྱོང་བྱེད་ཆེད་ཡིན།

3 བོད་ཀྱི་བསླབ་གནས།

རབ་འབྱམས་པ། གཞུང་ཆེན་པོ་ལྔའི་ནང་ནས་ཕར་ཕྱིན་ཙམ་སྦྱངས་མྱོང་ཞིང་། དབུ་མ་དང་འདུལ་བ་མཛོད་བཅས་ལ་སྦྱངས་པ་བྱེད་མ་མྱོང་མཁན་གྱི་དགེས་བཤེས་རིགས་ལ་ཟེར།

བཀའ་བཞི་བ། དབུ་མ། ཕར་ཕྱིན། འདུལ་བ། མཛོད་བཅས་དཀའ་ཆེན་བཞི་ལ་སློབ་གཉེར་ཐོན་པའི་དགེ་བཤེས་ཤིག་ལ་ཟེར།

དཀའ་བཅུ།  གཞུང་ཆེན་པོ་བཀའ་པོད་ལྔ་ཀར་སློབ་གཉེར་ཐོན་པའི་དགེ་བཤེས་ཤིག་སྟེ། དེང་སང་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དཀའ་ཆེན་དང་སེ་འབྲས་དགའ་གསུམ་གྱི་དགེ་བཤེས་ལྷ་རམས་པ་ལྟ་བུ་ཡིན།   གླིང་བསྲེ། གདན་ས་གསུམ་ཆགས་རྗེས་གསང་ཕུའི་ཕྱག་སྲོལ་ལྟར་གླིང་ཡོངས་ཀྱི་གྲྭ་ཚང་ཕན་ཚུན་བསྲེས་ཏེ་གཞུང་ཆེན་པོ་ལྔའི་དམ་བཅའ་འཇོག་མཁན་གྱི་དགེ་བཤེས་རྣམས་ལ་གླིང་བསྲེ་ཟེར།  ལྷ་རམས་པ། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་དགའ་ལྡན་ཁྲི་པའི་སྐུ་ཚབ་གནང་སྐབས་གདན་ས་གསུམ་གྱི་དགེ་བཤེས་སློབ་གཉེར་བཟང་གྲས་ནང་ནས་ལྷ་ས་སྨོན་ལམ་ཆེན་མོའི་རིང་གཞུང་ཆེན་པོ་ལྔའི་བགྲོ་གླེང་དམ་བཅའ་འཇོག་སྲོལ་གཏོད་པ་ནས་ལྷ་ལྡན་རམ་འབྱམས་པ་སྟེ་མིང་བསྡུས་པས་ལྷ་རམས་པ་ཟེར།

ཚོགས་རམས་པ།  སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྲིད་དབང་བཟུང་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་སྐུ་འདས་པའི་དགོངས་རྫོགས་སུ་ཚོགས་མཆོད་དུས་སྟོན་བཙུགས་པ་དང་ཆབས་ཅིག་ཚོགས་མཆོད་ཉིན་བཅུའི་རིང་སྨོན་ལམ་ཆེན་མོའི་སྐབས་དང་འདྲ་བར་གདན་ས་གསུམ་གྱི་དགེ་བཤེས་ཁག་གཅིག་གྲྭ་སྐོར་དམ་བཅའ་འཇོག་ཏུ་བཅུག་པ་ནས། ཚོགས་རམས་པ་ཟེར་བ་བྱུང་བ་ཡིན།

ཀུན་བཤད། སྒྲ་རིག་པ་སློབ་སྦྱོང་བྱས་ཏེ་རྒྱུགས་འཕྲོད་མཁན་རྣམས་ལ་སློབ་དཔོན་གྱིས་ཀུན་བཤད་ཀྱི་མིང་འདོགས་གནང་སྲོལ་ཡོད།

རྩིས་རམས་པ། སྐར་རྩིས་ལ་སྦྱངས་པ་ཐོན་ནས་ལོ་རེའི་ལོ་ཐོ་འདོན་ཤེས་པ་དང་། འདས་ལོ་སྤོ་བ་སོགས་སྦྱངས་པ་ཐོན་ན་རྩིས་རམས་པ་ཞེས་པའི་མིང་ཐོབ་པ་ཡིན།

གསོ་རིག་མཚན་གནས། གསོ་བ་རིག་པའི་མཚན་གནས་ནི་སྔར་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་དུས་ནས་ཡོད་དེ། སྐབས་དེར་སྨན་པའི་སློབ་མའི་ནང་ནས་སློབ་སྦྱོང་གི་ཆུ་ཚད་མཐོ་དམན་རིམ་པ་བཞིར་ཕྱེ་ཡོད།  སྨན་པ་འབུམ་རམས་པ། སྨན་གྱི་རྒྱུད་བཞི་རྩ་འགྲེལ་སོགས་རྒྱ་དཀར་ནག་གི་གསོ་རིག་ཆ་ལག་དང་བཅས་པ་བློ་ཐོག་ནས་ཐོན་ཅིང་། དེ་དག་གི་ལག་ལེན་རང་སྐྱ་འཕེར་བའི་སྨན་པ་རྣམས་ཡིན། སྨན་པ་རབ་འབྱམས་པ། རྒྱུད་བཞིའི་རྩ་འགྲེལ་དང་། སོ་མ་རྭ་ཛ། བདུད་རྩི་བུམ་པ་རྩ་འགྲེལ་དང་བཅས་པར་སློབ་སྦྱོང་ཐོན་པ་རྣམས་ཡིན།  སྨན་པ་དཀའ་བཅུ་བ། རྒྱུད་བཞི་རྩ་འགྲེལ་ཁ་སྐོང་དང་བཅས་པ་སློབ་སྦྱོང་ཐོན་པ་རྣམས་ཡིན། སྨན་པ་བསྡུས་གྲྭ་བ། རྒྱུད་བཞིའི་ནང་ཚན་རྩ་རྒྱུད། བཤད་རྒྱུད། ཕྱི་མའི་རྒྱུད་གསུམ་ཙམ་ཡན་ལག་དང་བཅས་པར་སློབ་གཉེར་ཐོན་པ་རྣམས་ཡིན་པར་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མའི་རྣམ་ཐར་ནང་འཁོད་ཡོད།

4 བསྡུར་བ། 

ལྷ་རམས་པ་དང་དཀའ་ཆེན། རིག་གནས་ཆུང་བ་ལྔར་མཁས་པའི་ཤེས་ཡོན་ཅན་རྙིང་པ་རྣམས་མཁྱེན་ཡོན་གྱི་ཆ་ནས་བཤད་ན་དངོས་འབྲེལ་དགེ་རྒན་ཆེན་མོའི་མཚན་གནས་འབུལ་འོས་ཡིན་ཀྱང་དེང་སང་ཁོང་ཚོར་མཚན་གནས་མཐོ་ཤོས་པོའི་ཧྲི་ཙམ་ལས་སྤྲོད་ཀྱི་མེད་པ་རེད། དོན་དངོས་ཐོག་དེང་སང་གི་པོའི་ཧྲི་ཟེར་བ་ནི། ཆེད་ལས་རིགས་སྣ་གཅིག་ལ་མཁས་པའི་རིགས་ཏེ་དཔེར་ན། མཚན་ཉིད་རིག་པའི་པོའོ་ཧྲི་ལྟ་བུ་ཡིན། ཆེད་ལས་སྣ་གཅིག་ལ་མཁས་པའི་པོའི་ཧྲི་དང་། གཞུང་ཆེན་པོ་ལྔ་ལ་མཁས་པའི་དགེ་བཤེས། རིག་གནས་ཆུང་བ་ལྔ་ལ་མཁས་པའི་སློབ་དཔོན་བཅས་ཀྱི་མཚན་གནས་འདྲ་མཚུངས་སུ་འཇོག་པ་ནི་རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་སོ་སོའི་ནང་དོན་རྒྱ་ཆེ་ཆུང་དང་། གཏིང་ཟབ་ཚད་བཅས་རྩ་བ་ནས་མི་ཤེས་པའི་དཔོན་ཉམས་རིང་ལུགས་ཤིག་ཡིན་པས་ཡོ་བསྲང་མཐར་ཕྱིན་བྱས་ཏེ་ད་ཡོད་ཤེས་ཡོན་ཅན་རྙིང་པ་རྣམས་ཐོབ་འོས་པའི་མཚན་གནས་ངེས་པར་དུ་འབུལ་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-04

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།