རྟ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རྟ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཕྱུགས་རིགས།)

རྟ།
རྟ་ནི་རྩྭ་གཟན་རིགས་ཀྱི་སྲོག་ཆགས་ཡིན་པ་དང་། ལོ་ངོ4000སྔོན་ལ་མིས་སྒོ་ཕྱུགས་སུ་བཏུལ་ནས་ཞོན་པ་སོགས་འགྲིམ་འགྲུལ་སུ་བཀོལ་སྤྱོད་བྱེད། འཛམ་གླིང་སྟེང་རྟའི་རིགས200ལྷག་ཡོད། སྔོན་ཆད་འབྲོག་པའི་ལམ་ཐག་རིང་བོ་བགྲོད་བྱེད་ཀྱི་ཞོན་པ་མེད་དུ་མི་རུང་བ་ཞིག་ཡིན། རྟའི་ཁ་ཟས་གཙོ་བོ་རྩྭ་ཡིན་པ་དང་། ཚེ་ཚད་ལོ30-35བར་ཡིན་ལ་ཆེས་རིང་པོའི་ཚེ་ཚད་ལོ60ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ཕྱི་ཡིག་གི་མིང་།
horse,steed
ཁམས།
སྲོག་ཆགས་ཁམས།
སྒོ།
སྒལ་ཐག་སྲོག་ཆགས་སྒོ།
སྐོར།
འོ་འཐུང་སྐོར།
སྡེ།
རྨིག་ཟླུམ་སྡེ།
ཚན།
རྟ་ཚན།
ཁོངས།
རྟ་ཁོངས།
རིགས།
རྟ།
ཁྱབ་ཡུལ།
ཀྲུང་གོ ཕྱི་སོག སོ་ཏི་ཨ་རབ་ལ་ཁྱབ་ཡོད།
1 ངོ་སྤྲོད།

རིགས་མི་གཅིག་པའི་རྟའི་གཟུགས་གཞིའི་མཐོ་ཚད་དང་ལྗིད་ཚད་མི་གཅིག གཟུགས་གཞི་ཆེ་བའི་རིགས་ཀྱི་རྟའི་གཟུགས་ཀྱི་མཐོ་ཚད་ལ་ལི་སྨི200དང་ལྗིད་ཚད་ལ་སྟོང་ཁེ1200ཡོད། གཟུགས་གཞི་ཆུང་བའི་རྟའི་རིགས་ཀྱི་མཐོ་ཚད་ལི་སྨི95དང་ལྗིད་ཚད་སྟོང་ཁེ200ལྷག་ཡོད་མེད་ཡིན། རྟའི་མགོ་ལེབ་ཞིང་རིང་བ་དང་མཆུ་ཟླུམ་ཟླུམ་ཡིན། རྣ་གཤོག་ཐུང་བ་དང་སུག་བཞི་རིང་། རྔོག་མ་རིང་ཞིང་མཐར་དུ་དཔྱངས་འདུག  རྔ་མ་ཡང་རིང་། རྨིག་པ་ཧ་ཅང་སྲ་མོ་ཡིན་ལ་རྒྱུགས་ན་མགྱོགས།    རྔུལ་ཐོན་རྨེན་བུ་སྔོན་ཐོན་ཡིན་པས་དེའི་ལུས་ཀྱི་དྲོད་གྲང་སྙོམས་པར་བྱས་ནས་གྲང་ངར་དང་ཚ་གདུང་སོགས་བཟོད་བསྲན་བྱེད་ཐུབ། གློ་སྙིང་སྔོན་ཐོན་ཡིན་རྐྱེན་རྒྱུགས་པའམ་ཤུགས་དྲགས་པའི་འགུལ་སྐྱོད་བྱེད་རྒྱུར་འཚམ།

2 ཁྱབ་ཡུལ།

མེ་གླིང་ན་གཙོ་བོར་ཡོད་པ་དང་། ཡ་གླིང་ནས24% ཨོའི་གླིང་ནས11% ཧྥེ་གླིང་དང་རྒྱ་མཚོ་ཆེན་པོའི་གླིང་ཆེན་ནས8%ཡོད། རང་རྒྱལ་ནས་སྔོན་ཆད་ས་ཆ་ཡོངས་ནས་ཡོད་མོད། ད་ལྟ་མདོ་དབུས་མཐོ་སྒང་སོགས་བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས། སི་ཁྲོན་ཞིང་ཆེན་གྱི་ས་བབ་མཐོ་ཞིང་ཐང་ཡངས་པའི་ས་ན་གནས་འདུག

3 འཚོ་བའི་གོམས་གཤིས།

རྟའི་དྲི་ཚོར་གྱི་ནུས་པ་ཧ་ཅང་སྔོན་ཐོན་ཡིན་པས་ཆ་འཕྲིན་གྱི་ཚོར་བའི་ནུས་པ་ཆེར་ལྡན། འདིས་རྟག་པར་མིག་དབང་དང་རྣ་དབང་སོགས་ཀྱིས་ཕྱིའི་ཆ་འཕྲིན་མ་ཚོར་སྔོན་དུ་ཚོར་ཐུབ་པ་མ་ཟད་དེ་མུར་བརྡ་གཏོང་ནུས། སྔོན་ཐོན་ཡིན་པའི་དྲི་ཚོར་གྱི་ནུས་པ་དང་རྣོ་བའི་རྣ་དབང་། ལྡེབ་མྱུར་ལྡན་པའི་བྱ་སྤྱོད་སོགས་ནི་ལོ་ཁྲི་ཕྲག་གི་ནང་དེ་འཕེལ་འགྱུར་བྱས་པ་ལེགས་པའི་རྒྱུ་རྐྱེུན་གཙོ་བོ་ཡིན་ལ། རྟའི་མི་ལ་ཐོན་པའི་བྱས་རྗེས་གཙོ་བོ་དེ་སྐྱེ་ལུགས་ཀྱི་ཁྱད་ཆོས་ཡང་ཡིན། རྟའི་དྲི་ཚོར་ལ་བརྟེན་ནས་ཁོར་ཡུག་གསར་བར་ལོབས་སུ་འཇུག་པ་དང་། རྒྱུས་མངའ་བའི་བྱ་དངོས་དེ་དང་ལེན་བྱེད་སླ། དྲི་ཚོར་གྱིས་ཁ་ཟས་ཁྲོད་ཟ་རུང་མི་རུང་བའི་ཆ་ཐམས་ཅད་ཚོར་ཐུབ། འོད་ཚོར་གྱི་ནུས་པ་ཧ་ཅང་བཟང་། མཚན་མོར་ཡང་ཉེ་འགྲམ་གྱི་དངོས་གཟུགས་ཐམས་ཅད་མཐོང་ཐུབ། རྟ་ལངས་ཏེ་གཉིད་པ་ཡིན།

4 མིང་འདོགས་ཚུལ།

འབྲོག་མི་རྣམས་ཀྱིས་རང་གི་བཞོན་རྟ་ལ་རང་ཉིད་ཀྱི་དགའ་ཕྱོགས་དང་རྟའི་སྤུ་མདོག་དང་། གཤིས་ཀ་དང་འགྲོས་རྒྱུག་གི་ཁྱད་ཆོས་དང་འབྲེལ་ནས་མིང་འདོགས་སྲོལ་ཡོད་དེ་དཔེར་ན་རྐྱང་རྒོད་དང་གཡུ་བྱ། རྟེའུ་སྔོན་སོགས་ཧ་ཅང་མང་།

4_1 གཟུགས་གཞིའི་སྤུ་མདོག་གཅིག་ཅན།

རྟའི་གཟུགས་གཞིའི་སྤུ་མདོག་དམར་སེར་ཅན་ལ་ཁམ་ར་དང་ཁམ་ཁམ། སྤུ་མདོག་སྐྱ་བོ་ཅན་ལ་ཟག་ཟག་གམ་ཐག་ར། སྤུ་མདོག་ཡོངས་དམར་དམར་ཅན་ལ་རྐྱང་རའམ་རྐྱང་རྐྱང་། སྤུ་མདོག་སྔོ་དཀར་ཅན་ལ་གྱོ་རའམ་གྱོ་གྱོ། སྤུ་མདོག་སྔོ་སྔོ་ཅན་ལ་སྔོ་རའམ་སྔོ་སྔོ། སྤུ་མདོག་དམར་སྨུག་ཅན་ལ་བཀྲ་རའམ་བཀྲ་བཀྲ། སྤུ་མདོག་སེར་དམར་ཅན་ལ་ངང་རའམ་ངང་ངང་། སྤུ་མདོག་སྨུག་ནག་ཅན་ལ་དབུས་ར། སྤུ་མདོག་དཀར་པོ་ཅན་ལ་ར་ར། སྤུ་མདོག་དཀར་སེར་ལ་རག་རག་ཅེས་པ་ལྟ་བུ།

4_2 སྤུ་མདོག་སྣ་མང་ཅན།

བོད་མིས་རྟའི་གཟུགས་གཞིའི་སྤུ་མདོག་སྣ་མང་དང་སྤུ་མདོག་དུ་མ་འདྲེས་ནས་ཡོད་པའི་ཁྱད་ཆོས་ཅན་ལ་མིང་འདོགས་པ་དཔེར་ན་རྟ་རྐྱང་དམར། གྱོ་སྐྱ། རྟ་སྔོ་ནག་དང་གྱོ་དམར།རྟ་གྱོ་ནག རྟ་བཀྲ་སེར། རྟ་བཀྲ་ནག རྟ་ར་ནག རྟ་ངང་དཀར། རྟ་ངང་སེར། རྟ་རག་དཀར། རྟ་རག་སེར། རྟ་རག་དམར། སོགས་ཀྱི་མིང་འདོགས།

4_3 སྤུ་མདོག་ཁྲ་བོ་ཅན།

རྟའི་སྤུ་མདོག་གཞི་གཅིག་ཅན་གྱི་སྟེང་ལ་ཁ་དོག་གཞན་པའི་ཐིག་ཁྲ་ཡོད་པ་ལ་རྟ་ཁམ་ཁྲ་དང་ཟག་ཁྲ། རྟ་དབུས་ཁྲ། རྟ་རྐྱང་ཁྲ། རྟ་ནག་ཁྲ་དང་གྱོ་ཁྲ། རྟ་སྔོ་ཁྲ། རྟ་བཀྲ་ཁྲ། རྟ་ངང་ཁྲ། རྟ་རག་ཁྲ་སོགས་ལྟ་བུ།

4_4 གདོང་གི་སྤུ་མདོག་གིས་བཏགས་པ།

རྟའི་ཐོད་པར་འཛི་དང་ཞུར་བོ་ཡོད་པ་ལ་རྟ་འཛི་ཅན་དང་རྟ་ཞུར་ཅན། དེ་ཁ་དོག་ལ་སྦྱར་ན་རྟ་རྐྱང་འཛི་དང་རྟ་རྐྱང་ཞུར། རྟ་ཁམ་འཛི་དང་ཁམ་ཞུར། ནག་འཛི་དང་ནག་ཞུར། རྟ་རག་འཛི་དང་རག་ཞུར་སོགས་ཁ་དོག་མི་གཅིག་པའི་མཐར་འཛི་དང་ཞུར་སྦྱར་ནས་མིང་བཏགས་ན་རྟའི་ཁ་དོག་དང་ཁྱད་ཆོས་ཅན་གཞན་པ་ལས་ལོགས་སུ་ལེགས་པར་ཤེས་ཐུབ་པ་ཞིག་རེད། འཛི་ཞེས་པ་རྟའི་ཐོད་པར་དཀར་ཐིག་ཡོད་པ་ཅན་ལ་ཟེར་ཞིང་། ཞུར་ཞེས་པ་ནི་རྟའི་མགོ་ཡི་ལྟག་པ་ནས་སྨིན་མའི་བར་དཀྱིལ་དུ་ཞེང་སོར་གསུམ་བཞི་ཅམ་གྱི་དཀར་ཤ་ཡོད་པ་ལ་ཟེར་ཞིང་གོང་གི་འཛི་ལས་ཆེ་ཞིང་རིང་བ་ཡིན།

4_5 སུག་བཞིའི་ཁ་དོག་གི་ཆ་ནས་བཏགས་པ།

འདོ་བ་རྟའི་རྐང་ལག་གི་སྤུའི་ཁ་དོག་གི་ཁྱད་ཆོས་ལ་བརྟེན་ནས་ཁམ་ཁམ་རྐང་ལག་བཞིའམ་རྐང་ལག་བཞི་ལས་གང་རུང་ཞིག་གི་སྤུ་མདོག་དཀར་པོ་ཡིན་ན་ཁམ་ར་ཚེས་དཀར་དང་། ནག་པོ་ཡིན་ན་ཁམ་ར་ཚེས་ནག་ལྟ་བུ། དེ་བཞིན་དུ་ནག་ལི་ཚེས་ནག་དང་ཚེས་དཀར། རྐྱང་སེར་ཚེས་ནག་དང་ཚེས་དཀར། བཀྲ་ལི་ཚེས་ནག་དང་ཚེས་དཀར། ནག་འཛི་ཚེས་ནག་དང་ཚེས་དཀར་སོགས་མང་། དེ་མིན་ད་དུང་རྟ་བདག་རང་གིས་གཅེས་མིང་གི་ཚུལ་དུ་དབུས་ལི་གསེར་རྣ་དང་རྐྱང་རྒོད་གཡེར་བ། གོམ་རིས་སོགས་ལྟ་བུའི་མིང་འདོགས་སྲོལ་མང་པོ་ཡོད།



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-12

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།