ཟླ་བ་གྲགས་པ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཟླ་བ་གྲགས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྒྲུང་པ།)

ཟླ་བ་གྲགས་པ།
ཟླ་བ་གྲགས་པ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་སྐྱེས་པའི་ན་གཞོན་གེ་སར་སྒྲུང་སྨྲ་བ་བོ་ཞིག་ཡིན་ཞིང་། ཁོ་རང་ཉིད་ཀྱིས་བཤད་པ་ལྟར་ན་ཁོས་གླིང་སྒྲུང་ཁག153བཤད་ཤེས་པ་ལས། སྒྲུང་ཁག52སུས་ཀྱང་གོ་མ་བྱུང་བའི་སྒྲུང་སྣ་གསར་བ་ཡིན་ཟེར། ད་ལྟ་སྒྲུང་ཁག26སྒྲར་ཕབ་ཟིན་པ་དང་སྒྲུང་ཁག5ཡི་གེར་བཀོད་ནས་དག་སྒྲིག་བྱས་ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
达哇扎巴
མི་རིགས།
བོད་རིགས།
རྒྱལ་ཁབ།
ཀྲུང་གོ།
སྒྲུང་པའི་རིགས།
བབས་སྒྲུང་སྒྲུང་པ།
སྐྱེས་ཡུལ།
མཚོ་སྔོན་རྫ་སྟོད།
1 མི་སྣའི་ངོ་སྤྲོད།

དེ་ཡང་ཕོ་ལོ་ཉེར་ལྔ་ཡིན་པའི་ན་གཞོན་སྒྲུང་པ་ཟླ་བ་གྲགས་པ་ནི། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གི་མི་ཡིན། ཁོ་རང་བྱིས་ལོ་བདུན་བརྒྱད་ཀྱི་རྐང་ལམ་ཕྲ་མོའི་སྟེང་དུ་རྐང་པ་སྤོས་པ་ནས་བཟུང་དབྱར་དགུན་སྟོན་དཔྱིད་མེད་པར་རྟ་ནོར་ལུག་གསུམ་གྱི་རྗེས་དེད་ནས་ཉི་མ་ཕུད་པ་ལས་རིན་ཆེན་རིག་གནས་སྦྱང་བའི་སློབ་གྲུའི་སྒོ་མོ་རུ་ཐེངས་གཅིག་ཀྱང་འཛུལ་མ་མྱོང་ལ། ཁོའི་ཁྱིམ་རྒྱུད་དུའང་མི་རབས་ནས་མི་རབས་ལ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་ཤེས་མཁན་གྱི་སྒྲུང་པ་གཅིག་ཀྱང་བྱུང་མ་མྱོང་། 

ཁོ་རང་ཕོ་ལོ་བདུན་གཉིས་བཅུ་བཞི་ལ་སོན་པའི་ལོ་དེའི་ཉིན་ཞིག་རི་མགོར་ཕྱུགས་འཚོ་སྐབས། ཅི་ཡིན་འདི་ཡིན་མ་ཤེས་པར་བདེ་མོ་གཉིད་ཀྱི་འཇིག་རྟེན་དུ་ཤོར་སོང་། སྐབས་དེར་སྒྲ་འཛིན་རྣ་བས་རྟ་ཕོ་མང་པོའི་འཚེར་རྒྱང་དང་ཁྲབ་རྨོག་དང་མདའ་མདུང་གྲི་གསུམ་གྱི་སིང་སྒྲ་ཐོས་པར་མ་ཟད། འདྲེན་བྱེད་མིག་གིས་ཀྱང་སྤང་ལྗོངས་ཡངས་ཤིང་ཆེ་བ་ཞིག་གི་དཀྱིལ་དུ་ཁྲབ་རྨོག་འཁོར་གསུམ་བསྐོར་བའི་དམག་མི་སྟོང་ཕྲག་མང་པོ་ཞིག་གིས་མདའ་གྲི་མདུང་གསུམ་བཟུང་ནས་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཡོད་པ་མཐོང་ཞིང་། དེ་དག་ལས་གྱོན་པ་དང་སྨ་ར་སོགས་དུང་ལྟར་དཀར་བའི་རྒན་པོ་ཞིག་ཁོ་པའི་གམ་དུ་ཕེབས་ཡོང་ནས་འདི་སྐད་དུ། ཨ་རོག་བྱིས་པ་ཉོན་དང་བདག་ལ་ཐུན་མོང་མ་ཡིན་པའི་ཤེས་བྱའི་ནུས་པ་ཁྱད་པར་ཅན་གསུམ་ཡོད་དེ། དགུང་སྔོན་ནམ་མཁའི་བྱ་དང་བྱེའུའི་སྐད་སྣ་ཚོགས་གོ་ཐུབ་པ་དང་གཅིག   དོག་མོ་ས་ཡི་རི་དྭགས་དང་འབའ་འབུའི་སྐད་ཅི་རིགས་གོ་ཐུབ་པ་དང་གཉིས། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཐོགས་པ་མེད་པར་བཤད་ཐུབ་པ་དང་གསུམ་བཅས་ཀྱི་ནུས་པ་ཡོད་ལ། དེ་དག་ལས་གཅིག་གི་གདམས་ངག་ལས་དང་བསོད་ནམས་ཅན་གྱི་སྐྱེས་བུ་ཞིག་ལ་གནང་ཆོག་པས་དེ་རིང་ཁྱོད་ལ་གནང་ཆོག་ཅེས་ཟེར་བར། ཟླ་བ་གྲགས་པས་ཀྱང་བདག་ལ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་ཤེས་པའི་གདམས་ངག་དེ་གནང་རོགས་ཞེས་ཞུས་པ་ན། རྒན་པོ་དེས་ནས་སྤར་མོ་གང་ཁོའི་ལུས་སྟེང་དུ་གཏོར་བཞིན་ལག་པས་ཕྱག་རྒྱ་ལན་འགའ་བྱས་པ་དང་མཉམ་དུ་གར་སོང་ཆ་མེད་དུ་མི་སྣང་བར་གྱུར། ཟླ་བ་གྲགས་པ་གཉིད་ལས་སད་པ་ན། ཁོ་ནད་ལྕི་མོ་ཞིག་ཕོག་འདུག་ལ། རྗེས་སུ་རིམ་བཞིན་སེམས་ཁམས་ཇེ་དྭངས་དང་ལུས་ཁམས་ཇེ་བདེར་སོང་བ་དང་བསྟུན་ནས། སེམས་ལ་ཡང་ཕྱི་རོལ་རི་ལུང་དུ་འགྲོ་འདོད་པའི་སྣང་བ་ཞིག་ཉིན་རྒྱུན་དུ་ཤར་བས། ཟླ་བ་གྲགས་པ་ནམ་ཡང་རི་མགོར་སོང་སྟེ་རྟ་ནོར་ལུག་གསུམ་འཚོས། སྐབས་དེ་ནས་བཟུང་གླིང་གི་དཔའ་རྟུལ་ཡིན་ཟེར་བའི་འཇིམ་པའི་མི་ཆུང་མང་པོ་བཟོ་བར་དགའ་བ་དང་། རིམ་བཞིན་མ་བསླབས་རང་ཤུགས་སུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་ཤེས་པ་ཞིག་ཏུ་གྱུར། སྤྱི་ལོ1995ལོར་ཁོ་རང་ཁྱིམ་མི་ཚོ་དང་མཉམ་དུ་སྟོད་ཉི་མ་ལྷ་སར་མཇལ་སྐོར་ལ་འགྲོ་བའི་ལམ་དུ། དགའ་སྟོན་གྱི་ཚོགས་ཆེན་ཞིག་འཚོགས་ཡོད་པའི་སྟེང་དུ་རྒན་པོ་ཞིག་གིས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་བཞིན་ཡོད་པ་དང་འཕྲད་པར། ཟླ་བ་གྲགས་པས་ཀྱང་རང་དབང་མེད་པར་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཚན་པ་ཐུང་ཐུང་ཞིག་ཁ་ནས་ཤོར། སྐབས་དེར་གླིང་སྒྲུང་ལ་ཉན་མཁན་གྱི་མང་ཚོགས་ཧ་ཅང་མང་པོ་ཞིག་འཚང་ཁ་ཤིག་ཤིག་ངང་ཟླ་བ་གྲགས་པས་བཤད་པའི་གླིང་སྒྲུང་ལ་ཉན་པར་འོང་པ་དང་། ལ་ལས་སྒྲ་སྡུད་འཕྲུལ་འཁོར་གྱི་ཁ་ཕྱེས་ཏེ་ཁོས་གྱེར་པའི་གླིང་སྒྲུང་སྒྲར་ཕབ་པས་ན། རྗེས་སུ་ས་ཆ་དེ་རུ་ཁོས་བཤད་པའི་གླིང་སྒྲུང་ཚན་པ་ཐུང་ཐུང་དེ་ཁྱབ་གདལ་ཤིན་ཏུ་ཆེ་བར་གྱུར། སྐབས་དེ་ནས་བཟུང་ཁོ་རང་ཡང་གླིང་གེ་སར་རྒྱལ་པོའི་སྒྲུང་པའི་ལམ་དུ་གོམ་པ་སྤོ་འགོ་བརྩམས་པ་ཡིན་ནོ།།

2 མཚན་སྙན།

ཟླ་བ་གྲགས་པས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་ཤེས་པའི་གནས་ཚུལ་དེ་ཡུལ་ཤུལ་ཁུལ་རྫ་སྟོད་ས་ཆ་ནས་གཅིག་བཤད་བརྒྱ་དང་བརྒྱ་བཤད་སྟོང་ལ་བརྒྱུད་དེ་ས་ཁྱབ་ཏུ་སོང་བ་ན། ཁུལ་རིག་གནས་ཅུའུ་ཡི་འགོ་ཁྲིད་པས་ཀྱང་གནས་ཚུལ་དེ་རྒྱུས་ལོན་བྱུང་སྟེ། ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་ལ་སྙན་སེང་ཕུལ་བར་བརྟེན། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་བློ་མཐུན་ཡཱང་ཞའོ་བཱའོ་ཡིས་གནས་ཚུལ་འདི་ལ་ཞིབ་ཏུ་བརྩད་གཅོད་བྱས་པར་མ་ཟད། སྐུ་དངོས་ཀྱིས་ཁུལ་ཐོག་ཏུ་ཡོད་པའི་འབྲེལ་ཡོད་ཆེད་མཁས་པ་མང་པོ་བསྡུས་ཏེ། ཟླ་བ་གྲགས་པས་བཤད་པའི་གླིང་སྒྲུང་ལ་ཞིབ་དཔྱོད་དང་ལེགས་ཉེས་གསལ་འབྱེད་བྱས་ཤིང་། ཁོ་ལ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་སྐོར་ནས་གནད་དོན་གང་ཞིག་དྲིས་ཀྱང་ཐོགས་པ་མེད་པས། དེ་མ་ཐག་ཟླ་བ་གྲགས་པ་ཁུལ་རིག་གནས་སྒྱུ་རྩལ་ཁང་དུ་བསྡུ་ལེན་བྱས་པ་དང་། ཆེད་ལས་མཁས་པ་མངགས་ཏེ་ཁོས་བཤད་པའི་གླིང་སྒྲུང་ཡི་གེའི་རི་མོའི་གཟུགས་སུ་བཀོད་དེ་ད་ལྟ་དག་སྒྲིག་བྱེད་བཞིན་པའི་སྒང་ངོ་།། ཁོ་རང་ཉིད་ཀྱིས་བཤད་པ་ལྟར་ན་ཁོས་གླིང་སྒྲུང་ཁག153བཤད་ཤེས་པ་ལས། སྒྲུང་ཁག52སུས་ཀྱང་གོ་མ་བྱུང་བའི་སྒྲུང་སྣ་གསར་བ་ཡིན་ཟེར། ད་ལྟ་སྒྲུང་ཁག26སྒྲར་ཕབ་ཟིན་པ་དང་སྒྲུང་ཁག5ཡི་གེར་བཀོད་ནས་དག་སྒྲིག་བྱས་ཟིན། 《ལི་ཁྲི་མཚལ་རྫོང》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།

3 སྒྲུང་ཁག་གི་དཀར་ཆག

གཤམ་དུ་ཟླ་བ་གྲགས་པས་བཤད་ཤེས་པའི་གླིང་སྒྲུང་ཁག་དཀར་ཆག་ཏུ་འགོད་པ་སྟེ།

1《ལྷ་གླིང་གབ་ཙེ་དགུ་སྐོར》 2《འཁྲོངས་གླིང་མེ་ཏོག་ར་བ》 3《རྟ་རྒྱུག་རྒྱལ་འཇོག》 4《རྨ་ཤེལ་བྲག》 5《བདུད་གླིང》 6《ཧོར་གླིང་གཡུལ་འགྱེད》 7《འཇང་གླིང་གཡུལ་འགྱེད》 8《མོན་གླིང་གཡུལ་འགྱེད》 9《སྟག་གཟིག་ནོར་རྫོང》 10《གྲུ་གུ་གོ་རྫོང》 11《ཨ་གྲགས་གཟི་རྫོང》 12《བྱེ་རི་བྱུར་རྫོང》 13《ཤང་ཤང་སྨན་རྫོང》 14《མི་ནུབ་དར་རྫོང》 15《སྐྱ་རེངས་འབྲུ་རྫོང》 16《སོག་པོའི་རྟ་རྫོང》 17《ཙ་རི་སྨན་རྫོང》 18《བྷེ་རའི་ར་རྫོང》 19《བལ་བོའི་ལུག་རྫོང》 20《ད་རིའི་མཆོད་རྫོང》 21《རི་ནུབ་དར་རྫོང》 22《ཚ་བ་མདའ་རྫོང》 23《ཀི་ཀི་རའི་མདའ་རྫོང》 24《སྨུ་གུ་དྲེལ་རྫོང》 25《ཨར་གླིང་གསེར་རྫོང》 26《མངའ་རིའི་གསེར་རྫོང》 27《ཤར་འཕྲུ་ནག་པོའི་ཇ་རྫོང》 28《བྷེ་ཧྲའི་ལུག་རྫོང》 29《གནམ་ལྕགས་གོ་རྫོང》 30《ངང་རི་ཁྲབ་རྫོང》 31《ར་ཁྲ་དཔོན་གྱི་གཏེར་རྫོང》 32《མུ་སྟེགས་གཏེར་དཀར》 33《མུ་སྟེགས་གཏེར་ནག》 34《མུ་སྟེགས་གཏེར་དམར》 35《བྱ་སྲིན་མོའི་ཤ་རྫོང》 36《འདན་གླིང་གཡུལ་འགྱེད》 37《ཧ་རའི་མཛོ་རྫོང》 38《དགེ་ལྡན་ཆོས་རྫོང》 39《རྒྱ་ཚའི་ཁྲབ་རྫོང》 40《དམུ་ལའི་རྫོང》 41《ཕྱི་གླིང་ཟངས་རྫོང》 42《ཕྱི་གླིང་རྒྱལ་ཁབ་བཅོ་བརྒྱད》 43《ཕྱི་སོག་འཕུར་རྫས་རྫོང》 44《ཨ་སྟག་ཤ་རྫོང》 45《སྒ་སྡེ་མཆོང་རྫོང》 46《ཁ་ཆེ་གཡུ་རྫོང》 47《མེ་གླིང་གསེར་རྫོང》 48《ཁ་ཆེའི་ར་རྫོང》 49《མི་རའི་གཟི་རྫོང》 50《མཚོ་མི་ནུབ་དར་རྫོང》 51《ཏ་རི་དུང་དཀར་རྫོང》 52《ཨ་ཏྲའི་ལུག་རྫོང》 53《མེ་གླིང་ཁྲབ་རྫོང》 54《མེ་རི་ཐོག་རྫོང》(ཆེ)  55《མེ་རི་ཐོག་རྫོང》(ཆུང)  56《ཐོག་གླིང་གཡུལ་འགྱེད》 57《སོག་དབྱི་དགུ་ཚང་གི་ཁྱི་རྫོང》 58《ཕྱི་གླིང་ཞགས་རྫོང》 59《ལྷོ་མོས་སྤོས་ཤེལ་རྫོང》 60《ཁྲོ་ཐུང་ལྕགས་རྫོང》 61《སྤྱི་དཔོན་ཤེལ་རྫོང》 62《འདན་མའི་ནས་རྫོང》 63《སེང་སྟག་གྲི་རྫོང》 64《ཉི་འབུམ་ནས་རྫོང》 65《ཞང་ཞུང་མེ་ཏོག་རྫོང》 66《སྤོམ་ཁྲའི་ཆོས་རྫོང》 67《རྒྱ་ནག་ཇ་རྫོང》 68《རྒྱ་གར་ཆོས་རྫོང》 69《གངས་རི་ཤེལ་རྫོང》 70《སུམ་པའི་མཛོ་རྫོང》 71《མཐིང་རིའི་གཡུ་རྫོང》 72《ཀླུ་ཁྲིའི་རྟ་རྫོང》 73《མཐིང་གླིང་གཡུལ་འགྱེད》 74《གནམ་ཐེའུ་གཏེར་རྫོང》 75《མེ་མོ་ཤེལ་རྫོང》 76《རྟ་དམར་ནོར་རྫོང》 77《ཨ་བསེ་ཁྲབ་རྫོང》 78《ཨ་ཁྲའི་ལྕགས་རྫོང》 79《ཙག་རིའི་སྨྱུག་རྫོང》 80《ཚལ་དུང་དཀར་གཞུང་གི་ལུག་རྫོང》 81《པོ་ཏེའི་གསེར་རྫོང》 82《ས་མའི་མཐིལ་རྫོང》 83《འཇང་གླིང་གཡུལ་འགྱེད》 84《ཤན་འདན་སྟག་སེང་ཁ་སྤྲོད》 85《ཐོ་མེའི་གོ་རྫོང》 86《རྒྱ་ནག་གསེར་རྫོང》 87《སྟག་སྤྲེལ་ཤེལ་རྫོང》 88《ལྷ་ཁྲའི་བོང་རྫོང》 89《སྟག་རྒྱལ་འབྲོང་རྫོང》 90《ཁྱུང་གླིང་གཡུལ་འགྱེད》 91《ལྷོ་མོན་རོང་གི་བྲག་རྫོང》 92《ཨ་སྤེལ་ཡུལ་གྱི་འབྲས་རྫོང》 93《ཀོ་རོ་རོང་གི་ཕག་རྫོང》 94《སྨུག་གུ་དྲེལ་རྫོང》 95《ཁམས་གླིང་གཡུལ་འགྱེད》 96《ཏི་དཀར་གཡུ་ཡི་ནས་རྫོང》 97《རོང་པོའི་འབྲས་རྫོང》 98《ཞང་ཞུང་མུ་ཏིག་རྫོང》 99《གསེར་ལྷ་དཔོན་གྱི་གསེར་རྫོང》 100《མཚལ་དམར་ཙན་དན་རྫོང》 101《སྨར་ཁམས་ཆོས་རྫོང》 102《ལྷོ་ཤམ་བུའི་མཛོ་རྫོང》 103《འགོག་གླིང་གཡུལ་འགྱེད》 104《མི་ནག་དར་རྫོང》 105《འཛམ་གླིང་སྤྱི་བསང》 106《སྲིད་པ་གླིང་གི་ཆགས་ཚུལ》 107《བཀྲ་ཤིས་སྨོན་ལམ》 108《མི་ཉག་ཆོས་རྫོང》 109《ཕྱི་ཀློ་དྲེལ་རྫོང》 110《ཁྱུང་ཆེན་སྒྲོ་རྫོང》 111《སྟག་མོའི་གསེར་རྫོང》 112《གུང་པའི་མཆོད་རྫོང》 113《མི་ཉག་རྟ་རྫོང》 114《རྒྱ་གར་མེ་ཏོག་རྫོང》 115《བྱང་སྲིན་མོའི་གཡུ་རྫོང》 116《གཡུ་ཐོག་གཏེར་རྫོང》 117《མཆོང་ཁྲའི་འབྲུ་རྫོང》 118《ཀློ་བ་དཀར་པོ》 119《ཀློ་བ་ཁྲ་བོ》 120《ཀློ་བ་ནག་པོ》 121《ཁ་བལ་གཡུལ་འགྱེད》 122《ཁ་སྨུག་གཡུལ་འགྱེད》 123《ཁ་འགོག་གཡུལ་འགྱེད》 124《རྒྱ་ཧོར་གཡུལ་འགྱེད》 125《ཧོར་འཇང་གཡུལ་འགྱེད》 126《མེ་བྷེ་གཡུལ་འགྱེད》 127《ཧོར་སོག་གཡུལ་འགྱེད》 128《ཀླུ་ཁྲའི་མཚལ་རྫོང》 129《འབྲུག་གླིང》བཅས་ཡིན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-09

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།