སྟག་ཚཱང་ལོ་ཙཱ་བ་ཤེས་རབ་རིན་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྟག་ཚཱང་ལོ་ཙཱ་བ་ཤེས་རབ་རིན་ཆེན།
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཙང་སྟག་ཚང་གི་ལོ་ཙཱ་བ་སྒྲ་པ་ཤེས་རབ་རིན་ཆེན་ནམ་སྟག་ལོ་སྨྲ་བའི་ཉི་མ་ཞེས་བྱ་བ་མཁས་བཙུན་བཟང་གསུམ་འཆད་རྩོད་རྩོམ་གསུམ་གྱི་ཆ་ལ་གངས་ཅན་གྱི་མཁས་པ་ཀུན་གྱི་གཙུག་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་ཞིང་སྙན་པའི་གྲགས་དཀར་སྲིད་རྩེའི་གོང་བ་ལས་ཀྱང་ཆེས་ཆེར་བརྒལ་བ། མདོ་སྔགས་རིག་གནས་དང་བཅས་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ། བདུད་དང་ཕྱིར་རྒོལ་བ་གང་གིས་ཀྱང་འགྲན་པའི་རྔོ་མི་ཐོགས་པ་ལྷག་བཅས་འགྲོ་བ་ཀུན་གྱི་སྐྱབས་དང་དཔུང་གཉེན་གཅིག་པུར་གྱུར་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པར་བྱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
达仓译师喜热仁钦
འཁྲུངས་ཡུལ།
གཙང་གཡས་རུ་ལང་འགྲོ་ཁང་དམར།
མཚན་ཧྲིལ་བོ།
སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1404-1477)
ཡབ།
དོན་གྲུབ་རྒྱལ་པོ།
ཡུམ།
ལྷ་མོ་རྒྱལ།
1 འཁྲུངས་རབས།

དེ་ཡང་སྐུ་བལྟམས་པའི་ཡུལ་ནི་འཛམ་གླིང་ས་ཡི་ཐིག་ལེ་གངས་ཅན་བོད་ཆེན་པོའི་ལྗོངས་འདིར། ཆོས་དང་རིག་པའི་འབྱུང་གནས་དབུས་གཙང་ས་ཡི་ཆ་ལ་སྟོད་སྨད་གཉིས་སུ་ཕྱེ་བའི་སྟོད་གཙང་གི་ཕྱོགས། དེ་ལ་ཡང་གཡས་རུ་དང་གཡོན་རུ་གཉིས་སུ་ཕྱེ་བའི་གཙང་གཡས་རུ་ལང་འགྲོ་ཁང་དམར་ཞེས་པར། ཡུལ་གྱི་དགེ་བཅུ་ཚང་བའི་གནས་སུ། ཡབ་དོན་གྲུབ་རྒྱལ་པོ་དང་ཡུམ་ལྷ་མོ་རྒྱལ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཤིང་བྱ་ལོར་དགེ་ལེགས་ཀྱི་མཚན་མ་དང་བཅས་ཏེ་སྐུ་འཁྲུངས།

2 སློབ་གཉེར་མཛད་པ།

དགུང་ལོ་གསུམ་ནས་ལོ་ཆེན་ཆོས་ཀྱི་རྒྱལ་པོ་སྐྱབས་མཆོག་དཔལ་བཟང་པོའི་དྲུང་དུ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ཡང་དག་པ་མནོས། མཚན་དཀོན་མཆོག་སྐྱབས་ཞེས་གསོལ། དགུང་གྲངས་བདུན་ལ་ཕེབས་སྐབས་རིག་གནས་ཀུན་གྱི་ཕྱི་མོ་ཡི་གེ་འབྲི་ཀློག་བསླབས་པས་ཟླ་བ་གཅིག་གི་རིང་ལེགས་པར་མཁྱེན། དེ་མཚམས་སློབ་དཔོན་ཐག་རིང་དུ་འབྱོན་དགོས་པའི་རྐྱེན་བྱུང་ནས། ཡིག་ཕྲུག་བཅོ་ལྔའི་སྐོར་ཡོད་པ་གྱེས་པར་ཆས་པ་ན། སློབ་དཔོན་གྱིས་ཁོང་ལ་ཡིག་ཕྲུག་རྒན་པོ་རྣམས་ཀྱིས་འཁྲིད་གྲོགས་ཀྱིས་གསུངས་ནས་མ་གྱེས་པར་སོ་ནམ་རན་རན་དུ་བསྐྱངས་པས་ཀུན་གྱིས་ངོ་མཚར་དུ་འཛིན་པ་ལ་སོགས་སྐུ་ན་གཞོན་ནུ་ཉིད་ནས་མཁྱེན་རབ་ཀྱི་གྲགས་དཀར་ཕྱོགས་ཀུན་ཏུ་འབར། གཞན་ཡང་སྐུ་གཞོན་ནུ་ཉིད་ནས་ཚེ་སྔོན་གི་བག་ཆགས་བཟང་པོའི་མཁྱེན་བརྩེའི་ཀློང་རྡོལ་བའི་ཆོས་རྒྱལ་མ་ལྟ་བུའི་བསྟོད་པ་དང་སྨོན་ལམ་ཙམ་ནི་ལན་རེ་བྲིས་པས་བློ་ལ་ཟིན་ཞིང་། ལོ་རྒྱུས་འབྲིང་པོ་ཙམ་ནི་གདངས་མ་འདོན་པ་ཐོས་པ་ཙམ་གྱི་བློར་ཟིན་པ་སོགས་མཁྱེན་པ་དང་། རྒྱལ་སྲས་ཐོགས་མེད་ཀྱི་རྣམ་ཐར་བཀློགས་པས་དད་གུས་ཀྱི་མཆི་མ་འཁྲིགས་ནས་ཀློག་མཚམས་འཇོག་དགོས་པ་སོགས་དམ་པའི་རིགས་ཀྱི་མོས་གུས་གཏིང་ཚུགས་པ་དང་། བཟོད་དཀའི་སྡུག་བསྔལ་གྱི་མནར་བའི་མཐའ་མེད་འགྲོ་བ་རྣམས་ལ་སྙིང་རྗེ་དང་། ངེས་འབྱུང་གི་ཀུན་སློང་དྲག་པོས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཐུགས་འདུན་ཟབ་མོ་ཡོད་པར་གནས་སྐབས་མངོན་འགྱུར་མ་བྱུང་ཡང་།

གཞོན་ནུའི་དུས་ནས་ཀྱང་བཅོམ་ལྡན་གྲགས་པ་འཕེལ་དང་། རྒྱལ་སྟོན་རིན་པོ་ཆེ་སོགས་ཡོངས་འཛིན་བཅུ་ཕྲག་ལྷག་ལས་དབང་ལུང་དང་སྐྱབས་ཁྲིད་མང་དུ་ཞུས། དགུང་ལོ་བརྒྱད་ཙམ་ལ་ཐོབ་རྒྱལ་དུ་ཡིག་མཁན་ལ་འབོད་མི་བསྟུད་མར་བྱུང་བར་ལོ་བརྒྱད་ཀྱི་རིང་བཞུགས། དེའི་རིང་ལ་ཡང་འཇམ་དབྱངས་ཀྱིས་རང་གིས་དམ་བཅས་པའི་གཟུངས་རིང་སྟོང་ཕྲག་རེ་དང་། མཚན་བརྗོད་གང་འགྲུབ། སྒྲོལ་མ་དང་རྣམ་རྒྱལ་ཉི་ཤུ་རྩ་རེ་ཆགས་མེད་བྱས། རྩིས་དང་ཡི་གེ་རྡོ་དང་མཆོངས་ལ་སོགས་པ་ཕོ་རྩལ་སྣ་དགུ་སོགས་ཡོན་ཏན་དུ་མ་དང་ལྡན་པའི་མཐོང་ཐོས་ཀུན་གྱིས་སྙན་པ་སྒྲོག་པ་བྱུང་། དེ་དུས་ཙམ་ན་རིན་སྤུངས་ནང་སོ་ནོར་བཟང་སྐུ་མཆེད་ཀྱིས་ཕྱག་ཕྱིར་སྡོད་དགོས་ཞེས་ནན་གྱིས་གསུངས་ཤིང་། ཁྱད་པར་རིན་སྤུངས་ནང་སོ་དཔོན་གྱིས་གཞིས་དང་གཞི་བ་སྦྲགས་ནས་སྟེར་བ་སོགས་གནས་སྐབས་ཀྱི་ཕུན་ཚོགས་དུ་མ་མངོན་དུ་གྱུར་ཡང་།

བདག་ཉིད་ཆེན་པོ་འདིས་ནི་སྲིད་རྩེ་ནས་མནར་མེད་བར་གྱི་འཁོར་བའི་གནས་རིས་མཐའ་དག་མེ་མུར་འོབ་དང་། དུག་སྦྲུལ་གྱི་ཚང་ལྟར་མཐོང་བའི་ངེས་འབྱུང་རྣམ་པར་དག་པས་རྒྱུད་བསྐུལ་ནས་དགུང་ལོ་ཉི་ཤུ་པར་ཆོས་འཁོར་དུ་རབ་བྱུང་སྒྲུབ་པར་གསང་ཐབས་ཀྱི་ཕེབས། དེ་ཡི་ཉིན་མོ་ནས་འབྲོམ་སྟོན་རིན་པོ་ཆེའི་རྣམ་འཕྲུལ་མཁན་རིན་པོ་ཆེ་སེང་གེ་རྒྱལ་མཚན་དཔལ་བཟང་པོས་མཁན་པོ་མཛད། འུག་ཚང་རིན་པོ་ཆེ་ཚུལ་ཁྲིམས་དཔལ་བཟང་པོས་སློབ་དཔོན་མཛད། སློབ་དཔོན་རིན་པོ་ཆེ་གྲགས་བཟང་པས་དུས་གོ་བ་མཛད་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ལ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ།

དེ་ནས་ཞག་ཤས་མཚམས་གསུང་རབ་ཀུན་གྱི་མིག་གཅིག་པར་གྱུར་པའི་ཕར་ཕྱིན་གྱི་གཞུང་ལ་གསན་ཞིང་བུ་ཊིཀ་བློར་བཟུང་ལོ་ཆེན་གྱི་དུས་ཆེན་ཉིན་ཚིག་དོན་གྱི་ཆ་ལ་ལྷག་ཆད་དང་ནོར་འཁྲུལ་བྲལ་བའི་སྒོ་ནས་ལེགས་པར་བཤད་པས་གཟུར་གནས་བློ་ལྡན་ཀུན་གྱི་ཡིད་དབང་འཕྲོག་པས་དེ་དག་གི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། དེའི་ཕྱི་ལོ་སྟོན་ཀར་ལོ་ཆེན་གྱི་དུས་མཆོད་ཉིན་མཁས་མང་གི་དབུས་སུ་མདོ་རྩའི་གྲྭ་སྐོར་བྱས་པས་མཁན་རིན་པོ་ཆེ་ལེགས་པར་དགྱེས་ཏེ་བསྔགས་བརྗོད་དང་བཅས། ཁྱོད་ཀྱི་གྲྭ་སྐོར་པོ་ཏི་རེ་རེ་ལ། ངེད་ཀྱིས་གོས་སྣ་རེ་རེ་སྟེར་གསུང་ཞིང་དགྱེས་ཚོར་ཆེན་པོ་མཛད། དེ་ནས་ཆོས་རྗེ་བྱང་སེམས་ཆེན་པོའི་དྲུང་མངོན་པ་ཀུན་བཏུས་དང་། དེ་རྗེས་མཛོད་ཀྱི་བཤད་ཁྲིད་གསན། ཆོས་རྗེ་མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོ་ལས། ཕར་ཆད། འདུལ་བ། མངོན་པ་གོང་འོག  རྩ་འཇུག་བཞི་གསུམ། བྱམས་ཆོས་ཕྱི་མ་བཞི་རྣམས་ཀྱི་འགྲེལ་བ་དང་བཅས་པའི་བཤད་པ་གསན་ཞིང་། སློབ་གཉེར་དེ་དག་གི་རིང་ལ་ཡང་། རྒྱ་སྟོན་རིན་པོ་ཆེའི་དྲུང་དུ། ཀྱཻ་རྡོར། གཤེད་དམར། འཇིགས་བྱེད་སོགས་ཀྱི་དབང་བསྐུར་དང་། སློབ་དཔོན་རིན་པོ་ཆེའི་དྲུང་དུ། གསང་འདུས་འཕགས་ལུགས་ཀྱི་བསྐྱེད་རྫོགས་ཞུས་ཤིང་། གྲངས་བསྙེན་རྫོགས་པར་བསྐྱལ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པའི་དྲུང་དུ། གཞུང་ཁྲིད་དང་རྗེས་གནང་འགའ་ཞིག་གསན། གཞན་ཡང་སློབ་དཔོན་རིན་པོ་ཆེའི་དྲུང་དུ་གསང་འདུས་འཕགས་ལུགས་ཀྱི་བསྐྱེད་རྫོགས། རིམས་ལྔ་གསལ་སྒྲོན། སྤྱོད་བསྡུས། སྔགས་རིམ་སོགས་དགེ་ལྡན་པའི་གསང་འདུས་ཀྱི་ཡིག་ཆ་མཐའ་དག་གི་བཤད་པ་ཐོབ་པས་མཚོན་ཁ་འབབ་ཀྱི་ཀླུང་རྣམས་རྒྱ་མཚོ་བཞིན་དུ་རང་གཞན་གྱི་གྲུབ་མཐའ་མཐའ་དག་ཟབ་ཡངས་ཀྱི་ཐུགས་མཚོར་ཡོངས་སུ་གཏམས།

དེ་རྗེས་དབུས་སུ་ཕེབས་ལོ་གཉིས་ལྷག་བཞུགས་རིང་བསྟན་འཛིན་འགྲན་ཟླ་དང་བྲལ་བ་གསུམ་གཙུག་ཏུ་བསྟེན་ཞིང་དབུ་ཕར་སོགས་ཀྱི་གཞུང་ལ་གསན་བསམ་མཛད་པ་ལས། ཐོག་མ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱི་དྲུང་ནས། རྩ་འཇུག་སོགས་གཞུང་ལུགས་བཅུ་བཞི་ཙམ་གྱི་བཤད་ཁྲིད་གསན་ཞིང་། ཆོས་རྗེ་ཡོན་རྒྱམ་པ་ལས་ཀྱང་། ཕར་ཚད། རྩ་འཇུག  རྣམ་ངེས། རིགས་ཐིགས། མངོན་པ་མཛོད་རྣམས་ལ་ལེགས་པར་སྦྱང་། དེ་རྗེས་རོང་སྟོན་ཆེན་པོ་ཤཱཀྱ་རྒྱལ་མཚན་གྱི་དྲུང་འབུམ་ཊཱིཀ་དང་། མེ་ཏོག་ཕྲེང་རྒྱུད་ཀྱི་ཊཱཀྐའི་སྟོད་དང་། མི་གཡོ་བ་དཀར་པོའི་རྗེས་གནང་སོགས་གསན་ཞིང་། གསང་ཕུར་དཀའ་ཆེན་བཞི་སོགས་གཞུང་ཉེར་གཉིས་ཙམ་གྱི་མཁས་མང་རྒྱ་མཚོའི་དབུས་སུ་གྲྭ་སྐོར་བྱས་པས། མདོ་སྔགས་རིག་གནས་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་ཆེན་པོ་ཀུན་གྱི་སྤོབས་པ་བསྙིལ་ཞིང་དབུས་གཙང་གི་སྟོན་གྲགས་ཡོངས་ཀྱིས་ངོ་མཚར་བའི་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱ་གཏོར། དེ་དག་གི་རིང་རོང་སྟོན་ཆེན་པོས་གྲྭ་སྐོར་གྱི་སྟོན་མཐོང་དགྱེས་བཞིན་དུ་གནང་བ་དང་། བསྟན་པའི་ཁུར་བསྐུར། ཤིན་ཏུ་དགྱེས་པར་མཛད་དོ། །དེ་རྗེས་གཙང་དུ་ཕེབས་བྱང་གླིང་གི་འཆད་ཉན་བྱས། དེའི་རིང་ལའང་ཆོས་རྗེ་བྱང་སེམས་ཆེན་པོའི་དྲུང་དུ། ས་སྡེ་ལྔའི་ལུང་། བསླབ་བཏུས་སྒྲོན་གསལ། ཉེར་མཁོའི་རྒྱུད་མང་པོའི་ལུང་། དུས་འཁོར་རྩ་འགྲེལ། སྦྱོར་དྲུག ལམ་འབྲས། བདེ་མཆོག་གི་ཁྲིད། ཉམས་ལེན་གྱི་གནད་དང་། ཞལ་ཤེས་ཁྱད་པར་རྣམས་ཀྱང་མཚན་མོའི་ཆ་ལའང་གཉིད་བཅག་ནས་ཞུས། ཞ་ལུར་གྲུབ་པའི་དབང་ཕྱུག་རིན་ཆེན་བསོད་ནམས་འཕེལ་ལས། དུས་འཁོར་གྱི་བཤད་པ་སོགས་ཆོས་སྐོར་མང་དུ་གསན། ཤབ་དཔལ་སྡིངས་སུ། སེམས་དཔའ་ཆེན་པོ་སྐད་གཉིས་པ་ཐུགས་རྗེ་དཔལ་བཟང་པོའི་དྲུང་ནས་ཀ་ལཱ་པ་སོགས་སྒྲ་ཡི་བཤད་པ་གསན། དེ་ཡི་ཕྱི་ལོ་ཆོས་འཁོར་དུ་ཆོས་རྗེ་སྙན་ངག་དང་སྡེབ་སྦྱོར་མངོན་བརྗོད་སོགས་ཐུན་མོང་གི་རིག་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་པར་མཛད། ཤབ་སྨད་བཀྲ་ཤིས་གླིང་དུ། འཁོན་གྱི་གདུང་བརྒྱུད་རིན་པོ་ཆེ། བདག་པོ་གྲགས་པ་བློ་གྲོས་པའི་དྲུང་དུ་ཆོས་སྐྱོང་ཆེ་ཆུང་གི་རྗེས་གནང་དང་། ལས་ཚོགས་ཀྱི་ལུང་དང་བཅས་པ། ཤིན་ཏུ་རྒྱས་པ་ཚང་ལ་རྫོགས་པ་ཐོབ། རྒྱལ་རྩེར་བོ་དོང་ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བར་མཇལ། གཟིམ་ཁང་དུ་དེ་ཉིད་འདུས་པའི་དོན་བསྡུས་ནས་ཐུགས་ལས་དང་། ཁྲོམས་ཆོས་སུ་སྤྱོད་འཇུག་གསུངས། གཞན་ཡང་དམ་པ་དེའི་མདུན། དུས་འཁོར་དང་ཀྱེ་རྡོར་སོགས་དཀྱིལ་འཁོར་དགུ་བཅུ་ལྷག་ཙམ་གྱི་དབང་བསྐུར་བའི་ཆོ་ག་རྒྱུད་རང་རང་གི་ཐོབ་ཐང་གང་ཡིན་ཆད་ལྷག་ནོར་གསུམ་དང་བྲལ་བར་ལེགས་པར་ཐོབ། རྗེ་བྱང་སེམས་པའི་དྲུང་ནས་དཔལ་ལྡན་ས་སྐྱའི་ཕ་ཆོས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་དང་། དུས་ཀྱི་འཁོར་ལོ་ལ་སོགས་པའི་ཆོས་མང་པོ་གསན། གཞན་ཡང་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་བའི་ཞལ་སློབ། འཇམ་དབྱངས་ཀུན་དགའ་ཆོས་བཟང་དང་། ཞྭ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ། ལོ་ཆེན་ཐུགས་རྗེ་དཔལ་བཟང་སོགས་ཚེ་འདིར་མཁས་གྲུབ་ཀྱི་ཡོངས་འཛིན་ཉེར་བདུན་ཙམ་ལེགས་པར་བསྟེན་ནས་ཐུན་མོང་གི་རིག་གནས་བཟོ་དང་གསོ་བ་རིག་པ་ནས་གསང་སྔགས་བླ་མེད་ཀྱི་བར་གྱི་མདོ་སྔགས་རིག་གནས་རྒྱ་མཚོའི་མངའ་བདག་གཅིག་པུ་རུ་གྱུར་ཞིང་། ནང་དུ་ཐོས་དོན་ཉམས་སུ་བཞེས་པའི་ཏིང་ངེ་འཛིན་ལ་ཉམས་ལེན་གཙོ་བོ་མཛད་པའི་ཉམས་རྟོགས་གྲུབ་པའི་ཡོན་ཏན་ཀྱང་ཕུལ་དུ་བྱུང་བར་བརྙེས།

3 འཆད་རྩོམ་གྱི་མཛད་འཕྲིན་སྤེལ་བ།

གཞན་ལ་འཆད་པ་ཡང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཅིག་དང་། བསྟན་བཅོས་ནི་རང་གི་རྣམ་བཤད་བྱས་པ་རྣམས་ཚར་རེ་མ་བཤད་པ་མེད་ཅིང་། ཁྱད་པར་དཀའ་ཆེན་བཞི་དང་མཛོད་རྩ་འཇུག་བྱམས་ཆོས་སོགས་ཚར་འགའ་རེ་དང་། ཡང་དགོས་འདུལ་བ་དང་སྒྲ་དང་དུས་འཁོར་ནི་ཤིན་ཏུ་མང་པོ་དང་། གཞན་ཡང་འོད་ལྡན་རྩ་འགྲེལ། མངོན་པ་ཕྲན་མང་པོ་ཚད་མ་སྡེ་བདུན། ཇོ་བོ་ཆེན་པོའི་ཆོས་ཆུང་བརྒྱ་རྩ། གསུང་ངག་རིན་པོ་ཆེ་ལམ་འབྲས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་རབ་འབྱམས་ཀྱི་ཚོགས་དཔག་ཏུ་མེད་པ་གཞན་ལ་འདོམས་པར་མཛད་ཅིང་། སྤྱི་སྒོས་ཀྱི་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པའི་བསྟན་བཅོས་མཛད་པའང་ཀུན་ཤེས་བཞི་སོགས་རང་དབང་དུ་བརྩམས་པ་དང་། གསོལ་འདེབས་དང་། རྣམ་ཐར། བསྟོད་ཚོགས་དང་རྟོགས་བརྗོད། སྡེབ་སྦྱོར་གྱི་སྐོར་ཆོས་ཚན་བརྒྱ་རྩ་ཙམ་དང་། བསྟན་པའི་རྩ་བ་ལེགས་གསུང་འདུལ་བའི་སྐོར་ལ། མདོ་རྩའི་ཊཱིཀ་ཆེན་དང་། རྩིས་ཚིགས་བཅད་མ་སོགས། བསྟན་པའི་གཞུང་ཤིང་སྒྲ་དང་ཚད་མ་ལ། ཀ་ལཱ་པའི་ཊཱིཀ་ཆེན། ཙཎྚ་པའི་ཊཱིཀ་ཆུང་བ་སོགས་སྒྲ་དང་། རྣམ་འགྲེལ་ཊཱིཀ་ཆེན་དང་། རིག་གཏེར་ཊཱིཀྐ་སོགས་ཚད་མའི་སྐོར་དང་། བསྟན་པའི་སྙིང་པོ་མདོ་སྡེ་དང་མངོན་པ་ལས། མདོ་སྡེའི་ཕར་ཕྱིན་ཊཱིཀྐ་སོགས་དང་། མངོན་པ་ལ་ཐ་སྙད་པའི་མངོན་པ་ལ། མཛོད་ཀྱི་ཊཱིཀ་ཆེན། ཀུན་བཏུས་ཊཱིཀྐ་སོགས། དོན་དམ་པའི་མངོན་པ་ལ། རྩ་འཇུག་བཞི་གསུམ། མདོ་ཀུན་ལས་བཏུས་པ། རྟོག་གེ་འབར་བ་སོགས་ཀྱི་རྣམ་བཤད་དང་། མདོ་སྔགས་སྤྱིའི་ཉམས་ལེན་སྡོམ་པ་གསུམ་པོའི་རྣམ་བཞག་སོགས་དང་། བསྟན་པའི་གཙོ་བོ་རྡོ་རྗེ་ཐེག་པ་ལ། བྱ་རྒྱུད། སྤྱོད་རྒྱུད། རྣ་ལ་འབྱོར་རྒྱུད་དང་། བསྟན་པའི་ཡང་རྩེ་རྣལ་འབྱོར་བླ་མེད་ལ་ཕ་རྒྱུད་མ་རྒྱུད། གཉིས་མེད་སོགས་ཀྱི་སྐོར་ལ་ཊཱིཀྐ་དང་མངོན་དཀྱིལ་མང་པོ་ཞིག་དང་། བསྟན་པའི་མཐར་ཐུག་དུས་ཀྱི་འཁོར་ལོའི་སྐོར་ལ་སྤྱི་དོན་ཆེན་མོ་བསྟན་པའི་རྒྱ་མཚོ་དང་རོལ་མཚོ་བདུན་སོགས་རྗེ་རང་གི་དངོས་སློབ་འཇམ་དབྱངས་ཆོས་ཀྱི་དཔལ་འབྱོར་གྱིས་ཕྱོགས་གཅིག་ཏུ་སྡེབས་པ་པོད་ཆེན་བཅུ་གསུམ་ཙམ་ཡོད་པར་གསུངས། ཁྱད་པར་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོར་གྱུར་པས། སྡེབ་སྦྱོར་རིན་འབྱུང་སོགས་གསར་དུ་སྒྱུར་བ་དང་། ཞལ་ལུང་གྲོལ་ཐིག  སྒྲུབ་ཐབས་ཀུན་བཟང་གི་རྣམ་བཤད་སོགས་དང་། གསང་འདུས་དཀྱིལ་ཆོག་ལོ་ཆེན་དང་སྨྲི་ཏིའི་འགྱུར་ལ་འགྱུར་བཅོས་དང་། བརྒྱད་སྟོང་པ་ལནྫའི་གསེར་བྲིས་རྗེ་རང་གིས་མཛད་པ་ལ། བོད་སྐད་དངུལ་གྱི་བྲིས་པའི་བརྡ་ཁྱད་འཕགས་ཅན་སོགས་སྐད་གཉིས་ཀྱི་བྱ་བ་ཡང་མང་པོ་མཛད།

བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་བཙུགས་པ་ཡང་འཁོན་གྱི་གདུང་བརྒྱུད་བདག་པོ་ནམ་མཁའ་ལེགས་ཀྱིས་བསྐུལ་བ་ལྟར་རྩེ་གདོང་རིན་ཆེན་སྒང་གི་དགོན་པ་ཕྱག་བཏབ་ཅིང་གུར་བརྟག་སཾ་བྷུ་ཊི་སོགས་ཀྱི་འཆད་ཉན་ལེགས་པར་ཚུགས། གསེར་གླིང་གི་དགོན་པ་བཏབ་ལོ་དེར་དགེ་འདུན་བརྒྱད་ཅུ་སྐོར་གྱི་འདུ་ཚོགས་དང་བསླབ་ཁྲིམས་དགེ་འདུན་གྱི་བཅའ་སྒྲིག་སོགས་ལེགས་པར་ཚུགས། ཡར་འབྲོག་ཁྲི་དཔོན་རྒྱལ་བུ་ལྷུན་གྲུབ་ཀྱིས་གསོལ་བ་བཏབ་པར་བརྟེན། ཤིང་ལུག་ལོར་ཐར་གླིང་ཆོས་སྡེ་ཆེན་པོའི་འགྲམ་བཏིང་ལོ་གཉིས་ཙམ་གྱི་གྲུབ་དགེ་འདུན་ཉིས་བརྒྱ་སྐོར་གྱི་འདུ་ཚོགས་ཚུགས་འཆད་ཉན་གྱི་རྒྱུན་བཙུགས། ཆོས་འཁོར་གྱི་གདན་ས་ཡུན་རིང་མཛད་པས་ཆོས་འཁོར་པ་ཞེས་གྲགས་པ་བྱུང་། གཞན་ཡང་ས་སྐྱ་པ་ཆེན་པོ་ནམ་མཁའ་བཀྲ་ཤིས་རྒྱལ་མཚན་གྱིས་བླ་མར་བསྟེན་ནས། ཆོས་གྲྭ་ཆེན་པོ་དཔལ་ལྡན་ས་སྐྱ་སོགས་ལའང་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པར་བསྐོར། གཞན་ཡང་ཐུགས་སྲས་རྣམས་ཀྱི་ཐུ་བོ་བྲག་ནག་མཁས་གྲུབ་ནམ་མཁའ་རྒྱལ་མཚན་ལ་བཀའ་བསྒོས་ནས་བྲག་ནག་ཏུ་དུས་འཁོར་དང་གསང་འདུས་སོགས་རྒྱུད་འབྲེལ་གྱི་བཤད་ཐབས་གཏིང་ཚུགས་པར་མཛད།

མདོར་ན་སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་རྒྱ་ཆེར་སྤེལ་ནས། ཕན་བདེ་མ་ལུས་པ་འབྱུང་བའི་གནས་གཅིག་པུར་གྱུར་པ་རྒྱལ་བསྟན་རིན་པོ་ཆེ་ལ་ཐུགས་གཟུ་བོར་གནས་ནས་བྱི་དོར་རྣམ་དག་མཛད་ཅིང་། ཐུགས་སྲས་ཞལ་སློབ་ཀྱི་ཚོགས་དཔག་མེད་ཅིག་བཞུགས་པ་ལས། དཔལ་ས་སྐྱའི་བདག་ཆེན་ནམ་མཁའ་བཀྲ་ཤིས་རྒྱལ་མཚན་དང་། ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ། བྲག་ནག་མཁས་གྲུབ་ནམ་མཁའ་རྒྱལ་མཚན། སེ་ར་བ་བློ་གྲོས་སེང་གེ། རྟ་ནག་པ་ནོར་བཟང་རྒྱ་མཚོ། རྗེ་རང་གི་གདན་ས་པ་འཇམ་དབྱངས་ཆོས་ཀྱི་དཔལ་འབྱོར། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་སོགས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་ཅིང་། མཐར་དགུང་གྲངས་དོན་གསུམ་པ་སྟེ་མེ་བྱ་ཕྱི་ལོ1477ལོའི་ཟླ་བཅུ་བའི་ཚེས་ཉི་ཤུའི་སྔ་དྲོར་ཞི་བར་གཤེགས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-22

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།