རམ་བུ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རམ་བུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(གསོ་རིག )

རམ་བུ།
ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན། རྩ་སྡོང་མཐུག་པ། ཕྱི་ཤུན་མདོག་ནག་པ། ནང་དམར་སྨུག་ཡིན། རྟིང་སྐྱེ་ལོ་མ་འཇོང་ཟླུམ་རིང་བོའི་དབྱིབས་སམ་མཐའ་ཆེའི་རལ་གྲིའི་དབྱིབས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
珠芽蓼
ལ་ཏིང་གི་སྐད།
Polygonum viviparum L
མིང་གཞན།
རམ་དམར། རམ་པ། རམ་ཆེན། ཆག་རམ།
སྒོ།
སོན་བཏུམས་རྩི་ཤིང་སྒོ།
སྐོར།
ལོ་མ་ཟུང་ལྡན་གྱི་རྩི་ཤིང་སྐོར།
སྡེ།
ཆུ་རྩི་སྡེ།
ཚན།
ཆུ་རྩི་ཚན།
ཁོངས།
ཆུ་རྩི་ཁོངས།
རིགས།
རམ་བུ།
ཁྱབ་ཡུལ།
ཀྲུང་གོ་དང་ཁྲའོ་ཞན། ལྗར་པན ཕྱི་སོག རྒྱ་གར། ཨོའུ་གླིང་དང་མེ་གླིང་བྱང་མར་ཡང་ཁྱབ་ཡོད།
1 ​ངོ་སྤྲོད།

ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན།  རྩ་སྡོང་མཐུག་པ།  ཕྱི་ཤུན་མདོག་ནག་པ།  ནང་དམར་སྨུག   རྟིང་སྐྱེ་ལོ་མ་་འཇོང་ཟླུམ་རིང་བོའི་དབྱིབས་སམ་མཐའ་ཆེའི་རལ་གྲིའི་དབྱིབས་ཡིན། ལོ་མའི་མཐར་གཉེར་རིས་ཕྲ་མོ་ཡོད་པ་དང་མཐའ་ཅུང་ཕྱིར་བརྫེས་པ།  གཞི་རྩ་ཟླུམ་དབྱིབས་སམ་སྙིང་དབྱིབས་ཡིན།  སྡོང་བུར་སྐྱེ་བའི་ལོ་མར་ངར་བ་མེད་ལ།  གཞུང་རྟ་བཏུམས་པ།  སྙེ་དབྱིབས་མེ་ཏོག་ཆུན་པོ་སྡོང་རྩེར་ཆགས།  སྟོད་ཆར་མེ་ཏོག་ཆུང་ཆུང་སྐྱེ།  དཀྱིལ་དང་སྟོད་དུ་རམ་བུ་སྐྱེས།  མེ་ཏོག་ཆུང་ལ་མདོག་དཀར་པོའམ་དམར་པོ་ཡིན།  རམ་བུའི་མདོག་ཁམ་སྨུག་དང་དབྱིབས་སྒོང་གཟུགས་ཡིན།  དང་ཐོག་སྡོང་ལས་སྐྱེ་འཕེལ་བྱེད་པ་དང་།  རམ་བུ་འཐོར་རྗེས་སྡོང་མྱུག་གསར་བ་སྐྱེ་བའོ།།

2 སྐྱེ་གནས།  

ཀྲུང་གོ་དང་ཁྲའོ་ཞན། ལྗར་པན ཕྱི་སོག རྒྱ་གར། ཨོའུ་གླིང་དང་མེ་གླིང་བྱང་མར་ཡང་ཁྱབ་ཡོད། མཚོ་ངོས་མཐོ་ཚད་སྨི1200-5100བར་གྱི་བཞའ་ཚན་ཆེ་བའི་སྤང་དང་ཆུ་འགྲམ།  ནགས་མཐའ།  རྩྭ་ལྡུམ་གྱི་གསེབ་ན་སྐྱེ།

3 འཐུ་བསྡུ་ལས་སྣོན།  

སྐམ་གསེད་བྱེད་དགོས། 

4 རོ་ནུས། 

རོ་ནི་ཁ་ཞིང་བསྐ་ལ་རང་བཞིན་བསིལ།  ནུས་པས་ཚད་པ་དང་དུག་སེལ།   ཁྲག་གཅོད།  འགགས་འཁྱིལ་བཤིག 

5 གཙོ་བཅོས།  

གྲེ་བའི་གཉན་ཚད།  ཕོ་རྒྱུའི་གཉན་ཚད།  འཁྲུ་ནད།  གྲང་དཀར་དུས་མིན་དུ་འཛག་པ།  ཁྲག་གཅིན་འདོན་པ།  ཕྱི་བྱུགས་ཀྱིས་བརྡབས་ཆག་རྨས་སྐྱོན།  གཉན་འབྲས་སྐྲངས་དུག   ཕྱི་རྨས་ཁྲག་ཐོན་པ་སོགས་གསོ་བཅོས་བྱེད།  བོད་ལུགས་སྨན་པས་ཕོ་ནད་དང་གློ་ནད། མོ་ནད་བཅས་གསོ་བར་གཏོང་།  རམ་འབྲས་ཀྱིས་ཡུན་རིང་འཁྲུ་བག་གསོ་བ་ཡིན་ནོ།།

6 གཏོང་ཚད།  

ཁེ་གསུམ་ནས་དགུ་བར་ཡིན།

7 ནད་ཐོག་སྨན་སྦྱོར། 

1.རམ་བུ་ཁེ་དྲུག་ཅུ། ཡུ་པས་ལིས་སྐོང་ཁེ150  པྲི་ཡང་ཀུ་ཁེ80   ཁུར་མོང་ཁེ100གདུས་ནས་བསྟེན་ན་གློ་བུར་གྱིས་རྣ་རྩ་ཕུས་འདེབས་དང་ནུ་ཚད་གསོ། 

2.རམ་བུ་ཁེ40   ལྕུམ་རྩ་ཁེ100ཞིབ་བཏགས་ཕྱེ་མ་ཚུའུ་ཡིས་གཡོས་པ་ཕྱིར་བྱུག་ན་རྨ་ཡི་གཉན་ཁ་རྒྱས་པར་ཕན། 

3.རམ་བུ་ཁེ30    བཙོད།  བོང་དཀར།  སྔོ་དུག་མོ་ཉུང་།   བ་ལེ་ཀ་དང་བཅས་ཆ་མཉམ་གདུས་པའི་ཁུ་བས་ཕོ་བའི་ཚད་པ་དང་རྒྱུ་ཚད་སེལ་བ། སྨན་དུ་བཀོལ་བ་གཅིག་མཐུན་པའི་སྐྱེ་དངོས་གླ་སྒང་།  ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན།  མཐོ་ཚད་ལ་ལི་སྨི15ནས40བར་ཡོད།  རྩ་བ་སྦོམ་ལ་ཤའི་རྒྱུ།  གཞུང་རྟ་ཕྲ་བ།  ཚིགས་མཚམས་རིང་བ།  གཞི་རྩའི་ལོ་མ་མང་།  ངར་བ་ལེབ་ཅིང་སྙོམས།  ལོ་ལྷེབ་ལྕེའི་གཟུགས་རལ་གྲིའི་དབྱིབས།  སྡོང་བུར་སྐྱེ་བའི་ལོ་མ་ཉུང་།  ངར་པ་མེད་པའམ་ཐུང་བ་ཡིན།  སྙེ་དབྱིབས་མེ་ཏོག་ཆུན་པོ་སྡོང་རྩེར་ཆགས།  མགོའི་དབྱིབས་སམ་སྒོང་ཟླུམ་དབྱིབས་མངོན་པར་ཤར།  མེ་ཏོག་ཆུང་ལ་མདོག་ལི་ཝང་ངམ་དཀར་པོ་ཡིན།  སྐམ་འབྲས་ལ་གཟེ་ཟུར་གསུམ་ཡོད།  མཚོ་ངོས་མཐོ་ཚད་སྨི3500ཡན་གྱི་རི་མཐོའི་སྤང་ཁ་དང་སྡོང་ཕྲན་ཁྲོད་དུ་སྐྱེ།  ཞིང་ཆེན་ཡོངས་ནས་ཐོན།  ཡུལ་ཤུལ་དང་མགོ་ལོག་ན་ལྷག་ཏུ་མང་།  བཀོལ་ཚད་རམ་བུ་དང་གཅིག་འདྲ་ཡིན།  བོད་ལུགས་སྨན་པས་རྩ་བ་ཕོ་ནད་དང་།  འཇུ་སྟོབས་ཞན་པ།  འཁྲུ་བ།  ཚ་བ་རྒྱས་པ་དང་ཁོག་པ་བཤལ་བ་བཅས་གསོ་བར་གཏོང་བ་ཡིན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-10

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།