ལྷ་རྗེ་ཀུན་དགའ་ཉི་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གླིང་ལྷ་རྗེ་ཀུན་དགའ་ཉི་མ་ནི་གླིང་དཀར་སྤྱི་ལ་དབང་བའི་མི་སྣ་གལ་ཆེན་དང་གླིང་གེ་སར་རྒྱལ་པོའི་ཐུགས་གཙིགས་གནང་བའི་བླ་སྨན་ཚེ་ཡི་རིག་བྱེད་པ་ཆེན་པོ་ཞིག་སྟེ། ཁོང་གི་རུས་རྒྱུད་ནི་འོད་གསལ་ལྷ་ནས་བྱུང་བའི་བི་ཇིའི་རིགས་ལས་མཆེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
更嘎尼玛
འབྱུང་ཁུངས།
གླིང་གེ་སར་རྒྱལ་པོའི་སྒྲུང་།
རུས་རྒྱུད།
བི་ཇིའམ་བི་བྱི།
ལས་རིགས།
གླིང་གེ་སར་རྒྱལ་པོའི་བླ་སྨན།
1 བི་ཇིའི་རུས་རྒྱུད་ངོས་འཛིན་ཚུལ།

དེ་ཡང་བི་ཇི་ཞེས་པའི་རུས་ལ་བི་བྱི་ཞེས་ཡི་གེ་མི་འདྲ་ཡང་དོན་གཅིག་ཡིན་ཚུལ་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་མཛད་པའི《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་་གྱི་རྣམ་ཐར་ཕྱོགས་བསྒྲིགས》ཞེས་པར་གསལ། བི་ཞེས་པ་ལེགས་སྦྱར་གྱི་སྐད་དོད་དུ་རྒྱལ་ཚབ་བམ་རྒྱལ་ཕྲན་དུ་འཇུག་ལ། ཇི་ཞེས་པ་གནའ་བོའི་བརྡ་རྙིང་སྟེ་བོད་ཀྱི་རུས་ཆེན་སྡེ་ལྔ་ལ་ཇི་མེ། ཀུང་ས། ཤངས་ལྕགས། འུ་ཆུ། སྐག་ཤིང་ཞེས་འབྱུང་ཁམས་ལྔ་དང་སྦྱར་བ་དོན་དུ་སྒ་ཤིང་ཁམས། སྒོ་མེ་ཁམས། ལྡོང་ས་ཁམས། སྦྲ་ལྕགས་ཁམས། འབྲུ་ཆུ་ཁམས་རྣམས་སོ། །

དེས་ན་ཇི་མེ་ནི་སྒོ་མེ་ཁམས་པ་སྟེ། ལྷ་རིགས་སྒོའམ་རྒོ་ཞེས་བོད་མིའུ་གདུང་དྲུག་སྐབས་ཞང་བོ་ལྷ་རིགས་རྒོ་ཞེས་པ་ལྷ་མི་བར་གྱི་རྨུ་ཐག་ལས་བབས་པའི་འོད་གསལ་ལྷའི་གདུང་རྒྱུད་ཡིན་ཏེ། བོད་རུས་རྒྱུད་རིག་པའི་ཞིབ་འཇུག་པ་གྱི་ལུང་ཐུགས་མཆོག་རྡོ་རྗེས་མཛད་པའི《བོད་མིའུ་གདུང་དྲུག་གི་རུས་མཛོད་པདྨ་དཀར་བོའི་སྐྱེད་ཚལ》ལས། སྒོ་ལྷའི་རིགས་ནི་ལྷ་མིའི་བར་གྱི་དམུ་ཐག་ལ་ལྷའི་བུ་དམུ་ཐག་ལས་བབས་ནས་དེའི་མི་རྒྱུད་རིམ་པར་བྱུང་བ། ཞེས་དང་། དིའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི《གསོ་རིག་ཆོས་འབྱུང་རྣམ་ཐར་རྒྱ་མཚོའི་རྦ་རླབས་དྲང་སྲོང་དགྱེས་པའི་འཛུམ་ཟེར》ལས། བི་ཇིའི་གདུང་རྒྱུད་ནི་ལྷའི་བུ་པྲ་དེ་ཝ་ཞེས་པ་བྲམ་ཟེ་སུ་ཁ་པ་ལའི་བུ་སྐལ་དུ་ནམ་མཁའ་ནས་བབས་པའི་གདུང་རྒྱུད་རྣམས་རྒྱ་གར་དང་། བྷེ་ཏའི་ཡུལ། སྟག་གཟིག་གི་ཡུལ་རྣམས་སུ་གསོ་རིག་དང་དྲག་སྔགས་ཀྱིས་འགྲོ་དོན་མཛད་པ་དང་། བི་ཇི་ག་ལེ་ནོས་ཀྱིས་བོད་རྒྱལ་སྲོང་བཙན་གྱི་བླ་སྨན་མཛད་པ། བི་ཇི་རི་ཥི་སྐྱིས་ཀྱིས་ལྗང་ཚ་ལྷ་དབོན་གྱི་བླ་སྨན་མཛད། བི་ཇི་ལེགས་ལྡན་མགོན་པོ་ཡབ་སྲས་ཀྱིས་སློབ་དཔོན་པདྨའི་དྲུང་དུ་རྡོ་རྗེ་ཕུར་བའི་དབང་སོགས་ཆོས་དུ་མ་དང་བཻ་རོ་ཙ་ན་དང་མཐའ་བཞིའི་སྨན་པ་རྣམས་ལས་གསོ་རིག་མཐར་ཕྱིན་པར་སྦྱང་ནས་བོད་སྨན་མཁས་པ་མི་དགུའི་གཙོ་བོར་གྱུར་ཞིང་གསོ་རིག་དང་དྲང་སྔགས་ཀྱིས་འགྲོ་དོན་མཛད་ཚུལ་རྒྱས་པར་འཁོད་ཡོད།

2 བི་ཇིའི་གདུང་རྒྱུད་མདོ་སྨད་དུ་མཆེད་ཚུལ།

དིའུ་དམར་ཆོས་འབྱུང་དུ་འཁོད་པ་ལྟར་ན། མངའ་བདག་ཁྲི་སྲོང་གི་དུས་སུ་རྒྱ་ནག་དང་བོད་ཀྱི་ལམ་བར་རྨ་ཡུལ་རཀྴ་སྲིན་ཚ་ནག་པོ་ཟེར་བ་སྔར་ཁྲོམ་གྱི་རྒྱལ་པོའི་རིགས་ལས་ཆད་པའི་ཨར་ཚོ་ཇག་རྒོད་ཀྱིས་ལམ་བཅད་ནས་བོད་ཀྱི་བློན་ཆེན་བྷ་ལིས་གཙོས་པའི་བྱ་མ་རྟ་ཉི་ཤུ་བཟུང་སྟེ་མ་བཏང་། བྱ་མ་རྟ་རྣམས་ལ་བོད་ཀྱི་ལོ་རྒྱུས་དྲིས་པས་བོད་ན་རྒྱལ་བསྟན་དང་རིག་གནས་དར་ཚུལ་བཤད་པས་ཁོ་ཡིད་འཕྲོག་སྟེ་བྱ་མ་རྟ་གསུམ་ཡི་གེ་དང་བཅས་མངའ་བདག་གི་མདུན་དུ་བཏང་། བོད་ཀྱི་རིག་གནས་ཀུན་དང་ཁྱད་པར་གསོ་རིག་ལ་མཁས་པ་ཞིག་ང་ཡི་མཆོད་གནས་གཏོང་ན་བྱ་མ་རྟ་རྣམས་གཏོང་ཞིང་ཕྱིན་ཆད་གེགས་མི་བྱེད་མཐུན་པའི་གྲོགས་བྱེད། ཟེར་བ་ལ། མངའ་བདག་གིས་འཁྲུགས་རྩོད་མི་དགོས་ཤིང་འགྲོ་ཕན་ཆེ་བར་དགོངས་ནས་བི་ཇིའི་སྔགས་ནག་མདོ་སྨད་དུ་བཏང་བས་བོད་ཀྱི་བྱ་མ་རྟ་ལ་བྱ་དགའ་དང་བཅས་བོད་དུ་བཏང་། རྨ་རྒྱལ་གྱིས་རྟ་པ་བུད་མེད་མཐོང་ས་མེད་པར་ཆོ་འཕྲུལ་ཆེ་བ་ལ། སྔགས་ནག་བུད་མེད་ཀྱི་ཆས་སུ་ཞུགས་ནས་རྨ་རྒྱལ་སྦོམ་རའི་མགུལ་དུ་རྟ་རྒྱུགས་མཛད། རྨ་རྒྱལ་གྱིས་ཐོག་ཕབས་པ་མཛུབ་མོ་ལ་དྲིས་ཤིང་མདུད་པ་མཛད། རྨ་རྒྱལ་སྦོམ་རའི་མགོར་སྒྲུབ་ཁང་བརྩིགས་ནས་སྒྲུབ་པ་མཛད། དམ་ལ་བཏགས། སྲིན་ཚའི་བུ་མོ་རྒྱལ་མོ་སྐྱིད་སྔགས་ནག་ལ་ཕུལ་ཏེ་སྲས་སྟོན་པ་དབུ་ཞལ་དཀར་འཁྲུངས། འདིའི་སྔགས་སྨན་གྱི་ཆོས་རྒྱུད་དང་དཔོན་རྒྱུད་བར་མ་ཆད་པར་ད་ལྟའང་སྨར་ཁམས་ཕྱོགས་སུ་ཡོད་པར་གྲགས་པའོ། །ཞེས་དང་། ཡང་གྱི་ལུང་རུས་མཛོད་དུ། གོང་གི་འཕྲོར། མི་དེ་འཇང་ཡུལ་ཆུ་སྟོད་དུ་སོང་བ་དང་། སྒྲོལ་མ་ལྗང་གུའི་གནས་མཇལ་བྱས་པས་དེའི་ལྷ་ངོ་མ་ཤེས་ནས་མི་ཉག་སྐད་དུ་ལྗང་གུ་ལ་ངྷ་དྷུ་ཞེས་ཟེར་བས། ཁོས་ལྷ་དྷུ་ཞིག་མཇལ་ཟེར་བས་མི་དེ་ལ་དྷུ་རུ་ཐོགས། ཞེས་དང་། བར་ཁམས་འདིར་སྒོ་ཡི་རིགས་འདི་མང་ལ། ཁྱད་པར་དུ་དྷུ་ཆའི་རྒྱུད་འདིར་སྒོ་དྷུ་རུའི་རིགས་འདི་ཤིན་ཏུ་མང་ཕྱིར། ཞེས་དྷུ་རུ་དང་། སྒོ། བི་ཇི་རྣམས་རུས་རྒྱུད་གཅིག་པ་དང་། གཞན་ཡང་བེ་ཆེ་དང་། བན་ཆེ་ཟེར་བའང་རུས་བི་ཇི་ཡིན་ཞེས་དིའུ་དམར་བས་གསུང་དུ་གསལ་ལོ། །

3 ལྷ་རྗེ་ཀུན་དགའ་ཉི་མ་བི་ཇིའི་གདུང་རྒྱུད་དུ་གྲུབ་ཚུལ།

སྤྱི་ལོ་དུས་རབས་བཅུ་དགུ་བར་མགོ་ལོག་ཨ་སྐྱོང་གོང་མའི་ནང་དུ་རོང་ཚ་གེ་འཕེན་དམར་ལེབ་ཀྱི་རྣམ་སྤྲུལ་བླ་མ་རོང་ཚའམ་ཐང་བའི་དགའ་རབ་ཅེས་པ་སྔོན་གནས་རྗེས་དྲན་མཁན་ཏེ། གླིང་དུས་ཀྱི་ཡུལ་མཁར་ས་ཆ་ངོས་འཛིན་དང་གཡུལ་འགྱེད་སྐབས་ཀྱི་གནས་ཚུལ་ཇི་བཞིན་བཤད་པའི་གཏེར་སྒྲུང་མཁན་ཀུན་གྱིས་ཚད་མར་འཛིན་པ་ཞིག་ཡོད་པ་དེས་སྒྲུང་ཡིག་ན་ང་དུ་འཁོད་པའི་ཚིག་ཇི་བཞིན་མ་ངེས་ཀྱང་། དོན་ལ་རྨ་རྒྱལ་སྦོམ་རའི་ལྷོ་ཕྱོགས་སྨན་ལུང་ཕྱུག་མོ་ནས། དྷུ་གནས་དང་དྷུ་ལུང་དྷུ་ཁོག་རྣམས་གླིང་ལྷ་རྗེ་ཀུན་དགའི་ཕ་ས་ཡིན་ཞིང་འདི་ཕྱོགས་སུ་རིན་ཆེན་སྣ་ལྔ་དང་རྡོ་རྒྱལ་བཞི། སྨན་ཆུ་རིགས་ལྔ་སོགས་ཡོད་ཅེས་གསུངས། སྨན་ལུང་ཕྱུག་མོ་ཟེར་བ་ཞིག་ད་ལྟ་མི་གསལ་ཡང་རྨ་རྒྱལ་གྱི་ལྷོ་ཕྱོགས་མཚལ་སྣག་ཁ་མདོ་ནས་གཡས་བསྐོར་དུ་འགྲོ་ཚེ་སྨན་བླའི་གནས་ཡིན་ཞེས་པའི་རི་རྒྱུད་དང་། ཆུ་གཞུང་དུ་ནད་རིགས་ཀུན་ལ་ཕན་པའི་སྨན་ཆུ་མང་པོ་རང་བྱུང་ཡོད་པ་དང་། གྲིབ་རིགས་ཀུན་ལ་ཕན་པའི་སྨན་ཆུ་མང་པོ་རང་བྱུང་ཡོད་པ་དང་། གྲིབ་རིགས་ཀུན་སེལ་གྱི་སྨན་ཆུ་ཡོད་པ། སྒོ་མོའི་ན་གཞུང་དུ་རང་བྱུང་སྨན་ཆུ་མང་པོ་ཡོད་པ། དྷུ་གནས་ལུང་བར་རིན་པོ་ཆེའི་གཏེར་ཁ་ཡོད་པ། རྡོ་སྦལ་རྒྱབ་མདུང་རྩེ་རྡོ་རྒྱུས་མཐིང་རྒྱུས་སོགས་རྡོ་སྨན་མང་པོ་ཡོད། གནས་འདིར་སྔོན་ཆད་མགོ་ལོག་རྡོ་སྨན་པ་ཞེས་པ་ཤར་སྐལ་ལྡན་རྒྱ་མཚོར་གསོལ་སྨན་དྲང་མཁན་གྱི་རྡོ་སྦྱོར་དང་སྔོ་སྦྱོར་མན་ངག་ཟབ་མོ་ཅན་དེ་ཉིད་ཀྱིས་ཁོ་བོ་བི་ཇིའི་གདུང་རིགས་ཡིན་པས་སྟེང་ལྷ་ཡུལ་དུ་འགྲོ་ཞེས་ནམ་མཁར་འཕུར་ནས་གར་སོང་ཆ་མེད་ཅེས་རོང་བོ་དགོན་པའི་བླ་གྲྭ་རྒན་རིམ་གྱི་ངག་རྒྱུན་དུ་འདུག གཞན་ཡང་དྷུ་ཁོག་ཟེར་བའི་ས་ཆ་དང་དྷུ་གནས་རྣམས་རུས་མིང་ས་ཆ་ལ་ཐོག་པ་སྟེ། གྱི་ལུང་རུས་མཛོད་དུ། རུས་མིང་ས་ཆ་ལ་ཐོག་པས་དྷུ་ཁོག་ཟེར་བ་ཡིན་ལ། རུས་ཆེན་སྒོ་དེ་ལ་བྱེ་བྲག་ཏུ་དྷུ་ཚོ་ཆེན་བཅོ་བརྒྱད་དུ་གྱེས། ཞེས་གསུངས་སོ། དྷུ་དེ་ཡང་དེང་སང་ཡི་གེ་འགྱུར་ནས་ངྷི་གནས་ཞེས་འབྲི་བའང་ཡོད། མདོར་ན་ཡུལ་མདོ་སྨན་སྤྱི་དང་། ཁྱད་པར་དུ་རྨ་རྒྱལ་གངས་རིའི་ལྷོ་རྒྱུད། ཡུལ་མགོ་ལོག་གི་ལྗོངས་འདིར་མངའ་བདག་ཁྲི་སྲོང་གི་སྐུ་དུས་ནས་བི་ཇིའི་སྨན་རྒྱུད་དངོས་སུ་ཡོད་པ་དོན་ལ་གནས་ཤིང་གླིང་གེ་སར་གྱི་དུས་སུ་རྨ་ཡུལ་འདིར་གནས་བཅས་ཏེ་ཕྱོགས་བཞིའི་དགྲ་བཞི་བཏུལ། རྫོང་ཆེན་བཅོ་བརྒྱད་ཕབ་པ་སོགས་དྲག་པོ་དམག་གི་འཕྲིན་ལས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཚེ་གླིང་ལྷ་རྗེ་ཀུན་དགའ་ཉི་མས་འཆི་གསོ་བདུད་རྩིའི་སྨན་སྦྱིན་གྱིས་མཆོག་དམན་ཉེ་རིང་མེད་པར་དུས་མིན་འཆི་རྐྱེན་ལས་བཟློག་པའི་མཛད་རྗེས་ནམ་མཁའ་དང་མཉམ་ཞིང་དེའི་མན་ངག་གི་སློབ་རྒྱུན་ད་ལྟའང་མ་ཉམས་པར་མདོ་སྨན་ཕྱོགས་ཀུན་ཏུ་གནས་པར་ལགས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-04-22

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།