ཚད་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱིར་བཏང་ལ་ཚད་མའི་དོན་ནི་སླུ་བ་མེད་པའམ་མི་བསླུ་བ་སྟེ་རང་གིས་རྟོགས་བྱའི་དོན་དངོས་ལ་མ་འཁྲུལ་བ་དང་། དོན་དངོས་དང་མཐུན་པ་ཞིག་ལ་ཟེར་ཞིང་། དེ་གཞལ་བྱའི་གྲངས་དང་ཆེ་ཆུང་ལ་སོགས་པའི་ཚད་ལ་འཁྲུལ་བ་མེད་པ་དང་། ཡང་ན་རྒྱུ་མཚན་དང་གཏན་ཚིགས་ཡང་དག་པའི་སྒོ་ནས་འཁྲུལ་བ་མེད་པ་ཞིག་ལ་ཚད་མར་འཇོག་པ་ཡིན་ལ། བསམ་བློ་གང་ཞིག་ཚད་མ་ཡིན་མིན་དེ་བསམ་བློ་དེ་ཡང་དེས་ངོས་འཛིན་བྱས་པའི་དོན་དེ་གནས་ཚུལ་དངོས་དང་མཐུན་ཡོད་མེད་ཀྱི་སྒོ་ནས་འཇོག་པ་ཡིན། སྤྱིར་བཏང་ཚད་མ་རིག་པ་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་ཏེ་བཤད་ན་རྟོག་གེའི་རིག་པ་ལ་ཡང་གོ་ཆོག་པ་ལྟར། རྟོག་གེའི་རིག་པ་ནི་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་ལོ་མང་པོ་ཞིག་གི་སྔོན་ནས་དྲང་སྲོང་ལྷའི་བླ་མ་ཞེས་པས་སྔ་ཕྱི་མེད་པར་སྟོན་པའི་བསྟན་བཅོས་ཐོག་མར་བརྩམས་ཤིང་། དེ་མཚུངས་དྲང་སྲོང་འཇིག་རྟེན་མིག་ཅེས་པས་རྒྱུ་འབྲས་མེད་པར་སྟོན་པའི་བསྟན་བཅོས་བརྩམས། དེ་ནས་མུ་སྟེགས་པའི་སྟོན་པ་དྲང་སྲོང་སེར་སྐྱ་ཞེས་པས་ཤེས་བྱ་ཐམས་ཅད་རྣམ་གྲངས་ཉི་ཤུ་རྩ་ལྔར་འདུས་པར་སྟོན་པའི་བསྟན་བཅོས་བརྩམས། སངས་རྒྱས་ཆོས་ལུགས་རྒྱ་གར་དུ་དར་རྗེས་སངས་རྒྱས་ཤཱཀྱ་ཐུབ་པ་རང་ཉིད་ཀྱིས་གསུངས་པའི་མདོ་སྡེ་མང་པོས་ཚད་མ་གསུམ་གྱི་རྣམ་བཞག་སྐོར་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
因明或量
ཕྱི་ཡིག་གི་མིང་།
logic
1 ​གོ་དོན།

མདོ་སྡེ་པའི་ལུགས་ལྟར་ན།   གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་འདོད་ལ། སེམས་ཙམ་པས་གསར་དུ་མི་བསླུ་བའི་བག་ཆགས་བརྟེན་བྱུང་གི་རིག་པ་ཚད་མའི་མཚན་ཉིད་དང་། དབུ་མ་ཐལ་འགྱུར་བ་ལྟར་ན་མི་བསླུ་བའི་ཤེས་པ་ཙམ་ཞིག་ཚད་མའི་མཚན་ཉིད་དུ་གསུངས་ནས་བཅད་ཤེས་ཀྱང་ཚད་མར་བཞེད་དོ།།

2 དབྱེ་བ།

དབྱེ་ཚུལ་དང་པོ།

མངོན་སུམ་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་གཉིས།

དབྱེ་ཚུལ་གཉིས་པ།

ཚད་མ་ལ་སྒྲའི་རྗོད་རིགས་ཀྱི་སྒོ་ནས་དབྱེ་ན་གསུམ་སྟེ། སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་ཀྱི་ཚད་མ།   སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་ཀྱི་ཚད་མ།  སྣང་བ་ཉིད་ཀྱང་གཞན་ལས་ངེས་ཀྱི་ཚད་མར་སོང་བ་དང་།  ཡང་ན།  སྐྱེས་བུའི་ཚད་མ།   ངག་ཚད་མ།   ཤེས་པ་ཚད་མའོ། ། ཡང་ན། མངོན་སུམ།   རྗེས་དཔག   ཡིད་ཆེས་ཀྱི་ཚད་མ་སྟེ་གསུམ་མོ།།

དབྱེ་ཚུལ་གསུམ་པ།

མངོན་སུམ་ཚད་མ།   རྗེས་དཔག་ཚད་མ།   ལུང་ཚད་མ།   དཔེ་ཉེར་འཇལ་གྱི་ཚད་མ་སྟེ་བཞིའོ།། 

3 མངོན་སུམ་གྱི་ཚད་མ།

མདོ་སྡེ་བ་ལྟར་ན། རྟོག་པ་དང་བྲལ་ཞིང་གསར་དུ་མི་བསླུ་བའི་རིག་པ་མངོན་སུམ་ཚད་མའི་མཚན་ཉིད། དེ་ལ་དབྱེ་ན་བཞི་ཡོད། བྱེ་སྨྲས་བཞི་ལས་རང་རིག་མངོན་སུམ་ཁས་མི་ལེན་པས་མངོན་སུམ་གསུམ་དུ་འདོད་པ་ཡིན། འདི་ལ་ཡང་ཐལ་འགྱུར་བའི་ཐུན་མོང་མིན་པའི་བཞེད་ཚུལ་ཡོད་དེ། མངོན་སུམ་ལ་རྟོག་བྲལ་མི་དགོས་པར། རྟགས་ལ་མི་བལྟོས་པར་རང་གི་འཛིན་སྟངས་ཀྱི་གཞལ་བྱ་མངོན་སུམ་པ་ལ་མི་བསླུ་བ་ཙམ་ཞིག་མངོན་སུམ་དུ་འདོད། མངོན་སུམ་ཚད་མ་ལ་རྟོག་མེད་མངོན་སུམ་ཚད་མ་དང་རྟོག་བཅས་མངོན་སུམ་ཚད་མ་གཉིས་སུ་འདོད་པའི་དང་བོ་ནི་གཟུགས་འཛིན་དབང་བོའི་མངོན་སུམ་ལྟ་བུ་དང་། གཉིས་པ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐད་གཅིག་གཉིས་པ་དང་། སྔོ་འཛིན་དབང་མངོན་གྱིས་དྲངས་ནས་སྐྱེས་པའི་སྔོན་པོ་དོན་མཐུན་དུ་དྲན་པའི་དྲན་ཤེས་ལྟ་བུའོ།།

3_1 དབང་བོའི་མངོན་སུམ།

མདོ་སྡེ་བ་ལྟར་ན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་དབང་བོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པ་གང་ཞིག་རྟོག་པ་བྲལ་ཞིང་མ་འཁྲུལ་བའི་རིག་པ་དབང་བོའི་མངོན་སུམ་གྱི་མཚན་ཉིད། དེ་ལ་དབྱེ་ན་གཟུགས་འཛིན་དབང་མངོན་ནས་རེག་འཛིན་དབང་མངོན་བར་ལྔའོ།། བྱེ་སྨྲའི་ཐུན་མོང་མིན་པའི་འདོད་ཚུལ་ནི། མིག་ལ་རྟེན་བཅས་ཀྱི་མིག་དབང་དང་དེ་མཚུངས་ཀྱི་མིག་དབང་གཉིས་ཡོད་པ་ལས། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པས་ཀྱང་གཟུགས་མཐོང་བར་འདོད་དོ།། དེ་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་མཐོང་བ་མིན་ཏེ། རྣམ་ཤེས་ཁོ་ནས་མཐོང་ན་རྩིགས་པ་དང་མུན་པ་སོགས་ཀྱིས་བར་དུ་ཆོད་པའི་གཟུགས་ཀྱང་མཐོང་བར་ཐལ། རྣམ་ཤེས་ཐོགས་མེད་ཡིན་པའི་ཕྱིར་དང་མིག་ཡ་གཅིག་གིས་བལྟས་པ་ལས་གཉིས་ཀྱིས་བལྟས་པ་གསལ་བའི་ཕྱིར། ཇི་སྐད་དུ། གང་ཕྱིར་བར་དུ་ཆོད་པ་ཡི།། གཟུགས་ནི་མཐོང་བ་མིན་ཕྱིར་རོ།། མིག་ནི་གཉིས་ཀ་དག་གིས་ཀྱང་།། མཐོང་སྟེ་གསལ་བར་མཐོང་བའི་ཕྱིར།། ཞེས་གསུངས་སོ།། མིག་གཉིས་དང་རྣ་བ་གཉིས་སོགས་ལའང་རྣམ་ཤེས་སོ་སོ་བ་གཉིས་ཡོད་པར་འདོད་དོ།།

3_2 ཡིད་ཀྱི་མངོན་སུམ།

རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་ཡིད་དབང་ལ་བརྟེན་ནས་སྐྱེས་པ་གང་ཞིག རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་གཞན་རིག་གི་ཤེས་པ་དེ་ཡིད་མངོན་སུམ་གྱི་མཚན་ཉིད། དཔེར་ན་སྔོ་འཛིན་མིག་ཤེས་ཀྱིས་མཚུངས་པ་དེ་མ་ཐག་རྐྱེན་བྱས་པ་ལས་བྱུང་བའི་ཡིད་མངོན་དུས་མཐའི་སྐད་ཅིག་མའི་ཡུན་ཚད་སྐྱེ་བ་ལྟ་བུའོ།། དེ་ལྟ་བུའི་ཡིད་མངོན་སུམ་ནི་དབང་མངོན་གྱི་རྒྱུན་མཐར་སྐད་ཅིག་མ་གཅིག་ཁོ་ནར་སྐྱེ་བས་ན་དེ་སོ་སྐྱེ་རྣམས་ལ་ཤིན་ཏུ་ལྐོག་གྱུར་ཡིན་པར་གསུངས་སོ།།

3_3 རང་རིག་མངོན་སུམ།

ཁ་ནང་ཁོ་ནར་ཕྱོགས་ཤིང་འཛིན་པ་ཡན་གར་བར་གྱུར་བའི་རྟོག་བྲལ་མ་འཁྲུལ་བའི་རིག་པ་རང་རིག་མངོན་སུམ་གྱི་མཚན་ཉིད། མཚན་གཞི་ནི། སྔོ་སྣང་དབང་ཤེས་ལྟ་བུ་ལ། ཡུལ་གྱི་རྣམ་པ་ཤར་བའི་ཆ་དང་། མྱོང་ཙམ་གྱི་ཆ་དང་གཉིས་ཡོད་པའི་དང་བོ་གཟུང་རྣམ་དང་། གཉིས་པ་ནི་རང་རིག་མངོན་སུམ་ཡིན་ནོ།།

3_4 རྣལ་འབྱོར་མངོན་སུམ།

རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་སྐྱེས་པ་གང་ཞིག རྟོག་བྲལ་མ་འཁྲུལ་བའི་འཕགས་རྒྱུད་ཀྱི་གཞན་རིག་གི་མཁྱེན་པ་དེ་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད། མཚན་གཞི་ནི། ཕྲ་བའི་མི་རྟག་པ་མངོན་སུམ་དུ་རྟོགས་པའི་བློ་དང་། གང་ཟག་གི་བདག་མེད་ཕྲ་རགས་མངོན་སུམ་དུ་རྟོགས་པའི་བློ་ལྟ་བུའོ།།

4 རྗེས་དཔག་ཚད་མ།

རང་གི་རྟེན་རྟགས་ཡང་དག་བཀོད་པ་ལ་བརྟེན་ནས་སྐྱེས་ཤིང་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་ཞེན་རིག་དེ་རྗེས་དཔག་གི་མཚན་ཉིད། དེ་ཡང་རྟགས་མཐོང་ཞིང་འབྲེལ་བ་དྲན་པའི་རྗེས་སུ་བསྒྲུབ་བྱ་དཔོག་པས་ན་རྗེས་དཔག་ཅེས་ཟེར་རོ།།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-22

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།