འགོས་ལོ་གཞོན་ནུ་དཔལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགོས་ལོ་གཞོན་ནུ་དཔལ་ཞེས་བོད་ས་གནས་ཡོངས་དང་རྒྱ་གར་བལ་ཡུལ་བཅས་སུ་མཚན་སྙན་ཤིན་ཏུ་ཆེ་བ་ཞིག་ཡིན།ལྷོ་ཁ་འཕྱོངས་རྒྱས་ཁུལ་རྒྱས་སྨན་ལྷ་ཁང་གི་མདའ་འམ་པ་རའི་གྲོང་ནག་མེ་དགུ་ཟེར་བའི་ས་ཆར་བོད་ཀྱི་རབ་བྱུང་བདུན་པའི་ཆུ་སྦྲེལ་སྤྱི་ལོ(1392)ལོར་སྐུ་འཁྲུངས་ཤིང་།དགུང་གྲངས་དགུ་བཅུ་བ་སྤྱི་ལོ(1481)ལོར་སྐུ་གཤེགས་པའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
廓诺·雄努白
མིང་གཞན།
འགོས་ལོ་ཙཱ་བ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1392-1481)
འཁྲུངས་ཡུལ།
ལྷོ་ཁ་འཕྱོངས་རྒྱས་ཁུལ་རྒྱས་སྨན་ལྷ་ཁང་གི་མདའ་འམ་པ་རའི་གྲོང་ནག་མེ་དགུ་ཟེར་བའི་ས་ཆར་སྐུ་འཁྲུངས།
ཡབ།
འགོས་སྟོན་འབྱུང་གནས་རྡོ་རྗེ།
ཡུམ།
སྲིད་ཐར་སྐྱིད།
འཐུས་ཚབ་བརྩམས་ཆོས།
《དུས་འཁོར་རྒྱུད་འགྲེལ་ཆེན་མོ》《དེབ་ཐེར་སྔོན་པོ》
1 འཁྲུངས་རབས།

ཡབ་འགོས་སྟོན་འབྱུང་གནས་རྡོ་རྗེ་དང་ཡུམ་སྲིད་ཐར་སྐྱིད་གཉིས་ལ་སྲས་ལྔའི་ནང་གི་གསུམ་པ་ཡིན།དགུང་ལོ་དགུ་ལ་ཕེབས་སྐབས་སྤྱན་གཡས་མཁན་པོ་སངས་རྒྱས་དཔལ་བའི་དྲུང་དུ་རབ་བྱུང་མཛད།སློབ་དཔོན་ཤེས་རབ་དར་རྒྱས་ཀྱི་དྲུང་དུ་སྤྱོད་འཇུག་སོགས་གསན།དགུང་ལོ་བཅུ་གཉིས་ནས་ཉི་ཤུ་རྩ་གསུམ་གྱི་བར་དུ།རྩེད་ཐང་གི་མཁན་པོ་བསམ་བཟང་པ་ལས་ཚད་མ་རྣམ་འགྲེལ།སྟོན་པ་ཤཱཀྱ་ཐུབ་པ་ལས་ཕར་ཕྱིན་སྐོར་དང་བྱམས་ཆོས་སྡེ་ལྔ།འཕན་པོ་ཐང་སག་གི་མཁས་པ་ཡེ་ཤེས་རྒྱལ་མཚན་ལས་དབུ་མ་རིགས་ཚོགས་དྲུག་གི་སྐོར།སྐྱོར་མོ་ལུང་དུ་དགེ་བཤེས་བསྟན་འཛིན་དོན་འགྲུབ་ལས་འདུལ་བ་དང་མངོན་པ་གོང་འོག རྒྱལ་བ་ཀརྨ་བ་དེ་བཞིན་གཤེགས་པ་ལས་སེམས་བསྐྱེད་དང་ནཱ་རོ་ཆོས་དྲུག གུང་སྣང་ཆོས་རྗེ་མཛེས་པ་དཔལ་ལས་བདེ་མཆོག་གི་སྐོར་གསན།དགུང་ལོ་ཉེར་བཞི་ས་ལུག་གི་ལོ་ལ་འོན་བཀྲ་ཤིས་དོ་ཁར་རྗེ་ཙོང་ཁ་བ་མཇལ་བར་བྱོན་ཏེ་བཀའ་གདམས་ལམ་རིམ་དང་།དབུ་མ།ནཱ་རོ་ཆོས་དྲུག་བཅས་གསན།གཞན་ཡང་སྐྱང་ཆེན་པ་ཤཱཀྱ་ཤྲཱི་དང་།སྤྱན་སྔ་རིན་ཆེན་འཕེལ།ཤངས་པ་ཀུན་མཁྱེན།མཁན་ཆེན་གྲུབ་པ་ཤེས་རབ།གྲུབ་ཆེན་བསོད་ནམས་བློ་གྲོས།མཁན་ཆེན་རྒྱལ་བཟང་བ།རྔོག་གི་གདུང་རྒྱུད་ཐུབ་པ་དཔལ་བ།བཟོད་པ་བློ་གྲོས།ལྷ་བ་རིན་པོ་ཆེ་རྡོ་རྗེ་བླ་མ།དམར་སྟོན་རྒྱལ་མཚན་འོད་ཟེར་སོགས་སྐབས་དེར་བོད་དུ་ཡོངས་སུ་གྲགས་པའི་མཁས་པ་མང་བོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན།གཞན་ཡང་ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱི་བླ་མ་མང་བོ་བསྟེན་པར་མཛད་དེ།རྟ་ནག་གི་ཆོས་རྗེ་སྒྲོལ་མ་བ་དང་།རྒོད་ཕྲུག་རས་པ་གཉིས་ཀྱི་དྲུང་ནས་རྙིང་མའི་ཆོས་སྐོར་མང་བོ།རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་དྲུང་ནས་ས་སྐྱའི་ཆོས་སྐོར།རྒྱལ་བ་ཀརྨ་བ་ཞཱ་ནག་དང་ཞཱ་དམར་སྐུ་ཕྲེང་རིམ་པའི་དྲུང་ནས་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་སྐོར་སོགས་པར་གསན།རིག་གནས་སྐོར་ལ།ཤངས་པ་ཀུན་མཁྱེན་དང་།སྐྱང་ཆེན་པ་ཤཱཀྱ་ཤྲཱིའི་དྲུང་ནས་དུས་འཁོར་རྒྱུད་འགྲེལ་སྐར་རྩིས་དང་བཅས་པ།སྣམ་ཐར་ལོ་ཙཱ་བ་སངྒ་ཤྲཱིའི་དྲུང་ནས་སྒྲ་རིག་པའི་སྐོར་གསན་པ་སོགས་མདོར་ན་ཡོངས་སུ་གྲགས་པ་དང་མ་གྲགས་པའི་བླ་མ་དྲུག་ཅུ་ལྷག་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱངས་པ་མཐར་ཕྱིན་པ་མཛད་ཅིང་།སྐུ་གཞོན་ནུའི་དུས་སྐབས་ནས་སྐུ་ན་མཐོན་པོར་མ་ཕེབས་བར་ཉིན་ལྟར་ཤོག་བུ་མདའ་ཚད་མ་བཅོ་ལྔ་རེ་ཆག་མེད་བློ་འཛིན་གནང་ཐུབ་པ་དང་།ཆོས་གང་གསན་པ་དང་གཟིགས་པ་རྣམས་ཐེངས་རེ་རེ་ལ་ཁོང་དུ་ཆུད་ཐུབ་པའི་མཁྱེན་རབ་ཀྱི་རྩལ་ཆེན་པོ་ཡོད་པས།རབ་བྱུང་བདུན་པར་རྒྱ་གར་གྱི་པཎྚི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་བོད་དུ་ཕེབས་ཐེངས་དང་བོར་ལོ་ངོ་བཅུ་གཉིས་ཙམ་བཞུགས་སྐབས།འགོས་ལོ་དགུང་ལོ་ཞེ་གཉིས་པ།རབ་བྱུང་བདུན་པའི་ཆུ་གླང་སྟེ་སྤྱི་ལོ1433ལོར་ཐོག་མར་མཇལ་བ་ནས་ལོ་ལྔ་ཙམ་རིང་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཞིང་།པཎྚི་ཏས་ཆོས་ནམ་གསུངས་ན་ཡང་དེའི་སྐད་བསྒྱུར་ཐོགས་མེད་དུ་མཛད་པས་ཐུགས་མཉེས་པོ་བྱུང་སྟེ།དེང་སང་འཛམ་གླིང་ན་ཀུ་མ་རཱ་ཤྲཱི(གཞོན་ནུ་དཔལ)ལས་མཁས་པ་ངས་མ་མཐོང་ཞེས་བསྔགས་བརྗོད་ཚད་མེད་པ་མཛད།རྒྱ་གར་དང་བལ་ཡུལ་སོགས་སུ་ཕེབས་མ་མྱོང་ཡང་།བོད་ས་གནས་རང་དུ་བཞུགས་ཏེ་བོད་ཀྱི་ལོ་ཙཱ་བ་མཁས་པའི་དྲུང་དུ་སྒྲ་རིག་པ་ལ་སློབ་གཉེར་མཛད་དེ་རྒྱ་བལ་ཡོངས་སུ་གྲགས་པའི་པཎྚི་ཏ་ཆེན་པོ་དེ་ལྟ་བུའི་ཆོས་གསུངས་པའི་སྐད་བསྒྱུར་ཐོགས་མེད་དུ་མཛད་ཐུབ་པ་དེའི་ཐོག་ནས།བོད་ཡིག་ཏུ་བསྒྱུར་བའི་རྒྱ་གར་སྐད་ཀྱི་སྒྲ་རིག་པའི་གཞུང་རྣམས་དང་།དེའི་སློབ་ཁྲིད་ཀྱི་ཆུ་ཚད་ཧ་ཅང་མཐོན་པོ་ཡོད་པ་མཐོང་ཐུབ། 《དེབ་ཐེར་སྔོན་པོ》མཛད་ནས་ལོ་ངོ་བཞི་སོང་བ་རབ་བྱུང་བརྒྱད་པའི་ལྕགས་གླང་སྟེ་སྤྱི་ལོ1481ལོར་སྐུ་གཤེགས་སོ།། 

2 གསུང་རྩོམ།

གསུང་རྩོམ་ཁྱོན་པོད་བཅུ་ཙམ་ཡོད་པ་ལས་གྲགས་ཆེ་བ་ནི། 《དུས་འཁོར་རྒྱུད་འགྲེལ་ཆེན་མོ》དང《དུས་འཁོར་དཀའ་འགྲེལ》《འཕྲུལ་འཁོར་བཅུ་གཅིག་གི་ནང་དོན་རྣམ་པར་བཤད་པ》དགུང་ལོ་དོན་གསུམ་པ་ཤིང་སྤྲེལ་ལོར་བརྩམས།《རྒྱུད་བླ་མའི་འགྲེལ་བཤད་ཆེན་མོ》དགུང་ལོ་དོན་བདུན་པ་ས་བྱི་ལོར་བརྩམས།《ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བཤད》དགུང་ལོ་གྱ་བཞི་བ་མེ་སྤྲེལ་ལོའི་འགོར་བརྩམས།《དེབ་ཐེར་སྔོན་པོ》དགུང་ལོ་གྱ་བཞི་བ་རབ་བྱུང་བརྒྱད་པའི་མེ་སྤྲེལ་ལོར་བརྩམས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-30

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།