ལུག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

ལུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཕྱུགས་རིགས། )

ལུག
ལུག་ནི་སྲོག་ཆགས་ཁམས་ཀྱི་སྒལ་ཐག་སྲོག་ཆགས་སྒོ་ཡིན་པ་དང་། རྨིག་པ་ཁ་དབྲག་སྡེའི་ཁྲོད་ཀྱི་ར་མའི་ཁོངས་སམ་ལུག་ཁོངས་སུ་གཏོགས། མདོ་དབུས་མཐོ་སྒང་གི་བོད་པ་ཚོའི་འཚོ་རྟེན་ཆེས་ལེགས་ཤོས་དང་འཚོ་སྐྱོང་སླ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ཕྱི་ཡིག་གི་མིང་།
ram,sheep,goat
ལ་ཏིང་གི་སྐད།
Caprinae
ཁམས།
སྲོག་ཆགས་ཁམས།
སྒོ།
སྒལ་ཐག་སྲོག་ཆགས་སྒོ།
སྐོར།
འོ་འཐུང་སྐོར།
སྡེ།
རྨིག་པ་ཁ་དབྲག་སྡེ།
ཚན།
ནོར་ཚན།
ཁོངས།
ར་མའི་ཁོངས། ལུག་ཁོངས།
རིགས།
ལུག
ཁྱབ་ཡུལ།
རང་རྒྱལ་གྱི་མདོ་དབུས་མཐོ་སྒང་དང་ནང་སོག་རང་སྐྱོང་ལྗོངས། ཀན་སུའུ་དང་སི་ཁྲོན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས། ཧི་མ་ལ་ཡའི་རི་རྒྱུད་སོགས་ས་བབ་ཅུང་མཐོ་སར་གནས། ལྷག་པར་དུ་བོད་ཀྱི་ས་ཆ་ན་གཙོར་ཡོད།
1 ངོ་སྤྲོད།

ལུག་གི་ལྗིད་ཚད་ལ་ཕལ་ཆེར་རྒྱ་མ50-60ཡོད།  ཕོ་ལུག་མོ་ལུག་གང་ཡིན་ཡང་རྭ་ཅོ་སྐྱེས་ཡོད་མེད་གཉིས་ཀ་ཡོད། རྭ་ཅོའི་དབྱིབས་ཀྱང་སྣ་ཚོགས་ཡོད། མདོག་དཀར་ནག་སྣ་ཚོགས་ཡོད་པ་དང་། ཕལ་ཆེ་བ་དཀར་པོ་ཡིན། ལུག་བལ་འཇམ་ལ་ལུག་གི་གཤིས་ཀ་ཡང་འཇམ། དེ་བས་གཡང་མོ་ལུག་ཀྱང་ཟེར།

2 ཁྱབ་ཡུལ།

ལུག་ནི་རང་རྒྱལ་གྱི་མདོ་དབུས་མཐོ་སྒང་དང་ནང་སོག་རང་སྐྱོང་ལྗོངས། ཀན་སུའུ་དང་སི་ཁྲོན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས། ཧི་མ་ལ་ཡའི་རི་རྒྱུད་སོགས་ས་བབ་ཅུང་མཐོ་སར་གནས། ལྷག་པར་དུ་བོད་ཀྱི་ས་ཆ་ན་གཙོར་ཡོད།

3 འཚོ་གནས་ཁོར་ཡུག

ལུག་ནི་མཚོ་ངོས་མཐོ་ཚད་སྨི3500-5000བར་དང་། མཁའ་དབུགས་ཀྱི་དྲོད་གྲང་ཅུང་འཁྱག་པའི་ས་ཆ་ན་ཡོད། སྤྱིར་མདོ་དབུས་མཐོ་སྒང་དང་ཧི་མ་ལ་ཡའི་རི་རྒྱུད་སོགས་ས་བབ་ཅུང་མཐོ་སའི་ས་ཆའི་མི་རྣམས་ཀྱི་འཚོ་རྟེན་སྒོ་ཕྱུགས་ཡིན་མོད། ཡིན་ཡང་ས་དམའ་སར་ཡང་ལུག་ཡོད། རིགས་རྒྱུད་ནི་མདོ་དབུས་མཐོ་སྒང་གི་འབྲོག་ལུག་དང་མི་གཅིག དེ་མིན་ས་དམའ་སའི་ལུག་དང་ས་མཐོ་སའི་ལུག་གཉིས་ཀྱི་ཤ་ཡང་ཞིམ་འདུག་མི་གཅིག

4 སྐྱེ་འཕེལ།

སྟོན་མཇུག་དང་དགུན་ཐོག་ནི་ལུག་སྐྱེ་འཕེལ་བྱེད་པའི་དུས་ཚིགས་ཡིན་ཞིང་། ཟླ11པ་ནས་ཕྱི་ལོའི་ཟླ3པའི་ནང་ལ་ལུ་གུ་བཙའ་བ་དང་བཙའ་ཐེངས་རེར་ལུ་གུ་གཅིག་རེ་བཙའ་བ་ཡིན། མཚམས་རེར་ལུ་གུ་གཉིས་རེ་བཙའ་བའང་ཡོད། ལུ་གུ་དེ་བཙས་ནས་ཅུང་མ་འགོར་བར་ནུ་མ་ནུ་ཐུབ་པ་དང་དུས་ཚོད་འགའི་རྗེས་ཨ་མ་དང་མཉམ་དུ་འགུལ་སྤྱོད་བྱེད་ཐུབ།

5 མིང་གི་འདོགས་ཚུལ།

ལུག་གི་མིང་འདོགས་ཚུལ་ལ་ཡང་ལོ་ཚོད་ཀྱིས་མིང་འདོགས་ཚུལ་དང་ཁ་དོག་ལས་མིང་འདོགས་ཚུལ་གཉིས་སུ་དབྱེ་ཡོད།

5_1 ལོ་ཚོད་ཀྱིས་མིང་འདོགས་ཚུལ།

ཕོ་ལུག་ལོ་ཚོད་དར་ལ་བབ་པ་ལ་ཤ་བཟན་དང་། དེའི་འཕྲོར་ཐོང་བ། ཕོ་ལག་ཟེར་ཞིང་། མོ་ལུག་ལ་མ་མོ་དང་ཚེར་མོ། ལག་མོ་ཟེར་བ་ལྟ་བུ། ད་དུང་ཕོ་ལུག་དང་མོ་ལུག་གང་རུང་ལ་ལོ་ཚོད་ཀྱི་ཆ་ནས་ལུ་གུ་དང་ལག་ག སོ་གཉིས། སོ་བཞི། སོ་དྲུག་དང་ཁ་གང་ཞེས་པའི་མིང་འདོགས་སྲོལ་ཡོད་པ་འདི་ལུག་འཚོ་སྐྱོང་བྱེད་པའི་འབྲོག་ཡུལ་སྤྱིའི་ཐུན་མོང་དུ་སྤྱོད་པའི་མིང་ཞིག་ཏུ་ཆགས་ཡོད། གཞན་གཙོ་བོ་དཔྱིད་དགུན་དུ་ཕོ་མོ་མཉམ་བསྲེས་བྱས་པའི་ཁྱུ་ལ་ལུག་ཁྱུ་དང་། མ་མོ་དང་ལུ་གུ་ཕྱོགས་གཅིག་ཏུ་འཚོ་བ་ལ་མ་ཁྱུ་དང་དེའི་རྫི་བོར་མ་རྫི་ཟེར། ཡང་ཕོ་ལུག་བཟང་ཤོས་ཕྱོགས་གཅིག་ཏུ་དགར་ནས་འཚོ་བ་ལ་ཤ་ཁྱུ་དང་དེའི་རྫི་བོ་ལ་ཤར་རྫི་ཟེར།

5_2 ཁ་དོག་ལས་མིང་འདོགས་ཚུལ།

སྤྱིར་གཡང་མོ་ལུག་གི་ཁ་དོག་དཀར་པོ་ཡིན་ནའང་ལུག་མང་ཆེ་བའི་མགོའི་སྤུ་ཁ་དང་དཀར་སེར་སྨུག་ནག་QQ截图20160601125852.png.pngགང་རུང་འདྲེས་ནས་ཡོད་པས་མིང་ཡང་མི་འདྲ་བ་དུ་མ་བཏགས་ཡོད་པ་དཔེར་ན། ལུག་གི་མགོའི་སྤུ་མདོག་དཀར་པོའི་ཆ་ལ་སེར་པོའི་ཆ་ཅུང་ཙམ་ཡོད་པ་ལ་རྒྱ་རྒྱ་དང་རྭ་མེད་པ་ལ་རྒྱ་ཐོ། མགོའི་སྤུ་མདོག་དཀར་པོའི་ཆ་ལ་དམར་པོའི་ཆ་ཅུང་ཙམ་ཡོད་པ་ལ་ཁམ་ཁམ་དང་རྭ་མེད་པ་ལ་ཁམ་ཐོ་ཟེར། མགོའི་སྤུ་མདོག་ནག་པོའི་ནང་དུ་དཀར་པོའི་ཆ་ཅུང་ཙམ་ལས་མི་འདུག་པ་ལ་ཁྲ་གཞས་དང་རྭ་མེད་པ་ལ་ཁྲ་ཐོ་ཟེར། མགོའི་སྤུ་མདོག་སྔོ་ནག་ནང་དུ་སྔོ་ནག་གི་ཆ་ཅུང་ཡོད་པ་ལ་སྔོ་གཞས་དང་རྭ་མེད་པ་ལ་སྔོ་ཐོ་ཟེར་། མགོའི་སྤུ་མདོག་དཀར་ནག་གཉིས་ལ་མང་ཉུང་མེད་པ་ལ་སྨུག་གཞས་དང་རྭ་མེད་པ་ལ་སྨུག་ཐོ་ཟེར། མགོའི་སྤུ་མདོག་ཡོད་ཚད་ནག་པོ་ཡིན་པ་ལ་སྨུག་གཞས་དང་རྭ་མེད་པ་ལ་སྨུག་ཐོ་ཟེར། གོང་བཀོད་ཀྱི་མིང་དེ་དག་རེ་རེའི་མཐའ་ལ་མ་ཞིག་སྦྱར་ན་མ་མོའི་མིང་གི་རྣམ་གྲངས་ཐོན་པ་རེད། ལུག་གི་ནང་ནས་ཀྱང་རྣ་གསོས་པ་སྟེ་ལུ་གུའི་དུས་སུ་ཕྱ་བྱས་པ་ལ་ནར་སོན་ན་ཤ་བཟན་དང་ལུ་གུའི་དུས་སུ་ཕྱ་མ་བླངས་པ་ལ་ཁྲོམ་ཟེར། ཁྲོམ་ནི་ལུག་རྒྱུད་སྤེལ་བའི་ཨ་ཕ་ལྟ་བུ་ཡིན་པས་ལུ་གུའི་དུས་སུ་ལུ་གུ་བཟང་ཤོས་སམ་སྤུ་ཁ་ཡག་ཤོས་ཤིག་འདེམས་པ་རེད། ཕོ་ལུག་ཡོད་ཚད་ལ་ལུ་གུའི་དུས་སུ་ཕྱ་མ་བླངས་ན་ནར་སོན་ན་ཤ་མི་ཞིམ་ལ་འཚོ་སྐྱོང་དཀའ་བ་ཡིན། ད་དུང་ལུག་འཚོ་སྐྱོང་བྱེད་པའི་ས་བབ་ཀྱི་དྲོད་གྲང་དང་རྩྭ་ཆུའི་དགོས་དབང་ལྟར་དཔྱིད་ལུག་དང་དགུན་ལུག་གཉིས་སུ་བཀར་ཡོད་པས་དཔྱིད་ལུག་གསོ་དུས་སྟོན་ཀ་ནས་བཟུང་ཁྲོམ་ལ་དབོ་ཁེབ་རྒྱག་པ་ཞེས་འོག་ཁེབ་བརྒྱབ་ནས་ལུག་རྒྱུད་སྤེལ་དུ་མི་འཇུག་པ་དང་དཔྱིད་ལུག་གསོ་ན་དབོ་ཁེབ་རྒྱག་མི་དགོས་པར་རང་ཡན་ཏུ་བཏང་ཆོག་པ་རེད།

6 རིན་ཐང་།

གཡང་དཀར་ལུག་ནི་རྒྱུ་ཕྱིང་བལ་ལས་བཟོས་པའི་གྱོན་པ་དང་། ཕྱིང་ཞྭ། ཚར་ཞྭ། སློག་པ་དང་ཚ་རུ་སོགས་ཀྱི་ཐོན་ཁུངས་ཡིན་པ་མ་ཟད། ལུག་གི་ཤ་ཞིམ་ལ་ལྟོ་བར་འཇུ་སླ་བ། ལུག་གི་ནང་ཁྲོལ་ཧ་ཅང་ཞིམ་ལ་ལུག་ཤ་སྡུད་གསོག་བྱེད་སླ་བ་ཞིག་ཡིན། དུས་རྒྱུན་དབྱར་ལྗོངས་སུ་ཚ་བ་ཆེ་བས་ཤ་མང་པོ་ཡོད་ན་རུལ་སླ་རྐྱེན་ལུག་བཤས་ན་ཤ་ཉུང་ལ་ཞིམ་པས་གཙོ་བོ་དབྱར་ཁར་ལུག་བཤའ་བ་རེད། ལུག་གི་རུལ་མ་ནི་འབྲོག་པའི་མེ་འབུད་བྱེད་ཀྱི་འབུད་ཆ་བཟང་བོ་ཡིན་པ་མ་ཟད་གྲལ་དག་ལ་མེ་ཤུགས་ཆེ་བ་ཞིག་ཡིན། ལུག་གི་བལ་གྱིས་ཕྱིང་གདན་དང་ཕྱིང་ལྭ་བཟོ་བ། ད་དུང་མལ་གོས་བཟོ་བས་ད་ལྟའི་ཆར་ལུག་བལ་ཁོ་ན་རྒྱུ་སྤུན་བྱས་པའི་ཉལ་ཐུལ་ཤིག་ལ་སྒོར་སྟོང་ཆ་རེ་སྟེར་དགོས་ཀྱི་འདུག གང་ལྟར་ལུག་གི་ལུས་ཀྱི་གྲུབ་ཆ་ཡོངས་བཀོལ་སྤྱོད་ཀྱི་རང་བཞིན་ལྡན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-26

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།