དོན་དམ་སེམས་བསྐྱེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྫོགས་པའི་བྱང་ཆུབ་ཀྱི་དོན་དམ་པའི་གནས་ལུགས་ལ་གཉིས་སྣང་ནུབ་ཅིང་ཐེག་ཆེན་གྱི་ཤེས་རབ་ཁྱད་པར་ཅན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་རྒྱུད་ཀྱི་གཙོ་བོ་ཡིད་ཀྱི་རྣམ་རིག་དེ། དོན་དམ་སེམས་བསྐྱེད་ཀྱི་མཚན་ཉིད།
1 རྒྱས་བསྟན།       

དོན་དམ་སེམས་བསྐྱེད་ཀྱི་མཚན་གཞི་ནི། ཐེག་ཆེན་འཕགས་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡིན་ནོ།། དེ་ལྟར་ཡིན་ཀྱང་དེ་ཡིན་ན་དོན་དམ་སེམས་བསྐྱེད་ཡིན་པས་མ་ཁྱབ་སྟེ། བྱང་སེམས་འཕགས་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ན་དོན་དམ་སེམས་བསྐྱེད་ཡིན་པས་ཁྱབ་ཀྱང་། སངས་རྒྱས་འཕགས་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང༌། ཀུན་རྫོབ་སེམས་བསྐྱེད་རྣམས་དོན་དམ་སེམས་བསྐྱེད་མ་ཡིན་པའི་ཕྱིར། དོན་དམ་སེམས་བསྐྱེད་དང༌། ཀུན་རྫོབ་སེམས་བསྐྱེད་གང་རུང་ཡིན་ན། ཐེག་ཆེན་གྱི་རྟོགས་རིགས་ཡིན་པས་ཁྱབ་སྟེ། དང་པོ་དེ་ཡིན་ན། ཐེག་ཆེན་གྱི་ཤེས་རབ་ཀྱི་རྟོགས་རིགས་ཡིན་དགོས་པ་དང༌། གཉིས་པ་དེ་ཡིན་ན། ཐེག་ཆེན་གྱི་ཐབས་ཀྱི་རྟོགས་རིགས་ཡིན་དགོས་པའི་ཕྱིར། དོན་དམ་སེམས་བསྐྱེད་དེ་དམ་པ་གསུམ་དང་ལྡན་པ་ཡིན་ཏེ། ལུང་ནོད་པ་དམ་པ། སྒྲུབ་པ་དམ་པ། ཁོང་དུ་ཆུད་པ་དམ་པ་གསུམ་དང་ལྡན་པའི་ཕྱིར། དང་པོ་གྲུབ་སྟེ། བསྐལ་ཆེན་གྲངས་མེད་གཅིག་གི་བར་དུ་སངས་རྒྱས་མཉེས་པར་བྱས་ནས་གདམས་ངག་མང་དུ་ཐོས་པ་དང་ལྡན་པའི་ཕྱིར། གཉིས་པ་གྲུབ་སྟེ། བསྐལ་ཆེན་གྲངས་མེད་གཅིག་གི་བར་དུ་ཚོགས་གཉིས་བསགས་པའི་སྟོབས་ཀྱིས་ཐོབ་པའི་ཕྱིར། གསུམ་པ་གྲུབ་སྟེ། སྟོང་ཉིད་ཆུ་ལ་ཆུ་བཞག་པ་བཞིན་དུ་མངོན་སུམ་དུ་རྟོགས་པའི་ཕྱིར། རྟགས་རིམ་པ་བཞིན་གྲུབ་སྟེ། མདོ་སྡེ་རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས།། བསོད་ནམས་ཡེ་ཤེས་ཚོགས་རབ་བསགས།། ཆོས་ལ་མི་རྟོག་ཡེས་ཤེས་ནི།། སྐྱེས་ཕྱིར་དེ་ནི་དམ་པར་འདོད།། ཅེས་གསུངས་པའི་ཕྱིར། ས་མཚམས་ནི། ཐེག་ཆེན་གྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དེ། རྣམ་བཤད་ལས། དེ་ནི་མཐོང་ལམ་ཡན་ཆད་ན་ཡོད་ཀྱི།། སོ་སོའི་སྐྱེ་བོ་ལ་ནི་མེད་དོ།། ཞེས་གསུངས་པའི་ཕྱིར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-03

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།