རྒྱུགས་ལེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱུགས་ལེན།
སློབ་སྦྱོང་བྱས་ནས་དུས་ཡུན་གང་འཚམས་སོང་རྗེས་སྦྱངས་འབྲས་ཆེ་ཆུང་གི་གནས་ཚུལ་རྟོག་ཞིབ་བྱས་པ་ལ་ཟེར་ཞིང་། དེ་ལ་ནང་གསེས་ཀྱི་ཕྱེ་ན་ཚིག་རྒྱུགས་དང་། དོན་རྒྱུགས། རྩོམ་རྒྱུགས། ཡིག་རྒྱུགས་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
考试
ཕྱི་ཡིག་གི་མིང་།
Examination
1 ​ཚིག་རྒྱུགས།

བློ་ཐོག་ཏུ་བཟུང་བའི་ཚིག་རྣམས་ངག་སྐྱོར་བཏང་སྟེ་རྒྱུགས་སྤྲོད་ལེན་བྱས་པ་སྟེ། མིང་གཞན་ལ་བློ་ཚོགས་དང་། བློ་རྒྱུགས་ཀྱང་ཟེར། དེ་ཡང་སློབ་དཔོན་གྱི་དྲུང་དུ་རྒྱུགས་སྤྲོད་པ་དང་། ཚོགས་རྒྱུགས་ཞེས་གྲྭ་མང་ཡོངས་རྫོགས་ཚོགས་པའི་ཚོགས་ཆེན་ཐོག་ཏུ་རྒྱུགས་སྤྲོད་པ་སྣ་ཚོགས་ཡོད།   

1_1 ཨང་རིམ།

བློ་འཛིན་བྱས་པའི་དཔེ་ཆ་མདའ་ཚད་མ་ཤོག་གྲངས(ཤོག་བུ་མདའ་ཚད་མ་གཅིག་ལ་ངོས་གཉིས་དང་ངོས་རེར་ཡིག་ཕྲེང་བདུན་རེ། ཡིག་ཕྲེང་རེར་ཆ་སྙོམས་ཀྱི་ཡིག་འབྲུའི་གྲངས་ཚད་མང་མཐའ་ལྔ་བཅུ་ནས་ཉུང་མཐའ་ཞེ་ལྔ་ཡས་མས་ཡོད་ཅིང་། ངོས་རེར་ཡིག་ཕྲེང་བདུན་དང་ཡིག་ཕྲེང་རེར་ཡིག་འབྲུ་ཞེ་ལྔ་ཡོད་པར་ཆ་བཞག་ན་ཤོག་བུ་གཅིག་ལ་ཡིག་འབྲུ་དྲུག་བརྒྱ་སུམ་ཅུ་ཐམ་པ་ཡོད)ལྔ་བཅུ་ལོང་ན་རྒྱུགས་འཕྲོད་ཙམ་དང་། ལྔ་བཅུ་ནས་བརྒྱ་ཐམ་པ་བར་ཨང་བདུན་པ། བརྒྱ་ཐམ་པ་ནས་བརྒྱ་དང་ལྔ་བཅུའི་བར་ཨང་དྲུག་པ། བརྒྱ་དང་ལྔ་བཅུ་ནས་ཉིས་བརྒྱའི་བར་ཨང་ལྔ་བ། ཉིས་བརྒྱ་ནས་ཉིས་བརྒྱ་ལྔ་བཅུའི་བར་ཨང་བཞི་བ། ཉིས་བརྒྱ་ལྔ་བཅུ་ནས་སུམ་བརྒྱའི་བར་ཨང་གསུམ་པ། སུམ་བརྒྱ་ནས་སུམ་བརྒྱ་ལྔ་བཅུའི་བར་ནི་ཨང་གཉིས་པ། སུམ་བརྒྱ་ལྔ་བཅུ་ནས་བཞི་བརྒྱའི་བར་ཨང་དང་པོ་བཅས་སུ་བརྩི།

2 དོན་རྒྱུགས།

གཞུང་དོན་ལ་གོ་བ་བླངས་པའི་ཆུ་ཚད་མཐོ་དམན་ལྟ་བའི་ཆེད་དུ་རྒྱུགས་ལེན་པ་སྟེ། དེ་ནི་སྤོན་དཔོན་གྱིས་སློབ་མར་གནད་དོན་གྱི་དྲི་བ་བཏོན་པ་དེར་སློབ་མས་ལན་འདེབས་པའམ་ཡང་ན་གཞན་དག་གིས་དྲི་བ་བཏོན་པ་དེར་རང་རང་གིས་ལན་འདེབས་པའམ་ཡང་གཞན་དག་གིས་དྲི་བ་བཏོན་པ་དེར་རང་རང་གིས་ལན་འདེབས་སྟངས་གནད་ལ་ཁེལ་མིན་དང་། ལན་འདེབས་པ་དེ་ལ་སླར་ཡང་གཞན་གྱིས་དྲི་བ་འདོན་པ་དང་། དགག་པ་རྒྱག་པ་དེར་དགག་ལན་གནད་ལ་ཁེལ་མིན་ལྟ་བུའི་ཆེད་དུ་རྩོད་རྒྱུགས་ཏེ་བགྲོ་གླེང་གི་རྒྱུགས་སྤྲོད་ཟེར་བའི་སྲོལ་ཡང་ཡོད།

2_1 ཆེད་དོན་ཕྱིར་བསྒྲགས་བྱས་པའི་བགྲོ་གླེང་ཚོགས་འདུ།

ཕར་ཕྱིན་སྐབས་བརྒྱད་ཀྱི་སློབ་སྦྱོང་ཐོན་མཚམས་གྲྭ་ཚང་སོ་སོར་འཚོགས་པའི་རིགས་ཆུང་ཚོགས་ལངས་ནི་ལོ་རེ་ཟུར་བཀོལ་འཛིན་གྲྭའི་ནང་གི་སློབ་གཉེར་བ་མི་བཅུ་དྲུག་འདེམས་སྒྲུགས་ཀྱི་ཆེད་དོན་གཞུང་མཚན་བརྒྱད་ལ་ཁ་གཏད་གཉིས་རེ་བྱས་ཏེ་བགྲོ་གླེང་གཏོང་དགོས། བོད་ཟླ་བཞི་པའི་ཚེས་ཤར་ལ་ཆེད་དོན་བགྲོ་གླེང་གཏོང་མི་རྣམས་གྲྭ་ཚང་དགེ་བསྐོས་ཀྱིས་མིང་ཐོ་ཁ་བྱང་སྤྲད་དེ་བསྐོ་བཞག་བྱེད་ཀྱི་ཡོད་པ་དང་། བསྐོ་བཞག་ཚར་ནས་ཟླ་ཕྱེད་ཙམ་རིང་ཆེད་དོན་གཞུང་ཚན་དེར་བསྐྱར་སྦྱོང་དང་ཟབ་སྦྱོང་བྱེད་དགོས། བོད་ཟླ་བཞི་པའི་ཟླ་མཇུག་ནས་ཟླ་ལྔ་པའི་ཚེས་ཤར་བར་དུ་ཁང་ཚན་བརྒྱད་ནས་བཅུ་ཡས་མས་ཀྱི་རྭ་སྐོར་ནང་མུན་རུབ་ནས་མཚན་ཕྱེད་མ་ཟིན་བར་བགྲོ་གླེང་བྱེད་རྒྱུ་དང་། བོད་ཟླ་ལྔ་བའི་ཚེས་ཤར་ནས་དྲུག་པའི་ཚེས་ཤར་བར་དུ་གྲྭ་ཚང་ཆོས་གྲྭའི་ནང་དུ་བཀའ་རམས་འཛིན་གྲྭ་དང་། བསྡུས་གྲྭའི་འཛིན་གྲྭ་ཕུད་པའི་འཛིན་གྲྭ་ཡོངས་རྫོགས་ལ་བགྲོ་གླེང་བྱེད་པར་འགྲོ་དགོས། བོད་ཟླ་དྲུག་པའི་ཚེས་ཉི་ཤུ་ལྔ་ནས་ཉིན་བཞིའི་རིང་གྲྭ་ཚང་ཚོགས་ཁང་ནང་དུ་ཚོགས་ཐེངས་རེར་གཞུང་ཚན་གཉིས་ལ་བགྲོ་གླེང་ཆུ་ཚོད་གཅིག་ཡང་མས་གཏོང་གི་ཡོད། དབུ་མའི་སློབ་སྦྱོང་ཕལ་ཆེར་ཐོན་རྗེས་གདན་ས་ཆེན་པོ་སེ་རར་མཚོན་ན་དབྱར་གནས་རིགས་གྲྭ་ཆེན་མོ་ཟེར་བར་གྲྭ་ཚང་བྱེས་སྨད་གཉིས་ནས་གཞུང་ཆེན་མོ་ལྔར་བགྲོ་གླེང་གཏོང་མཁན་སུམ་ཅུ་རེ་འདེམས་བསྐོས་བྱས་པའི་མི་དྲུག་ཅུ་ཐམ་པས་གཞུང་ཚན་སུམ་ཅུ་ཐམ་པ་ལ་ཉིན་རེ་གཞུང་ཚན་གཉིས་ལ་སྔ་དྲོ་མི་གཉིས་དང་། ཕྱི་དྲོ་མི་གཉིས་ཀྱིས་ཉིན་བཅོ་ལྔའི་རིང་བགྲོ་གླེང་གཏོང་བའི་ཚོགས་ཆེན་འཚོགས་ཀྱི་ཡོད།

2_2 ནང་དོན་འདི་ཡིན་གསལ་བསྒྲགས་མ་བྱས་པའི་བགྲོ་གླེང་ཚོགས་འདུ།

དགེ་བཤེས་ལྷ་རམས་གཏོང་མཁན་ཚོས་སོ་སོའི་གྲྭ་ཚང་ནང་དུ་དགུན་ཆོས་ཆེན་མོ་ཉིན་བཞིའི་རིང་ཉིན་མོ་ཚོགས་ཐེངས་གསུམ་ལ་དགེ་བཤེས་ཐོབ་ཟིན་པ་རྣམས་ཀྱིས་མངོན་པ་མཛོད་དང་། འདུལ་བ་གཉིས་ཀྱི་གཞུང་ཚན་ནས་སོ་སོའི་ཐུགས་མོས་ལྟར་བགྲོ་གླེང་གཏོང་ཞིང་། དགོས་མོ་མཚན་འཁྱོངས་དང་མཚན་ཕྱེད་རེས་མོས་ཀྱིས་བཀའ་རམས་འཛིན་གྲྭ་ནས་བསྡུས་གྲྭ་བར་འཛིན་གྲྭ་ཡོངས་རྫོགས་ཀྱི་སློབ་གཉེར་བ་ཚོས་རང་རང་སོ་སོའི་སྐབས་བབས་སློབ་སྦྱོང་གི་ནང་དོན་ཐོག་བགྲོ་གླེང་གཏོང་གི་ཡོད།

2_2_1 དགེ་བཤེས་ལྷ་རམས་དམ་བཅས་དངོས་གཞི།

ལོ་རེ་ལྷ་ས་སྨོན་ལམ་ཆེན་མོའི་སྐབས་གདན་ས་གསུམ་གྱི་གྲྭ་ཚང་བདུན(འབྲས་སྤུངས་སྒོ་མང་དང་།   བློ་གསལ་གླིང་། བདེ་ཡངས། སེ་ར་བྱེས་པ་དང་། སྨད་པ། དགའ་ལྡན་ཤར་རྩེ་དང་བྱང་རྩེ་བཅས)ནས་དགེ་བཤེས་ལྷ་རམས་པ་མི་གཉིས་རེ་བསྡོམས་མི་གྲངས་བཅུ་བཞིའི་ཐོག་གྲྭ་ཚང་བདུན་རེས་འཁོར་གྱིས་འཕར་མ་མི་རེ་བཅས་མི་གྲངས་བཅོ་ལྔ། རྭ་བ་སྟོད་གྲྭ་ཚང་ནས་དགེ་བཤེས་རེ་བཅས་ཁྱོན་བསྡོམས་ལོ་ལྟར་དགེ་བཤེས་ལྷ་རམས་པ་མི་བཅུ་དྲུག་ཡོད་དེ་ཚོས་ཞོགས་པ་གསུང་ཆོས་རྭ་བར་ཆུ་ཚོད་གཉིས་གསུམ་རིང་ཚད་མ་རྣམ་འགྲེལ། ཉིན་གུང་ཁྱམས་གྲྭའི་ནང་ཆུ་ཚོད་གཉིས་ཡས་མས་བར་ཕར་ཕྱིན་དང་དབུ་མ། དགོང་མོ་ཁྱམས་གྲྭ་ཆེན་པོར་ཆུ་ཚོད་བཞི་ནས་དྲུག་པར་མཛོད་དང་འདུལ་བ་བཅས་ཀྱི་བགྲོ་གླེང་གཏོང་གི་ཡོད།

2_3 ཨང་རིམ།

གདན་ས་ཆེན་པོ་རྣམས་སུ་དགེ་བཤེས་ལྷ་རམས་པ་དང་། རྒྱུད་གྲྭ་སྟོད་སྨད་རྣམ་གཉིས་ཀྱི་དགེ་བཤེས་སྔགས་རམས་པ་བཅས་ལ་ཨང་གྲངས་རིམ་པ་བདུན་གྱི་བར་དུ་ཡོད། དེའི་ཚད་གཞི་ནི་དྲི་བ་བཏོན་པར་ལན་ཡོངས་རྫོགས་འདེབས་ཐུབ་ན་ཨང་དང་པོ།  མང་ཆེ་བ་འདེབས་ཐུབ་ན་ཨང་གཉིས་པ་དང་གསུམ་པ། ལན་ཕྱེད་ཐེབས་ལན་ཕྱེད་མ་ཐེབས་པ་རྣམས་བཞི་བ་དང་ལྔ་བ། ལན་ཕལ་ཆེ་བ་འདེབས་མ་ཐུབ་ན་དྲུག་པ་དང་བདུན་པ་བཅས་སུ་གཏན་འཁེལ་བྱ་སྲོལ་ཡོད།

3 རྩོམ་རྒྱུགས།

སྙན་ངག་དང་། སུམ་རྟགས། སྒྲ་རིག་པ། སྡེབ་སྦྱོར། སྐར་རྩིས་བཅས་སློབ་སྦྱོང་སྐབས་སློབ་སྦྱོང་གི་བྱ་རིམ་རེ་རེ་བཞིན་དུ་རྒྱུགས་བླངས་ནས་སློབ་ཚན་འོག་མ་འཁྲིད་དགོས་པ་དང་། སློབ་ཚན་ཡོངས་རྫོགས་འཁྲིད་ཚར་ནས་གཞུང་ཡོངས་རྫོགས་ཀྱི་འགོ་ནས་མཇུག་བར་ཆ་ཚང་བའི་རྩོམ་ཡིག་གསར་པ་འབྲི་དགོས་པ་དེ་ནི་སློབ་སྦྱོང་ཐོན་པའི་ཆེད་རྩོམ་གྱི་ཁོངས་སུ་གཏོགས་པ་ཡིན།

4 ཡིག་རྒྱུགས།

བོད་ཡིག་གི་ཡིག་གཟུགས་སྦྱོང་མཁན་རྣམས་ཡིག་གཟུགས་སློབ་པའི་གོ་རིམ་རེ་རེ་བཞིན་དུ་རྒྱུགས་འཕྲོད་རྗེས་གོ་རིམ་རྗེས་མ་སློབ་པ་ཡིན་ཅིང་། སློབ་གྲྭ་ཐོན་མཚམས་ཡིག་གཟུགས་ཆེ་ཆུང་ཁག་མི་འདྲ་བ་ཚང་མའི་ཡིག་ཚད་འབྲི་དགོས་པ་ཡིན།

5 བྱ་དགའི་གསོལ་རས།

ཨང་རིམ་ཡོད་པ་རྣམས་པ་ལ་བྱ་དགའི་གསོལ་རས་ཐོབ་ཅིང་། ཨང་རིམ་ནང་མ་ཚུད་པ་རྣམས་ལ་དྲན་རྟེན་དངོས་པོ་མ་སྟོང་ཙམ་ཡོད་ལ། ཚད་གཞི་མ་ལོན་པ་རྣམས་ལ་ཉེས་ཆད་ཐོབ་པ་ཡིན། ཚིག་རྒྱུགས་ཀྱི་ཨང་དང་པོར་བྱ་དགའི་གསོལ་རས་སུ་ཞྭ་མོ། ཆོས་གོས། ཁ་བཏགས་ཨ་ཤེ། དངུལ་སྲང་སུམ་ཅུ། ཨང་གསུམ་པར་གཞན་དག་གོང་མཚུངས་དང་དངུལ་སྲང་བཅོ་ལྔ། ཨང་བཞི་པར་ཁ་བཏགས་ནང་མཛོད་སྤུས་ལེགས་གཅིག་ལས་གཞན་མེད། ཨང་ལྔ་བའི་རིགས་ལ་ཁ་བཏགས་ཨ་ཤེ། ཨང་དྲུག་པའི་རིགས་ལ་ཁ་བཏགས་ཟུབ་ཕྱི། ཨང་བདུན་པའི་རིགས་ལ་ཁ་བཏགས་ཟུབ་དཀྱུས། ཤོག་གྲངས་ལྔ་བཅུ་མ་ལོན་པ་རྣམས་མིང་ཐོ་འབོད་སྐབས་ལངས་ནས་འགྲོ་རྒྱུ་ལས་བྱ་དགའ་གསོལ་རས་མེད། དགེ་བཤེས་ལྷ་རམས་པ་ཨང་དང་པོར། སྲིད་གཞུང་ནས་ཁ་བཏགས་ཨ་ཤེ། དངུལ་སྲང་སུམ་ཅུ། ཞྭ་མོ། ཆོས་གོས། བན་གཟན་སྤུས་ལེགས། ལྷམ་ཤ་གཟུགས་མ། ཇ་སྒམ་ཕྱེད་བཅས།  ཨང་བདུན་པར་རྣམ་གྲངས་གོང་ལྟར་ལ་སྤུས་ཀ་ཞན་པ་དང་། དངུལ་སྲང་ལྔ་ལས་མེད། ཨང་ཀི་མ་ལོན་པ་རྣམས་ལ་ཁ་བཏགས་ཟུབ་ཕྱི་རེའི་དྲན་རྟེན་དངོས་སྟོང་མིན་ཙམ་སྤྲོད་སྲོལ་ཡོད། དགེ་བཤེས་སྔགས་རམས་པའི་ཨང་ཀི་ཡོད་པ་རྣམས་ཁ་བཏགས་ཟུབ་ཕྱི་རེ་ལས་བྱ་དགའི་དངོས་པོ་གཞན་མེད།

6 སྒྲིག་འགལ་ཉེས་ཆད།

སློབ་གཉེར་བའི་གྲས་སུ་ཚུད་ནས་ཆོས་ཐོག་གཅིག་ཆད་པ་དང་། བློ་འཛིན་རྒྱུགས་མ་འཕྲོད་པ། དགོངས་ཞུ་མ་བྱས་པར་རང་འཚམས་ཀྱིས་གནས་གཞན་དུ་འགྲོ་བ། སློབ་གཉེར་བ་མིན་པའི་ཚོགས་པ་ནང་ཞུགས་པ་བཅས་བྱུང་ན་ཚོགས་ཁང་དང་ཆོས་གྲྭའི་གྲལ་མཇུག་ཏུ་ཕྱག་བརྒྱ་ཕྱག་ཉིན་གྲངས་འོས་འཚམས་དང་། ཡང་ན་ཆོས་གྲྭའི་རྡོ་བཅལ་གསར་པ་བརྗེ་རུ་འཇུག་པ། ཚོགས་ཆེན་ཐོག་བསླངས་ཏེ་སྐྱོན་བརྗོད་བྱེད་པ་བཅས་ཀྱི་ཉེས་ཆད་འགེལ་གྱི་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-08

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།