སྙན་ངག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སྙན་ངག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རྩོམ་རིག་གཞུང་ལུགས། )

སྙན་ངག་ནི་སྔོན་བྱུང་ལོ་རྒྱུས་གསལ་བར་དོད་པའི་མེ་ལོང་ལྟ་བུ་དང་། ཁོར་ཡུག་གཉིད་ལས་དཀྲོག་བྱེད་ཀྱི་ཅོང་སྒྲ། དགའ་བ་དང་སྐྱོ་བ་དབྱངས་བསྟར་ཆོག་པའི་མིའི་རིགས་ཀྱི་མགྲིན་ཚབ་པ། འཚོ་བའི་རང་མདངས་ཉིང་བསྡུས་ཀྱིས་མཚོན་པའི་སྒྱུ་རྩལ་ཞིག་ཡིན་ཞེས་སྡོམ་ཚིག་མང་དུ་སྣང་ངོ་།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
修辞学
ཁོངས་གཏོག།ས།
རིག་གནས་ཆུང་བ་ལྔའི་ཡ་གྱལ།
1 དར་ཚུལ།

བོད་ལ་མཚོན་ན་རྩོམ་རིག(文学)ཅེས་པ་བརྡ་ཆད་འདི་དར་ནས་ཡུན་རིང་མ་འགོར་ཡང་བརྡ་ཆད་འདིའི་འཇུག་ཡུལ་ནི་གནའ་སྔ་མོའི་དུས་ནས་ཆེས་ཆེར་དར་བའི་མི་རིགས་ཤིག་ཡིན། སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ལས། སྙག་ངག་ཅེས་པའང་སྒྲ་དོག་འཇུག་གི་དབང་དུ་བྱས་ན། རྒྱ་སྐད་ཀྱི(诗)དང་། དབྱིན་ཇིའི་སྐད་དུ་ཕོ་ཡུམ་(poem)དུ་འབོད་པའི་སྙན་ཚིག་གི་མིང་དང་། སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་སྒྱུ་རྩལ་རྩོམ་རིག་སྤྱིའི་མིང་དུ་འཇུག་ཅིང་། སྙན་ངག་མེ་ལོང་ཞེས་པའི་སྙན་ངག་ནི་སྒྲ་ཡངས་འཇུག་ཏུ་བཀྲལ་ན་གཞུང་གི་དོན་དང་ཤིན་ཏུ་འབྱོར་བར་སེམས་སོ།། ཞེས་གསུངས་སོ།། རྩོམ་རིགས་ཀྱི་ལོ་རྒྱུས་མཐའ་ཡས་པ་ཞིག་ཡོད་མོད། མདོར་དྲིལ་ན་ངག་ཐོག་སྙན་ངག་དང་ཡིག་ཐོག་སྙན་ངག གཞུང་ལུགས་སྙན་ངག་གསུམ་དུ་འདུ་ལ། དང་བོ་ནི། སྲིད་པ་ཆགས་གླུ་དང་། སྲིད་པའི་བ་ཆུང་བཤའ་གླུ། རྟ་གླུ། ལུག་གླུ། གླུ་དང་ཤགས། མཛའ་གཞས་དང་མགུར་གླུ། བོན་སྒྲུང་ལྡེའུ་གསུམ། གཏམ་དཔེ། གེ་སར་གྱི་སྒྲུང་སོགས་བོད་རིགས་མང་ཚོགས་ཀྱི་རྒྱུན་རིང་འཚོ་བའི་ཕབ་རྟ་ལས་བྱུང་ཞིང་ངག་ནས་ངག་ཏུ་བརྒྱུད་ཡོང་བ་རྣམས་སོ།། གཉིས་པ་ནི། ཐོན་མའི་ཡིག་ཕུད་དང་། ཐོན་མའི་ངལ་རྒྱལ་གྱི་གླུ། མི་ལའི་མགུར་འབུམ། ས་སྐྱའི་ལེགས་བཤད། ཇོ་བོའི་བསྟོད་པ་སུམ་ཅུ་བ་ལྟ་བུ་ཤིན་ཏུ་མང་ངོ་།། གསུམ་པ་ནི། རྒྱ་གར་ནས་བསྒྱུར་བའི་སྙན་ངག་མེ་ལོང་མ་དང་། སློན་དཔོན་དཔའ་བོའི་སྐྱེས་རབས་སོ་བཞི་བ་དང་བོད་རང་གིས་བརྩམས་པའི་སྙན་གཞུང་སོགས་ཡིན་པའོ།།           

2 མཚན་ཉིད་འཇོག་སྟངས།

སྙན་ངག་ལ་མཚན་ཉིད་འཇོག་སྟངས་བཞེད་ཚུལ་སྣ་ཚོགས་ཤིག་ཡོད་པ་དང་ཡང་འགའ་རེས་སྙན་ངག་ནི་འདིའོ་ཞེས་མཚན་ཉིད་དང་སྡོམ་ཚིག་འཇོག་ཏུ་མེད་དོ་ཞེས་ཀྱང་སྨྲ་བར་བྱེད་མོད། མི་ཕམ་སྙན་འགྲེལ་ལས། སྙན་ངག་གི་རྒྱུན་གང་ཞིག་སྒྲ་དང་དོན་གྱི་རྣམ་པ་བརྗོད་ཚུལ་མཛེས་ཤིང་ཡིད་དུ་འོང་བའི་ཁྱད་པར་གྱི་ཡོན་ཏན་དང་ལྡན་པ་དེ་ལ་སྙན་ངག་ཅེས་མངོན་པར་བརྗོད་དོ་ཞེས་དང་། ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། བརྡ་སྤྲོད་ཀྱི་གཞུང་དང་མཐུན་པར་སྦྱར་བའི་ངག་དེ་ལ་སྙན་པའི་ཉམས་དང་ལྡན་པས་ན་སྙན་ངག་ཅེས་བྱའོ།། ཞེས་དང་། སྙན་ངག་གི་རྩོམ་ཡིག་ནི་རང་ཉིད་གནས་སའི་འཚོ་བའི་ཁོར་ཡུག་གི་སྣང་ཚུལ་རྣམས་རྩོམ་པ་བོའི་བློ་ངོར་འཆར་བ་དེ་ཉིད་སྒྱུ་རྩལ་གྱི་ལམ་ནས་མཚོན་པར་བྱེད་པ་ཞིག་ཡིན། ཞེས་དང་། སྙན་ངག་གི་རང་མདངས་གསར་བ་ལས། རྗོད་བྱེད་ཉུང་ཡང་དོན་གྱིས་རབ་ཕྱུག་པ།། རྒྱན་གྱིས་མཛེས་ལ་ཉམས་ཀྱིས་སྒེག་པ་དང།། སྡེབ་སྦྱོར་ལེགས་ཤིང་སྙན་འཇེབས་ལྡན་པ་ཡི།། ཚིག་སྦྱོར་སྲོག་གིས་བཟུང་བ་སྙན་ངག་གོ། ཞེས་གསུངས་པ་ལྟར་རོ།།              

3 ལུས་དང་རྒྱན།

སྙན་ངག་གི་རྩ་བ་ལས། ལུས་ནི་རེ་ཞིག་འདོད་པ་ཡི།། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་།། ཞེས་གསུངས་པ་ལྟར། སྙན་ངག་མཁན་གྱིས་བརྗོད་པར་འདོད་པའམ་བསམ་པའི་དོན་ནི་སྙན་ངག་གི་ལུས་ཏེ་དོན་ངེས་པར་བྱས་ནས་ཚིགས་ལེགས་པར་བསྡེབས་པ་ལ་འདོད་པའི་དོན་གྱིས་རྣམ་པར་བཅད་པ་ཞེས་གསུངས་སོ།། ལུས་ནི་ཚིགས་སུ་བཅད་པ་དང་ལྷུག་པ་སྤེལ་མ་གསུམ་དུ་གསུངས་ཡོད་དོ།། རྩ་བར། སྙན་ངག་མཛེས་པར་བྱེད་པ་ཡི།། ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད།། ཞེས་གསུངས་པ་ལྟར། ཇི་ལྟར་སྐྱེས་བུའི་ལུས་ལ་དོ་ཤལ་དང་དཔུང་རྒྱན་ཤ་སོགས་མཛེས་པར་བྱེད་པ་བཞིན་དུ་སྙན་ངག་གི་ལུས་ལའང་སྦྱར་བ་ལ་སོགས་པའི་དོན་གྱི་རྒྱན་གྱིས་མཛེས་པར་བྱེད་པའི་ཕྱིར། དེ་ལྟ་བུའི་ཚིག་སྦྱོར་ནི་རྒྱན་ཞེས་བྱ་སྟེ། དེར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱན་གཉིས་ཡོད་པ་ལས། ཐུན་མོང་བའི་རྒྱན་ལ་དོན་རྒྱན་དང་། སྒྲ་རྒྱན། གབ་ཚིག་གི་རྒྱན་བཅས་གསུམ་ཡོད་དོ།།               

4 བརྩམས་ཆོས།

སྙན་ངག་གི་བརྩམས་ཆོས་མང་དུ་སྣང་མོད་འདིར་གཙོ་ཆེ་བ་འགའི་མཚན་ཞིག་བགྲང་ན། རྒྱ་གར་ནས་བསྒྱུར་བའི་སྙན་ངག་མེ་ལོང་མ་དང་། སློབ་དཔོན་དཔའ་བོའི་སྐྱེས་རབས་སོ་བཞི་བ། རྒྱལ་བོ་དགེ་དབང་གི་དཔག་བསམ་འཁྲི་ཤིང་། སློབ་དཔོན་བདེ་བྱེད་དབང་པོའི་ལྷ་ལས་ཕུལ་བྱུང་གི་བསྟོད་པ། མཐོ་བཙུན་གྲུབ་རྗེའི་ཁྱད་པར་འཕགས་བསྟོད་སོགས་རྒྱ་གར་གྱི་སྙན་ངག་གྲགས་ཅན་མང་བོ་བོད་སྐད་དུ་བསྒྱུར་ཟིན་པ་རྣམས་དང་། བོད་རང་གིས་བརྩམས་པའི་སྙན་གཞུང་ཐོག་མ་སྟེ་རིན་སྤུངས་པ་ངག་དབང་འཇིག་རྟེན་གྲགས་པའི་མི་འཇིགས་སེང་གེའི་ང་རོ། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་དབྱངས་ཅན་དགྱེས་གླུ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་དཎྜིའི་དགོངས་རྒྱན། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ། འཇུ་མི་ཕམ་པའི་དབྱངས་ཅན་དགྱེས་པའི་རོལ་མཚོ་བཅས་སྙན་གཞུང་གྲགས་ཅན་ལྔ་སོགས་དང་། རྗེའི་བསྟོད་ཆེན་བཞི། ཞང་ཞུང་བ་ཆོས་དབང་གྲགས་པའི་རྒྱལ་བོ་རཱ་མ་ཎའི་རྟོགས་བརྗོད་དང་། རྒྱལ་དབང་དྲུག་པ་ཆེན་མོའི་ཚངས་མགུར། གུང་ཐང་བསྟན་པའི་སྒྲོན་མེའི་ཆུ་ཤིང་བསྟན་བཅོས། སྒིས་སྟེང་བློ་བཟང་དཔལ་ལྡན་གྱི་ཕོ་ཉ་གཞོན་ནུ་དོན་གྲུབ། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད། བསེ་ཚང་བློ་བཟང་དཔལ་ལྡན་གྱི་ཚངས་སྲས་བཞད་སྒྲ། མཁས་དབང་ཚེ་ཏན་ཞབས་དྲུང་གི་སྙན་ངག་སྤྱི་དོན། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་སྙན་འགྲེལ་ཡང་གསལ་སྣང་མཛོད་དང་། ལྷུག་རྩོམ། སྒྲུང་རྩོམ། སྙན་རྩོམ་སོགས་རྩོམ་རིགས་ཕུལ་བྱུང་མཐའ་ཡས་པ་ཞིག་བྱུང་ངོ་།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-08

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།